རྔ་བ་རྒྱལ་ཁམས་པ།
========
ཀ་ཁའི་ལས་དབང་རྩོད་པའི་གྲོགས་པོ་ཚོ།།
ཁ་ལྗོངས་བསྟན་སྲིད་འཇིག་པའི་ཚུལ་བསམས་ནས།།
ག་ལེར་མ་བསྡོད་རྡོག་རྩ་གཅིག་བསྒྲིལ་ངང་།།
ང་བདག་རྩོད་མཁས་ཞོགས་དུང་དགུ་འབུད་ཀྱིས།།
ཅ་ཅོ་ཆེ་ལྡན་གནས་ལུགས་རྒྱུ་མཚན་གྱིས།།
ཆ་རྒྱུས་ཡོད་མེད་འཛམ་གླིང་མི་མང་མདུན།།
ཇ་ཡུན་ཙམ་ཡང་མ་ལྷོད་རྒྱ་སྲིད་ཀྱི།།
ཉ་ཉོག་རྫུན་གྱི་སྲིད་ལུགས་ཐེར་འདོན་གྱིས།།
ཏྰ་ལའི་བླ་མ་སྐྱེ་རྒུར་འཁོད་པའི་ཐབས།།
ཐ་མལ་ཤི་གསོན་སེམས་གཏིང་མགུ་བའི་རྒྱུ།།
ད་ཕྲུག་དག་ཀྱང་འཚོ་ལམ་མ་ནོར་ཆེད།།
ན་མཉམ་གྲོགས་དག་བདེན་པ་དགུ་བསྡར་གྱིས།།
པ་ཊུ་ཤེས་ལྡན་སྨྲ་ལྕེ་གདུང་བས་བསྐམས།།
ཕ་རྒོད་དར་མའི་ལུས་སེམས་ནད་པར་བཟོས།།
བ་རྫུའི་རི་ཁྱིམ་བྱེ་མའི་ཁང་བུ་འདྲ།།
མ་རབས་འདི་བའི་ཇུས་ངན་རྨང་ནས་སྔོགས།།
ཙ་རིའི་གནས་ནས་རྒྱལ་མོ་དངུལ་ཆུའི་བར།།
ཚ་གྲང་དུས་བཞིའི་འགྱུར་བ་མི་འདྲ་རུང་།།
ཛ་དྲག་སྐྱིད་སྡུག་མཉམ་མྱོང་གླེང་བའི་དུས།།
ཝ་ལེར་བོད་གཅིག་ངོས་འཛིན་གསལ་བོར་གྱིས།།
ཞྭ་མདོག་དམར་སེར་རྩོད་པའི་གུ་དོག་བློ།།
ཟ་འཐུང་གོན་རྒྱུ་ཙམ་གྱིས་ཚིམས་པའི་བློ།།
འ་ཅག་འཁོས་ཀ་དམན་སྙམ་ཞུམ་པའི་བློ།།
ཡ་མེད་ང་ཚོའི་རིགས་འདི་རྒུད་པའི་རྟགས།།
ར་ལྟར་གྱོང་བའི་རང་གཤིས་མཁྲེགས་པོ་ཞིག།
ལ་རྒྱ་བདེན་དོན་རྩོད་སྐབས་མེད་མི་རུང་།།
ཤ་ཚའི་གཏམ་དང་མགོ་སྐོར་ནོར་ཉེན་ཡོད།།
སྰ་ལའི་སྨན་ལྗོངས་གླེང་བའི་གྲོགས་པོ་དག།
ཧ་ལམ་ཙམ་ཞིག་བདག་གིས་བཤད་ཡོད་དོ།།
ཨ་མཆོག་གྲོང་གྲོང་སྤྱན་ཟུང་ཧྲིག་ཧྲིག་ངང་།།
ཨ་རོགས་དག་གིས་མཆན་དང་ཆེད་རྩོམ་གྱིས།།
ཨ་ཁུ་བཀྲ་རྒྱ་ལ་སོགས་ཤེས་ལྡན་ཚོའི།།
ཨ་མ་གངས་ལྗོངས་སྐྱོབས་ཐབས་གླེང་སློང་གྱིས།།
ཧ་ཅང་བདེན་ནོ།
ཀ་ར་བཏབ་པའི་ཇ་འཐུང་བཞིན། །
ཁ་བརྡ་དྲྭ་རྒྱ་ཁ་ཕྱེ་སྟེ། །
ག་ལེར་བལྟ་ཀློག་བྱེད་པ་འདི། །
ང་ཡི་སྐྱིད་པའི་དུས་ཤིག་ཡིན། །་་་་་་་་་་ཁོ་བོ་ནི་བོད་ཀྱི་རིགས་བརྒྱུད་དུ་སྐྱེས་པའི་དེང་གི་གཞོན་ནུ་ཞིག་ཡིན་ལ། བོད་མི་རིགས་ལ་དུང་སེམས་ཡོད་པའི་ན་གཞོན་ཞིག བོད་ཡིག་ཤེས་པའི་བོད་པ་ཡིན་ལ་བོད་ཡིག་ལ་དགའ་བའི་གཞོན་ནུ་ཞིག་ཀྱང་ཡིན།
