རྩེཿ མུན་སེལ།
མཐའ་དབུས་སྣོད་བཅུད་ཀུན་གཞན་གྱི་དབང་ལ་ཚུད་ཅིང་།།
བྲོས་བྱོལ་ཕུ་ནུ་ཚོ་ཁ་འཐོར་ཡང་འཐོར་ཆགས་རུང་།།
ལོ་རྒྱུས་རིན་ཐང་གིས་གོ་ལའི་འཁོར་འགྲོས་ངལ་བ།།
རྒྱལ་བསྟན་དམ་ཆོས་འདི་དབུས་ན་བརྗིད་པའི་དྲིན་རེད།།
རང་རེའི་དར་མའི་ཁྲོད་ཐོས་ཆུང་བླུན་པོ་འགའ་ཞིག།
མི་རིགས་རྗེས་ལུས་ཀྱི་རྐྱེན་དེ་འདི་ཡིས་བཟོས་ཟེར།།
མཐུན་སྦྲེལ་རྩ་བ་ལ་ཆག་སྒོ་འདི་ཡིས་བསླངས་སྐད།།
ཐོག་མཐའ་བར་གསུམ་གྱི་གདོན་རྫས་འདི་རང་ཡིན་ལོ།།
སྐྱེ་ས་མཐོ་སྒང་གི་ལྷ་ལྡན་ཞིང་དུ་སྐྱེས་ཤིང་།།
འཚར་བ་དྲུག་མ་ཡི་དབྱངས་རྟའི་ཀློང་ནས་འཚར་ཀྱང་།།
ཡ་རབས་མི་ཆོས་ཀྱི་བྱིན་རླབས་རྫས་ཙམ་མ་འགོས།།
མ་བརྟགས་ཧོལ་རྒྱུག་གི་བྱ་བར་སྨྱོ་ནད་ཐེབས་འདྲ།།
རྒྱལ་སྤྱིའི་ཁོར་ཡུག་གི་གལ་ཆེའི་གནས་ཚུལ་ཕར་ཞོག།
རང་གི་མི་ཚེ་ཡི་འདུན་མ་ཙམ་ཡང་མི་འཁྱོང་།།
རེ་དོགས་སྐྱེན་མོ་དེ་བསེ་རག་ཡི་དྭགས་ཅང་མིན།།
རུ་ང་གདུག་རྩུབ་འདི་ལྷ་སྲིན་སྡེ་བརྒྱད་དཔེ་མིན།།
མིའུ་ཐུང་ཐུང་གི་སེ་གོལ་གཏོག་ལུགས་འདི་ཡིས།།
རི་རབ་ལྷུན་པོ་དེ་སྐྱོམ་ནས་ཉིལ་ཚོད་མི་འདུག།
ལྕོང་མོ་ཆུང་ཆུང་གི་གཞུག་སྒྲོ་འགུལ་སྟངས་དེ་ཡིས།།
མཐའ་ཡས་རྒྱ་མཚོ་ལ་རླབས་ཙམ་ཁོད་རན་མ་རེད།།
མཐོ་སྒང་གཅེས་ཕྲུག་ཁྱོད་ཨ་མའི་བུ་ཞིག་ཡིན་ན།།
མགོ་བོ་ནང་ཆོས་ཀྱི་བྲག་རི་ལྗིད་པོས་མནན་མེད།།
རྐང་ལག་ལྷ་སྒྲུང་གི་རྣོ་ལྕགས་དམ་པོས་བཅིངས་མེད།།
རླབས་ཆེན་མི་བུ་ཞིག་འོང་ན་འབྱུང་ཚད་ཤར་ཟིན།།
ལོག་རྟོག་རུ་སྡེ་ཚོ་ད་རང་འཛོམས་པ་མ་རེད།།
འུར་འུར་ཚང་ཚང་གིས་ལོ་རབས་ཕྲག་འགའ་འདས་ཐལ།།
འཕྲུལ་ཆས་རྫིགས་པོ་ཞིག་བཟོས་ཏེ་འཕུར་རྒྱུ་ཕར་ཟད།།
འབར་ཞུན་རྐང་གཅིག་གི་བྱས་རྗེས་མེད་པ་ཅིས་ལན།།
བོད་མི་ས་ཡ་དང་བྱེ་བའི་ཡར་ཐོན་འོས་འགན།།
བླ་རྫོད་ཁྱོད་ཚོ་ཡི་ལག་ལ་ཧྲིལ་ལེར་བབས་ཚེ།།
ཉིན་ཞག་ཕྲུགས་གཅིག་གི་བདེ་བ་ཐུན་ཙམ་ཆེད་དུ།།
