རླངས་སྔགས་སྐལ་བཟང་རྡོ་རྗེ།
བདུན། ཁྱད་པར་གྱི་དམ་ཚིག
སྒྲུབ་པ་པོ་གང་ཟག་གི་ཁྱད་པར་གྱི་དམ་ཚིག་ནི། སྔགས་པ་རབ་བྱུང་ཡིན་ན་སོ་སོར་ཐར་བའི་སྡོམ་པ་ཇི་སྐད་དུ་གསུངས་པ་དེ་བཞིན་དུ་བསྲུང་པར་བྱའོ། ། སྔགས་པ་ཁྱིམ་པའི་ཁྱད་པར་གྱི་དམ་ཚིག་ནི། རབ་བྱུང་ལ་གནང་བ་ཁ་ཅིག་བསྲུང་བར་ནུས་ཀྱང་ཁྱིམ་པ་ལ་མ་གནང་བ་ཡང་ཡོད་དེ། རྟགས་དང་ཆོ་ག་ལྟ་བུ་དང་། རབ་ཏུ་བྱུང་བའི་གོས་ཁྱིམ་པས་མི་རྫི་བ་ལྟ་བུ་ནི་ཁྱད་པར་གྱི་དམ་ཚིག་སྟེ། མདོར་ན་སྤྱོད་ལམ་ཐུན་མོང་དུ་ཡང་བསྲེར་མི་གནང་བ་རྣམས་ཏེ། འདི་དག་གང་ཟག་གི་ཁྱད་པར་གྱི་དམ་ཚིག་མདོ་ཙམ་བསྟན་པའོ། ། རྟེན་གཉིས་ཀའི་ཐུན་མོང་དུ་སྒྲུབ་དགོས་པ་ནི་སྒོ་གསུམ་ཐ་མལ་པ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྡོམ་ཚུལ་ནི་གཅིག་མཚུངས་ཡིན།ཇི་ལྟར་ན། རྡོ་རྗེ་སྙིང་པོ་རྒྱན་[58]ལས། “ལས་ལས་འབྱུང་པར་བསྟན་པ་ཡི། །སྐྱེས་བ་བུད་མེད་གཟུགས་མེད་ལ། །བརྙས་པ་ཉིད་དུ་མི་བྱ་འདི། །རྡོ་རྗེ་ལུས་ཅན་དམ་ཚིག་ཡིན། །ངན་རྟོག་བཟང་རྟོག་དྲ་བ་ཡི། །སེམས་ཀྱིས་སེམས་ཅན་རྣམས་ལ་ནི། །སྣ་ཚོགས་གཏུམ་པོས་བསུན་མི་འབྱུང་། །རྡོ་རྗེ་སེམས་ལྡན་དམ་ཚིག་ཡིན། །སྲེད་པས་བསྐྱེད་རྩུབ་ཕྲ་མ་ཡི། །ཚིག་དག་རྣམ་པར་མི་སྨྲ་ཞིང་། །མཉན་ན་བདེ་བར་བྱེད་པ་འདི། །རྡོ་རྗེ་ངག་ཅན་དམ་ཚིག་ཡིན།།” ཞེས་པ་འདི་ནི་ལུས་ཐ་མལ་ཇི་ལྟར་ཡིན་རུང་ཉིན་རེའི་རྣལ་འབྱོར་གྱི་བྱ་པའི་ལས་སུ་ཁྱེར་དགོས། གོང་གི་ལུང་དྲངས་ཏེ་བསྟན་པ་དག་སྒྲ་ཙམ་དབང་བཙན་དུ་བྱས་ཏེ་འཇུག་པར་བརྩམ་ན་དམ་ཉམས་ལས་མེད་པས། ཇི་ལྟར་ན། གསང་བ་སྤྱིའི་ཆོ་གའི་སྙིང་པོ་རྒྱན་[59]ལས། “སྒྲ་ཙམ་ལ་ནི་རབ་གཞོལ་པའི། །སྔགས་པ་མནར་མེད་སོགས་འགྲོ་བས། །ང་ནི་སྔགས་པ་ཞེས་སྒྲོགས་ཤིང་། །གསང་བའི་ལམ་ལ་བརྟེན་ནས་ཀྱང་། །ཚུལ་ཁྲིམས་ཡལ་བར་དོར་མི་བྱ། །དཀར་པོའི་གོས་ལ་རབ་གནས་ཏེ། །ངོ་ཚ་རྣམ་པར་དོར་ནས་ནི། །ལོག་པར་གཡེམ་ལ་མངོན་པར་ཞེན། །ངུ་འབོད་སེམས་ཅན་དམྱལ་བར་ལྟུང་། །” ཡང་དེ་ལས། “བུད་མེད་བསྟེན་པའི་ལམ་དགའ་བས། །སྔགས་པ་ཞེས་ནི་རློམ་བྱེད་པའི། །བརྟུལ་ཞུགས་འཛིན་པའི་འཇིག་རྟེན་ན། །ངན་སྐྱུགས་ཀྱིས་ནི་གཡོགས་པ་འདྲ།།” གསུངས་པས་དམ་ལྡན་དང་དམ་ཉམས་ཀྱི་སོ་མཚམས་སྒྲུབ་པ་པོ་རང་ཉིད་ཀྱིས་ཤེས་དགོས། དམ་ཚིག་མིག་འབྲས་བཞིན་དུ་བསྲུང་དགོས་པ་གསང་སྔགས་སྤྱོད་པར་མོས་པ་ཀུན་གྱི་གནད་ཀྱི་དོན་པོ་ཡིན།
བརྒྱད། རྫོགས་པ་ཆེན་པོའི་དམ་ཚིག
རྫོགས་པ་ཆེན་པོའི་དམ་ཚིག་ནི། ལྟ་བ་བསྲུང་བྱ་བསྲུང་བྱེད་ལས་འདས་ཀྱང་རེ་ཞིག་ཐ་སྙད་ཀྱིས་ངོས་ནས་འཇོག་ན། རིན་ཆེན་སྤུངས་བའི་རྒྱུད་[60]ལས། “དེ་དུས་བསྲུང་བའི་མཚམས་འདས་པའི། །དམ་ཚིག་ལྷུན་གྲུབ་ཆེན་པོ་དང་། མེད་དང་གཅིག་བུ་ཕྱལ་བ་ཡིས། །དེ་ཡི་གྲོགས་སུ་དེ་འགྱུར་རོ། །” གསུངས་པ་ལྟར་དང་། ཀུན་བྱེད་[61]ལས། “དངོས་པོ་མེད་པས་མེད་པ་ཞེས་སུ་བཏགས། ཡུལ་ཅན་ཡེ་ཤེས་དབང་བཙན་དུ་བྱས་ཏེ་རྣམ་ཤེས་འཁྲུལ་བའི་སྣང་བ་ཐམས་ཅད་རང་བཞིན་ཡེ་ནས་མ་གྲུབ་པར་གཞི་མེད་རྩ་་བྲལ་དུ་རྟོགས་པའི་ངང་ལ་འདའ་བྱ་དང་འདའ་བྱེད་མེད་པས་ན་མེད་པའོ།། གང་ལ་ཡང་བླང་དོར་དང་འཛིན་ཞེན་མེད་པར་ཆོས་ཉིད་བྱ་བྱེད་དང་བྲལ་བའི་ངང་དུ་ཕྱལ་བར་བཞག་པ་ལས་མི་འདའ་བ་དང༌། རང་བྱུང་གི་ཡེ་ཤེས་འོད་གསལ་རོལ་བ་ཆེན་པོའི་སྣང་བ་དང་བཅས་པ་ལྷུན་གྱིས་གྲུབ་པར་རྟོགས་པའི་ངང་དང་མི་འབྲལ་བ་དང༌། ཆོས་སོ་ཅོག་རྩ་བའི་རིག་པའི་ཡེ་ཤེས་གཅིག་པུའི་ངང་ལས་འབྱུང༌། ངང་ལ་སྣང༌། ངང་དུ་གྲོལ་བ་ལས་གཞན་མེད་པར་ཐག་བཅད་པ་སྟེ་དམ་ཚིག་གི་ཆིངས་ཆེན་པོ་བཞི་ནི་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བསྟན་པ་སྟེ། ཐིག་ལེ་ཀུན་གསལ་གྱི་རྒྱུད་[62]ལས། “རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་དང་བསྲུང་བྱ་གཉིས་མེད་པས། །ཉམས་དང་མ་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་མའི་ཚིག་གི་གྲངས། །ང་མི་བསྲུང་བས་མེད་ཅེས་བྱ། །” ཞེས་དང་ སྤྱི་མདོ་[63]ལས། “བསྲུང་བྱ་བསྲུང་བྱེད་མེད་པ་ནི། །ཆོས་ཉིད་དམ་པའི་དམ་ཚིག་ཡིན། །” དེ་ལྟར་བསྲུང་བྱ་དང་བསྲུང་བྱེད་ཡེ་ནས་མེད་པའི་རང་རིག་ཡེ་ཤེས་འདའ་ཀ་ཆེན་པོའོ། ། ཀུན་གསལ་[64]ལས་། “བསྲུང་དུ་མེད་པའི་དམ་ཚིག་ལས། །འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ཤེས་གཅིག་པུ་པས། །གཅིག་པུ་ཞེས་སུ་བཏགས་པ་ཡིན།།” ཞེས་དང་། ཀུན་བྱེད་རྒྱལ་པོ་རྒྱུད་[65]ལས། “སེམས་སུ་ཀུན་གཅིག་གཅིག་པུར་བསྟན་པ་ཡིན།” ཞེས་རང་རིག་ཡེ་ཤེས་ཆེན་པོའི་ངང་དེ་ལས་གཞན་དུ་སྣང་བའི་ཡུལ་མེད་པས་གཅིག་པུའོ།། ཡང་ཀུན་བྱེད་ལས། “དངོས་པོ་མི་སྤྱོད་ཡེ་ཤེས་མ་འགགས་པས། །དེ་ལ་ཕྱལ་བ་ཞེས་སུ་བཏགས་པ་ཡིན། ། ཐིག་ལེ་ཀུན་གསལ་གྱི་རྒྱུད་[66]ལས་ཀྱང་། “འོག་མའི་དམ་ཚིག་ལས་གྲོལ་ཞིང་། །རང་གི་སྒོ་གསུམ་ཡངས་བས་ན། །ཕྱལ་བ་གཅིག་པུ་བཏགས་པ་ཡིན། །” ཞེས་འོག་མའི་ལྟ་བ་ལྟར་དབང་དཀྱིལ་བཟླས་བརྗོད་སོགས་མེད་པར་ས་ལམ་སྦྱང་བགྲོད་མི་དམིགས་པའི་གཞི་བྲལ་ཡངས་པ་ཆེན་པོའི་ངང་དུ་དབང་པོ་ཅི་མཐོང་རིག་པ་ཆོས་ཉིད་དུ་གསལ་ཞིང་། རང་སེམས་ཕྱལ་པ་སྣང་བ་བདེ་ཡངས་སུ་ཤེས་པས་ན་ཕྱལ་པའོ། ། ཀུན་གསལ་ལས། “རང་རིག་ཡེ་ཤེས་གཅིག་པུ་ལ། །བྱ་རྩོལ་མེད་པ་ཡོངས་བསྲུང་བས། །ལྷུན་གྲུབ་ཞེས་སུ་བཏགས་པ་ཡིན། ། ཞེས་དང་། ཡང་ཀུན་བྱེད་རྒྱལ་པོ་རྒྱུད[67]་ལས་ཀྱང་། “ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ཀུན། །ཡིད་ཆོས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར། །ལྷུན་གྱིས་གྲུབ་པ་ཞེས་སུ་ང་ཡི་བཤད།།” སུས་ཀྱང་མ་བྱས་ཡེ་ནས་གནས་པའི་བྱང་ཆུབ་སེམས། འཁོར་འདས་ཀྱི་ཆོས་ཀུན་གྱི་གཞི་མོ་གྲུབ་པ། གཅིག་དང་ཐ་དད་བྲལ་བའི་རང་བཞིན་དུ་ལྷུན་གྱིས་གྲུབ་པའི་སྐུ་གསུམ་མ་བཙལ་རང་ཆས་རང་ལ་ཡོད་པས། རང་བཞག་བྱར་མེད་གྱི་རྣལ་འབྱོར་ལ་བླང་དོར་བྱ་རྩོལ་མེད་པར་ལྷུན་གྱིས་གྲུབ་པས་ན་ལྷུན་གྲུབ་བོ།། དེ་བས་ན། བསྲུང་བར་བྱ་བ་དང་བྲལ་བས་མེད་པའོ། །འཛིན་པ་དང་བྲལ་པས་ཕྱལ་བའོ། །དབྱེར་མེད་པས་གཅིག་པའོ། །རྩོལ་བ་དང་བྲལ་པས་ལྷུན་གྲུབ་ཞེས་གསང་ཆེན་ཨ་ཏིའི་ལམ་འདིར་སྒོ་གསུམ་ཉེ་བར་བསྒྲུབ་པ་དག་གིས་དམ་ཚིག་གི་རྒྱན་དུ་རོལ་ལོ། ། སེང་གེ་རྩལ་རྫོགས་[68]ལས། “ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུ་ཉིད། །ཕྱལ་བ་ཉིད་ལ་ཕྱལ་བ་ཡས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེ། །དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སྣང་བའི་དོན་རྟོགས་ན། །དམ་ཚིག་རྒྱལ་པོ་ཞེས་བྱའོ། །” ཞེས་སོ།། འདི་ནི་རྫོགས་པ་ཆེན་པོའི་དམ་ཚིག་ཆེས་མདོར་བསྡུས་ཞིག་ཡིན། རྒྱས་པར་ཤེས་འདོད་ཚེ་གནས་ལུགས་མཛོད་ལ་གཟིགས་པར་ཞུ། མདོར་ན་བྱ་བའི་རྒྱུད་ནས་རྫོགས་ཆེན་བར་དུ་དམ་ཚིག་དང་ལྡན་མི་ལྡན་ལས་སྔགས་པའི་མཚན་ཉིད་འཛིན་པ་ལས་རྟགས་ཀྱིས་མ་ཡིན་ནོ། །
རྡོ་རྗེ་མཁའ་འགྲོའི་རྒྱུད་ཕྱི་མ་[69]ལས། “དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཏེ། །དམ་ཚིག་རབ་སྲུང་རབ་འགྲུབ་སྟེ། །དམ་ཚིག་ལས་ནི་སྔགས་པར་གནས། ཞེས་གསལ་བར་གསུངས་སོ། དམ་ཚིག་ཇི་ལྟར་བསྟན་པ་བཞིན་ངེས་པ་དག་ནི། གསང་སྙིང་སྒྱུ་འཕྲུལ་དྲ་བ་[70]ལས། བླ་མེད་མཆོག་གི་སྡོམ་པ་རུ། །འདུལ་བའི་དབང་གི་ཚུལ་ཁྲིམས་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ཀུན། །མ་ལུས་ཀུན་འདུས་རྣམ་པར་དག །” ཞེས་སྡོམ་པ་གསུམ་ལྡན་གྱི་རྣལ་འབྱོར་བ་ངེས་སོ། ། དེ་ལྟ་བུའི་གསང་སྔགས་རྣལ་འབྱོར་བ་དག་ནི་འདི་ལས་གཞན་དུ་མི་འོས་སོ། ། རྣམ་སྣང་མདོ་སྡེ་དབང་པོ་[71]་ལས། “རྒྱུད་རྣམས་ཀུན་ལ་ཞུགས་པ་དང་། །དཀྱིལ་འཁོར་ཀུན་ལ་དབང་བ་ཡིན། །སྔགས་འཆང་དེ་ནི་ང་དང་འདྲ། །དམ་ཚིག་ཅན་ནི་གཞན་མི་བྱ། །” ཞེས་དམ་ཚིག་དང་ལྡན་པ་ཁོ་ན་ལས་གཞན་གྱིས་བྱ་མི་རུང་པར་གསུངས་སོ། །
༼ལུང་སྦྱོར་དང་དཔེ་ཁུངས༽
