ཁྲི་གཡུང་དྲུང་།
དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཅིག་པ་སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགུང་གྲངས་དོན་གཉིས་བཞེས་པའི་འཁྲུངས་སྐར་ལ་ཕུལ་བའི་མེ་ཏོག་ཚོམ་བུ།
ལྷ་ཡི་ལྷ་མཆོག་འཇམ་དབྱངས་དངོས་བྱོན་དཔལ་ལྡན་ས་སྐྱ་པཎྚི་ཏ། །
ལོ་རྒྱུས་གླེགས་བམ་བང་རིམ་མཛོད་ལ་སྐད་དུ་གྲགས་པའི་སྙན་པ་ཅན། །
སུམ་གཉིས་ས་ལ་མངའ་དབང་མཛད་པ་གང་གི་ཁྲི་འཛིན་གོང་མ་རྗེ། །
ཁྱེད་ཀྱི་འཁྲུངས་སྐར་དུས་བཟང་ཚེས་ལ་སྒོ་གསུམ་གུས་འདུད་བླ་མེད་ཞུ། །
འོད་གསལ་གཙང་མ་ལྷ་ལས་བབས་པའི་ལྷ་སྲས་གཡུ་རིང་གདུང་རྒྱུད་ཅན། །
སྲིན་པོ་སྐྱ་རེངས་ཁྲག་མེད་བྱ་བའི་རྣམ་ཤེས་དག་པའི་དབྱིངས་སུ་སྤུར། །
གསང་ཆེན་རོལ་པའི་སྦྱོར་སྒྲོལ་མཛད་པ་ལྷ་དང་སྲིན་པོ་འཁོན་པ་བྱུང་། །
འཁོན་ཞེས་བྱ་བའི་གདུང་རབས་དེ་ཡང་སྔ་མའི་བྱུང་བ་ཁྱད་དུ་འཕགས། །
ལྷ་སྲས་དཀོན་མཆོག་རྒྱལ་པོ་མཆོག་གིས་ཐུགས་བསྐྱེད་དག་པའི་སྨོན་ལམ་མཐུས། །
དབོན་པོ་རི་ཡི་གླང་ཆེན་མཁལ་གྱི་ས་དཀར་སེང་གདོང་འདྲ་བ་ལ། །
གདན་ས་དང་པོ་གསར་བསྐྲུན་མཛད་པའི་ས་ཆེན་གྲུབ་མཐའི་ཤིང་རྟ་པ། །
ས་སྐྱ་པ་ཞེས་སྲོལ་འབྱེད་མཛད་པ་ཐོག་མའི་བྱུང་ཁུངས་རྨད་དུ་བྱུང་། །
རུས་རྒྱུད་གཅིག་གི་གདུང་ལས་བལྟམས་པའི་ས་ཆེན་གོང་མ་རྣམ་པ་ལྔ། །
རིག་གནས་ཀུན་ལ་ནང་བྱན་ཆུབ་པ་འཇམ་དབྱངས་སྨྲ་སེང་རིགས་ལྔ་ཞེས། །
སྔར་བྱུང་བོད་ཀྱི་དེབ་ཐེར་ཁྲོད་ན་ཡང་དང་བསྐྱར་དུ་བྱུང་བ་ཡི། །
སྙན་པའི་གྲགས་པ་སྲིད་ན་འབར་བའི་རྣམ་པར་ཐར་པ་བླ་ན་འབར། །
བྱང་གི་ལྷ་ཁང་བརྒྱ་རྩ་བརྒྱད་དེ་འབྱུང་བའི་ཀློང་ལ་ལས་ཀྱིས་ཐིམ། །
ལྷོ་ཡི་ཕྱོགས་ལ་བདེ་བར་བཞུད་པ་རྐྱེན་ངན་གྲོགས་སུ་ཤར་བར་མཐོང་། །