དྲྭ་བདག་ལགས། དུས་འདི་ནས་བཟུང་སྟེ་ཇི་སྲིད་བར་དུ་ཉིད་ཀྱི་དྲྭ་ཁང་འདིར་ཁོ་བོ་རང་དབང་གིས་འགྲོ་སྡོད་ཆོག་པའི་གོ་སྐབས་ཞུ། ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་འཁུར་དགོས་པ་སྨོས་མེད་ལྟར་དྲྭ་ཁྲིམས་དང་བླངས་བྱ་རྒྱུ་ཡིན།
སྐུ་ཞབས་ཞོགས་དུང་གློད་ཐབས་ཀྱི་གྲོས་གཞི།
དང་པོ། བོད་མི་གཞིས་པ་ཚོས་སྒྲུབ་དགོས་པའི་དོན་ཚན།
སྐུ་ཞབས་ཞོགས་དུང་གི་བུ་མོས་བཅར་འདྲི་བརྒྱུད་ནས་བཤད་པ་ལ་གཞིགས་ན། བོད་ནང་ན་ཁོང་གློད་ཐབས་ལ་ལས་དོན་སྒྲུབ་པ་དེ་ཕྱིར་མ་བསྒྲགས་པའམ་ཤུགས་ཆེར་བསྒྲུབས་མེད་པར་གྲགས།
དེ་འདྲ་ཡིན་པའི་དབང་དུ་བཏང་ན་བོད་མི་གཞིས་པ་ཚོས་སྒྲུབ་དགོས་པ་གཤམ་དུ།
གཅིག བོད་ནང་གི་ཤེས་ཡོན་པ་ཚོས་ཐབས་མཁས་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཁག་སྟེ། མི་དམངས་སྲིད་གཞུང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་། ཉེན་རྟོགས་ལས་ཁུངས། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཁང་། མི་དམངས་ཁྲིམས་ཁང་སོགས་ལ་ཞུ་གཏུགས་ཡེ་གེ་འབུལ་བ།
གང་ཡིན་ཞེ་ན། ཤེས་ཡོན་པའི་རྒྱ་ནག་གཞུང་ལ་སྙན་ཞུ་ཕལ་བ་དེས། མ་མཐར་ཡང་ཞོགས་དུང་ཁོང་ལ་ཤེས་ཡོན་པའི་སྡེ་ན་དོ་སྣང་ཡོད་པ་གསལ་བོར་སྟོན་ཐུབ་པ་དང་། སྟབས་ལེགས་ན་རྐྱེན་དེ་ལས་གློད་ཀྱང་སྲིད།
གཉིས།
ཁོང་གི་གཉེན་ཉེ་འབྲེལ་ཚོ་ལ་གཞིས་པ་བོད་མི་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་དང་རོགས་དངུལ་སྤྲོད་པ། ཁོང་ཚོར་སེམས་གསོ། ཁྲིམས་རྩོད་པ་ཞུ་རྒྱུར་རོགས་རམ་བྱེད་པ། ཁོང་ཚོ་དང་མཉམ་དུ་མི་སྐོར་ཁག་བྱས་ཏེ་རེ་མོས་ཀྱིས་བཀག་ཉར་ཁང་ལ་འཚམས་འདྲི་དང་། མཚོ་སྔོན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་གློད་གྲོལ་རེ་ཞུར་འགྲོ་བ།
གསུམ།
མི་མང་གིས་ཀྱང་གོང་གསལ་འབྲེལ་ཡོད་ལས་ཁུངས་དག་ལ་ཁ་པར་དང་འཕྲིན་ཡིག་བརྒྱུད་ནས་གློད་གྲོལ་རེ་འབོད་བྱེད་པ། དྲ་རྒྱ་དང་མི་ཁ་ནས་གླེང་སློང་ཤུགས་ཆེར་བྱེད་པ།
རྒྱུ་མཚན་ནི་རྒྱ་ནག་ནང་ཁུལ་གྱི་ཤེས་ཡོན་པ་སོགས་གསང་བའི་འཛིན་བཟུང་བྱས་པའི་ཚེ། མི་མང་གིས་དོ་སྣང་དང་གླེང་སློང་ཤུགས་ཆེར་བྱས་ཏེ་གློད་གྲོལ་བྱུང་བ་ཡོད་སྲིད་པས། གཞུང་དེ་ལ་མི་མང་གིས་སུན་གཙེས་གཏོང་པའི་ཐབས་འདི་རང་རེས་ཀྱང་བསྟེན་དགོས།
བཞི།
རྒྱ་རིགས་ཤེས་ཡོན་པ་དྲང་བདེན་སྐྱོང་མི་དག་ལ་འབྲེལ་བ་བྱས་ཏེ་ཁོང་ཚོར་ཞོགས་དུང་གློད་ཐབས་ལ་རོགས་རམ་ཞུ་བ་དང་། རྒྱ་ཡིག་གི་དྲ་རྒྱ་ལྟ་བུའི་འཕྲིན་ལམ་ནས་ཁོང་གི་སྐོར་གླེང་སློང་ཚད་ཇེ་ཆེར་གཏོང་བར་རེ་སྐུལ།
གཉིས་པ།
བཙན་བྱོལ་བོད་མིས་སྒྲུབ་དགོས་པའི་དོན་ཚན་ཁག་ནི།
གཅིག
ཐད་ཀར་ངོ་རྒོལ་སྐད་འབོད་མི་བྱེད་པར་བརྒྱུད་ནས་གློད་ཐབས་བྱ་བ་ལ། དཔེར་ན། རྒྱལ་ཁབ་སོ་སོའི་གཞུང་དང་གཞུང་ཚབ་ཁང་ལ་ཡིག་ཐོག་ནས་ སྐུ་ཞབས་ཞོགས་དུང་གློད་གྲོལ་ཡོང་བར་རེ་འབོད་བྱེད་པ་སྟེ། རྒྱལ་ཁབ་དེ་ཚོས་སྐུ་ཞབས་ཁོང་གློད་ཐབས་ལ་རང་གི་གཞུང་ཚབ་བརྒྱུད་ནས་རྒྱ་ནག་དབུས་དང་མཚོ་སྔོན་ས་གནས་སྲིད་གཞུང་ལ་ཁ་པར་གཏོང་བ།
གཉིས།
བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཕུད་པའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་། རྒྱ་ནག་ནག་ཏུ་ཡོད་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་སྙན་ཞུ་ཕུལ་ནས། ཚོགས་པ་དེ་ཚོས་རྒྱ་ནག་གཞུང་ལ་ཐད་ཀར་དང་རྒྱལ་ཁབ་ཁག་ན་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སོ་སོར་གློད་གྲོལ་ཆེད་དུ་ཁ་པར་དང་འཕྲིན་གཏོང་བར་རེ་སྐུལ།
གསུམ།
བདེ་འཇགས་ཀྱི་ལམ་ཁ་རྙེད་ན་བརྒྱུད་ནས་སྐུ་ཞབས་ཞོགས་དུང་གི་ནང་མིར་རོགས་དངུལ་སྤྲོད་པ།
གསུམ་པ།
བཙན་བྱོལ་བོད་མི་ཚོས་གཟབ་དགོས་པའི་དོན་ཚན་ནི། སྐུ་ཞབས་ཞོགས་དུང་གི་ནང་མིར་ཁ་པར་བརྒྱུད་ནས་འབྲེལ་བ་བྱ་སྐབས། ཁོང་ཚོའི་བདེ་འཇགས་ལ་འགན་འཁུར་དགོས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། ཨེ་ཤུ་ཡ་རང་དབང་རླུང་འཕྲིན་ཁང་། ཨ་རི་རླུང་འཕྲིན་ཁང་སོགས་ཀྱིས་ཁོང་གི་མི་ཚོར་བཅར་འདྲི་བྱས་པ་ལས་རག་པའི་གནས་ཚུལ་རྣམས་ཀུན་ཀྱི་ཐོག་མར་རང་རང་གི་གསར་འགྱུར་བརྒྱུད་ལམ་དུ་འགོད་པར བརྩོན་ལེན་གྱི་ཕྱིར་དུ་སྒྲོག་མི་རུང་། གོང་གསལ་བོད་དོན་ལ་དམིགས་ནས་བཙུགས་པའི་བརྒྱུད་ལམ་དེ་ཚོས་བོད་ནང་གི་མི་ལ་བཅར་འདྲི་སོགས་བྱས་ཏེ་གནས་ཚུལ་རག་ནའང་། ཐོག་མར་འཛམ་གླིང་ན་རྒྱུག་ཆེ་ཤོས་ཀྱི་གསར་ལམ་དུ་འགོད་ཐབས་ལ་བརྩོན་པ་དང་། དེ་ནས་ གསར་ལམ་གྲགས་ཅན་གཞན་དག་ལས་ཚུར་དྲངས་ཏེ་གསར་འགྱུར་གཉིས་པའི་ཚུལ་དུ་བསྒྲགས་ན་ལེགས། རྒྱུ་མཚན་གང་ཡིན་ཟེར་ན། སྐུ་ཞབས་ཞོགས་དུང་ལྟ་བུའི་རྒྱ་གཞུང་གི་ལས་བྱེད་ཡིན་པའི་བོད་མིའི་སྐོར་གྱི་གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཆེ་ཤོས་ཤིག་ནས་ཆེས་ཐོག་མའི་གསར་འགྱུར་དུ་འགོད་ཐུབ་ན། གཅིག་ནས་ཁྱབ་ཚད་ཆེ་བ་དང་། གཉིས་ནས་རྒྱ་ནག་གཞུང་གིས་ཀྱང་གཟུར་གནས་ཀྱི་གསར་ལམ་དག་ལས་ཐོན་པའི་གསར་འགྱུར་ལ་མཐོང་ཚུལ་མི་འདྲ་བ་འཛིན་པ་ཡིན། དེ་མིན་གསར་ལམ་ཆུང་རིགས་ནས་བསྒྲགས་ཟིན་ན་གཟུར་གནས་ཆེ་ཤོས་ཁག་གིས་གནས་ཚུལ་བསྒྲགས་ཟིན་པ་མི་འགོད་པ་དང་། བོད་དོན་ལ་དམིགས་སུ་བཙུགས་པའི་གསར་ལམ་དང་ཚོགས་པ་ཁག་གིས་བདེན་པ་བསྒྲགས་ཀྱང་། རྒྱ་ནག་གཞུང་གིས་དེ་དག་ནི་ཀྲུང་གོར་སྡང་བའི་ཚོགས་པར་བགྲངས་ནས་དགག་རྐྱང་བྱེད་པ་དང་། ད་དུང་རྒྱུ་མེད་རྣམ་རྟོག་གིས་བཀག་ཉར་དུ་ཡོད་པའི་མི་དེ་ལ་ཉེས་པ་འགེལ་བའི་རྒྱུར་ཡང་འགྲོ་སྲིད།
གཉིས། གོང་གསལ་སྒྲུབ་འོས་པ་དག་སྔོན་ལ་མ་སོང་བའི་གནས་སྐབས་དེ་ལ། བཙན་བྱོལ་བ་ཚོས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་ངོ་རྒོལ་སོགས་དངོས་བསྟན་གྱི་ལས་འགུལ་རིགས་རེ་ཞིག་མ་བྱས་ན་ལེགས། དེ་མིན་གཞིས་པ་བོད་མི་ཚོས་སྐུ་ཞབས་ཁོང་ཉེས་མེད་དུ་བསྒྲུབས་ནས་གློད་ཐབས་བྱེད་པ་ ལ་གནོད་སྲིད།
མཐར་སྐུ་ཞབས་ཞོགས་དུང་གི་ལུས་སེམས་ལ་སྡུག་བསྔལ་མེད་པར་མྱུར་དུ་གྲོལ་བའི་སྨོན་འདུན་དང་། ཁོང་གི་ནང་མི་ཚོར་སེམས་གསོའི་འཚམས་འདྲི་དང་བཅས།
ཚེ་རིང་རྡོ་རྗེ་ནས།
༢༠༡༠ལོའི་ཕྱི་ཟླ༥ཚེས༢ཉིན་བྲིས།
སྐུ་ཞབས་ཚེ་རིང་རྡོར་རྗེའི་བསམ་ཚུལ་ཕལ་ལ་འཐད་མོས་ཡོད། ཉིད་ཀྱི་དགོངས་འཆར་ཐད་འཕྲི་སྣོད་བྱེད་དགོས་ངེས་ཁ་ཤས་འདུག་ཀྱང་། ད་ལམ་དུས་ཚོད་ཀྱིས་འབྲི་ཐུབ་མ་སོང་། རྗེས་སོར་ང་རང་གི་བསམ་ཚུལ་རེ་འབྲི་རྒྱུ་ཡིན།
ཀ་ཁ་དགོས་མཁན་བོད་ཡིན་ན། །
ཁ་ཕྱོགས་ཅུང་ཙམ་མི་མཐུན་ཡང་། །
ག་ལེར་དཔྱད་པ་རེ་བྱས་ན། །
ང་ཚོར་དགོས་པ་ཁོ་ཚོ་རེད། །