བློ་དཀར་བ་ཀུན་དགའ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དབེན་གནས་དམ་པར་བསྒྱུར།
[58] དཔལ་རྡོ་རྗེ་སྙིང་པོ་རྒྱུད། ལེའུ་༡༦་བཞུགས། རྒྱུད་འབུམ། པོད་(༨༨-ཅ) ཤོག་གྲངས་(༣༢༦-ས) ༼རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུབ་ཏ་དང་། ལོ་ཙྪ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར།
[59] གསང་བ་སྤྱིའི་ཆོ་ག་སྙིང་པོའི་རྒྱན།་ལེའུ་༥་བཞུགས། བསྟན་འགྱུར། པོད(༥༣-ཟི) ཤོག་གྲངས་(༤༧༠-ས) ཡང་དེ་ལས(༤༧༡-ཉ)༼སློབ་དཔོན་འཇམ་དཔལ་གྲཊ་པས་མཛད། བལ་བོ་མཁན་པོ་ཀ་ན་ཀ་ཤྲཱི་དང་། ལོ་ཙྪ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར། སླད་ཀྱི་རྒྱ་གར་གྱི་པཎྜི་ཏ་ཧ་སྱ་བཛྲ་དང་། ལོ་ཙྪ་བ་དགེ་སློང་ཉི་མ་རྡོ་རྗེས་བསྒྱུར་ཅིང་ཞུས།
[60] རིན་ཆེན་སྤུངས་བའི་རྒྱུད། ཤཱོ་ལོ་ཀ་འདི་རྫོགས་ཆེན་དགོངས་པ་ཟང་ཐལ་ནང་ལུང་འདྲེན་་བྱས་པ་ལས་འདིར་དྲངས་བ་ཡིན། རིན་ཆེན་སྤུངས་པའི་མཚན་བྱང་ཡོད་པའི་རྒྱུད་ལྔ་ཡོད་པའི་གང་གི་ནང་དུ་བཙལ་རུང་ལེ་ལོས་འཁྱེར་པའང་གང་ལྟར་ལག་སོན་མ་བྱུང་།
[61] ཀུན་བྱེད་ལས། ལེའུ ༨༤་བཞུགས། རྒྱུད་འབུམ། པོད་(༡༠༢-ཛ) ཤོག་གྲངས་(༥༣-ཉ)༼རྒྱ་གར་གྱི་མཁན་པོ་དཔལ་གྱི་སེང་གེ་མགོན་པོ་དང། ལོ་ཙྪ་བ་བཻ་རོ་ཙཱ་ནས་བསྒྱུར།
[62] ཐིག་ལེ་ཀུན་གསལ་གྱི་རྒྱུད། ལེའུ་ རྙིང་མ་རྒྱུད་འབུམ། པོད་(༡༦-) ཤོག་གྲངས(༤༡༢-ས) ༼རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་དང་། ལོ་ཙྪ་བ་བཻ་རོ་ཙཱ་ནས།
[63] སྤྱི་མདོ། ལེའུ ༧༥་བཞུགས། རྒྱུད་འབུམ། པོད་(༡༠༢-ཛ)(༢༤༦-ཉ) ༼རྒྱ་གར་གྱི་མཁན་པོ་དྷརྨ་བོ་དྷི་དང་། དཱ་ན་རཀྵི་ཏ་དང་། ལོ་ཙྪ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཡི་གེ་ལས་བསྒྱུར་ཏེ་གཏན་ལ་ཕབ།
[64] ཐིག་ལེ་ཀུན་གསལ་གྱི་རྒྱུད། ལེའུ ༩༧ བཞུཊ། རྙིང་མ་རྒྱུད་འབུམ། པོད་(༡༦-པ) ཤོག་གྲངས་(༤༡༨-ས) ༼རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་དང་། ལོ་ཙྪ་བ་བཻ་རོ་ཙཱ་ནས།