ཤར་གྱི་ཐིག་ལེ་ཤར་ནས་འཛུམ་བཞིན་ཡབ་སྲས་གཟི་བྱིན་འོད་དུ་འཚེར། །
ནུབ་ཕྱོགས་བདེ་ལྡན་དག་པའི་ཞིང་ན་ལྷ་ཡི་ཚོགས་ཀྱང་སྤྲོ་བ་མཛད། །
གནམ་གྱི་བང་རིམ་མཐོན་པོའི་ཀློང་ནས་ལྷ་སྲས་མི་རུ་མཆེད་པ་གང་། །
འཁོན་གྱི་གདུང་འཛིན་ལྷད་དུ་མེད་པ་ས་ཆེན་ཁྲི་འཛིན་ཞེ་གཅིག་པ། །
གང་གི་དགུང་གྲངས་དོན་གཉིས་བཞེས་པའི་དགའ་སྟོན་མཛད་པའི་འཁྲུངས་སྐར་ལ། །
བཀྲ་ཤིས་རྟེན་འབྲེལ་ངག་གི་མཆོད་པ་མེ་ཏོག་ཚོམ་བུ་ཙམ་འདི་བཏེགས། །
ཞེས་པའང་བོད་ཀྱི་བླ་ཆེན་༸ས་ཆེན་གོང་མ་རིན་པོ་ཆེ་དགུང་གྲངས་དོན་གཉིས་བཞེས་པའི་འཁྲུངས་སྐར་ཉིན་གྲོགས་ཨ་འདུས་སྐལ་བཟང་རྒྱ་མཚོས་དྲན་སྐུལ་གནང་བ་ཙམ་ལ་བརྟེན་ནས་སྒོ་གསུམ་གུས་འདུད་བླ་ན་མེད་པ་དང་བཅས་བོན་གྱི་གདན་ས་སྨན་རིའི་གླིང་ནས་ཁྲི་གཡུང་དྲུང་དུ་འབོད་པས་ཕྱི་ལོ་༢༠༡༦ ཟླ་བ་༡༠ ཚེས་༡ ཉིན་བཏེགས་པ་དགེ་གྱུར་ཅིག
ལྷ་སྲས་མིར་མཆེད་འཁོན་གྱི་གདུང་། །
ས་སྐྱའི་༸ཁྲི་འཛིན་ཞེ་གཅིག་པ། །
དགུང་གྲངས་དོན་གཉིས་བཞེས་པ་འདི། །
དགའ་སྟོན་འཁྲུངས་སྐར་རྟེན་འབྲེལ་ཞུ། །
་
ས་སྐྱའི་༸གོང་མ་རྣམ་ལྔ་ནས། །
ད་ལྟའི་རྩ་བའི་བླ་མའི་བར། །
གདུང་སྲས་ཆད་མེད་ཁྱེད་བྱོན་ནས། །
འཁྲུངས་སྐར་དགའ་སྟོན་རྟེན་འབྲེལ་ཞུ། །
སྙན་མོ་ཞིག་འབྲི་འགི། བསྟོད་པ་དོན་མཐུན་མའམ་རང་བཞིན་བརྗོད་པ་རེད།
ངོ་སོ་བསྟོད་ཡག་པོ་བྲིས་ཤག
ཡག་པོ་བྲིས་གནང་འདུག ཐུགས་རྗེ་ཆེ།
༧དཔལ་ལྡན་ས་སྐྱ་པའི་སྐུ་ཚེ་བརྟན་པར་སྨོན།
༅༅། དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེའི། སྐྱུའི་འཁྲུངས་སྐར་དུས་བཟང་ཉི་ཤར་འདིར།
སྒོ་གསུམ་གུས་པ་ཆེནམ་པོའི་ངང་ཉིད་ནས། བཀྲིས་བདེ་ལེགས་ཞུ་བཞིན་སྐུ་ཚེ་བརྟན།
ཁྱེ་བླ་མ་ཁྱེད་འཕགས་ཅན་ཞིག་ཡིན། སྐྱེ་ཕྱི་མའང་ཐུགས་རྗེའི་འཛིན་པ་འཚལ།