[65] ཀུན་བྱེད་རྒྱལ་པོ་རྒྱུད། ལེའུ་ ༨༤ བཞུགས། རྒྱུད་འབུམ། པོད་(-) ཤོག་གྲངས་(-) ཡང་དེ་ལས(༥༣-ཉ)༼-ཉ)༼རྒྱ་གར་གྱི་མཁན་པོ་དཔལ་གྱི་སེང་གེ་མགོན་པོ་དང། ལོ་ཙྪ་བ་བཻ་རོ་ཙཱ་ནས་བསྒྱུར།
[66] ཐིག་ལེ་ཀུན་གསལ་གྱི་རྒྱུད། ལེའུ ༩༧ བཞུགས། རྙིང་མ་རྒྱུད་འབུམ། པོད་(༡༦-པ) ཤོག་གྲངས་(༤༡༨-ས) ཡང་དེ་ལས(༤༡༨-ས)༼ལོ་པཎ་གཉིས་གོང་བཞིན།
[67] ཀུན་བྱེད་རྒྱལ་པོ་རྒྱུད། ལེའུ་ ༨༤ བཞུགས། རྒྱུད་འབུམ། པོད་(-) ཤོག་གྲངས་(-) ཡང་དེ་ལས(༥༣-ཉ)༼ ལོ་པཎ་གཉིས་གོང་བཞིན།
[68] སེང་གེ་རྩལ་རྫོགས། ལེའུ ༡༣ བཞུགས། རྙིང་མ་རྒྱུད་འབུམ། པོད་(༡༥-ན) ཤོག་གྲངས་(༦༤༥-ཉ) ༼ལོ་ཙྪ་བའི་མཚན་བྱང་མི་འདུག
[69] རྡོ་རྗེ་མཁའ་འགྲོའི་རྒྱུད། ལེའུཉ༡༤་བཞུགས། རྒྱུད་འབུམ། པོད་(༨༥-ཁ) ཤོག་གྲངས་(༣༥༨-ཉ) ༼རྒྱ་གར་གྱི་མཁན་པོ་དབང་ཕྱུག་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་གྲོམ་པ་རུ་ལག་རྒྱང་ཕུའི་ལྷ་རི་མོའི་མགུལ་གྱི་དབེན་གནས་སུ་བསྒྱུར།
[70] སྒྱུ་འཕྲུལ་དྲྭ་བ། ལེའུ ༨༠་བཞུགས། རྒྱུད་འབུམ། པོད་(༡༠༣-ཝ) ཤོག་གྲངས་(༡༢༥-ས) (བླ་མེད་མཆོག་གི་དམ་ཚིག་དུ་) ཡང་ཚིག་རྐང་གསུམ་པ་(ཇི་སྙེད་སྡོམ་པ་བསམ་ཡས་པ)ཞེས་པ་ངས་ཐོག་མའི་མ་བཤུས་དང་འདི་གཉིས་ཅུང་མ་འདྲ་བ་འདུག
[71] རྣམ་སྣང་མདོ་སྡེ་དབང་པོ། རྒྱུད་འབུམ། པོད(༩༣-ཐ)(༡༨༢-ཉ) ༼རྒྱ་གར་གྱི་མཁན་པོ་ཤྲཱི་ལེན་ཏྲ་བོ་དྷི་དང་། ལོ་ཙྪ་བ་བནྟེ་དཔལ་བརྩེཊ་ཀྱིས་བསྒྱུར།
་་་་་་་་ དམ་ལྡན་དང་དམ་ཉམས་ཀྱི་སོ་མཚམས་སྒྲུབ་པ་པོ་རང་ཉིད་ཀྱིས་ཤེས་དགོས། དམ་ཚིག་མིག་འབྲས་བཞིན་དུ་བསྲུང་དགོས་པ་གསང་སྔགས་སྤྱོད་པར་མོས་པ་ཀུན་གྱི་གནད་ཀྱི་དོན་པོ་ཡིན། ་་་་་་་་་
་་་་་་་་་ མདོར་ན་བྱ་བའི་རྒྱུད་ནས་རྫོགས་ཆེན་བར་དུ་དམ་ཚིག་དང་ལྡན་མི་ལྡན་ལས་སྔགས་པའི་མཚན་ཉིད་འཛིན་པ་ལས་རྟགས་ཀྱིས་མ་ཡིན་ནོ། ། ་་་་་་་་་་་