ཐམས་ཅད་ནུས་མེད་དུ་གཏང་རྒྱུ་ཡིན་པ་ཁོ་ཐག།
ཤར་ནུབ་ཚན་སྨྲ་ཚོའི་རྐང་པའི་རྗེས་ཙམ་མ་ཟིན།།
གངས་ལྗོངས་ནང་བསྟན་པའི་ཁྱུ་ནས་ཤུགས་ཀྱི་བུད་ཚར།།
མི་མིན་ལྷ་མིན་གྱི་རིགས་འདི་མང་དུ་འཕེལ་བ།།
བོད་མིའི་སྤྱི་མཐུན་གྱི་བསོད་ནམས་དམན་པའི་རྟགས་ཤིག།
དམ་པའི་ཞལ་ཁྱིམ་དང་མི་མང་ཉན་བྱེད་བར་ན།།
གཟུགས་མེད་དྲྭ་འབུ་རུ་བརྫུས་ནས་སྒྲོ་སྐུར་ཆལ་ཆལ།།
མཐུན་སྦྲེལ་ལག་རྡེང་གིས་འགྲོག་པ་ཕུ་ནུའི་དབར་ལ།།
རེ་བ་ངལ་ཟད་དུ་གཏོང་བའི་དབྱེན་སྦྱོར་ཆེམས་ཆེམས།།
ཁྱོད་ཚོས་བྱས་ཟིན་དང་བྱེད་པའི་ཚུལ་གྱི་རིམ་པར།།
མཐའ་དབུས་ཟུར་བཞི་ནས་ཚད་དེ་བརྟགས་ཤིང་དཔྱོད་ཀྱིན།།
བཟོད་མེད་ལ་རྒྱ་རང་མིན་པ་གསལ་པོར་ཤེས་ཐལ།།
ཕུགས་ན་སུ་ཞིག་གི་ཚང་ཞིག་ཡོད་པ་མཐོང་བྱུང་།།
ཁྱིམ་གྱི་ཡོད་ཚད་པོ་བཅོམ་ཆག་སྐྱ་ཉིལ་བཏང་སྟེ།།
ཤོག་དམར་བསྡམས་མ་འགའ་ཐོབ་ལ་མཚར་རྒྱུ་ཅི་ཡོད།།
ཕན་ངེས་འཇོན་ངེས་ཀྱི་ལམ་ལ་དམོད་དུང་འབོད་ཀྱིན།།
མཐོན་པོའི་བདེ་ས་ཞིག་སྙེག་ལ་ཡི་རང་མི་སྐྱེ།།
ཨ་ཙི་སྐྱུག་རྫོགས་ཚོ་མཐའ་མའི་གཏམ་ལ་ཉོན་དང་།།
ཡུན་ཐུང་མི་ཚེ་འདིའི་རང་བདེ་ཕྲན་བུའི་ཆེད་དུ།།
བདེན་པ་དྲང་བཞག་གི་སྒྲུབ་ལུགས་མང་ཙམ་མཆིས་པས།།
འུ་ཐུག་ཐབས་ཟད་ཀྱི་བྱ་བ་དེ་འདྲ་མི་དགོས།།
ཐང་སྨུག་སྦྲ་རྙིང་འདི་རིན་ཆེན་གཏེར་གྱི་མཛོད་ཡིན།།
མེས་པོའི་ཤུལ་བཞག་ཀུན་སྐྱིད་དང་སྐྱིད་ཀྱི་བརྟེན་རེད།།
བྱི་དོར་རྒྱུད་འཛིན་གྱི་ལས་ལ་འཇུག་འདོད་མེད་རུང་།།
ཁ་ལག་རྐང་གསུམ་པོ་གང་སར་སྨྱོ་གཡུག་མ་བྱེད།།
མི་རིགས་གཞན་པ་ཚོས་མཐོང་ན་ཧབ་ཆ་བརྒྱབ་འོང་།།
གདེང་འཇོགས་མི་སྣ་འགས་གོ་ཚེ་ཞེན་པ་ལོག་འགྲོ།
ཤ་ཁྲག་རུས་གསུམ་གྱི་རྒྱུད་པའི་འདང་ཞིག་ཡོད་ན།།
ཕུ་བོའི་སྙིང་གཏམ་དེ་མ་བརྗེད་སེམས་ལ་ཞོག་ཨང་།།
ཞེས་པའང་རྩེཿམུན་སེལ་དུ་འབོད་པས། ཕྱི་ཟླ༡༠ ཚེས་༡༣ ཉིན་ལྕགས་པོ་རིའི་བོད་སྨན་མཐོ་རིམ་སློབ་གླིང་གི་རང་ཤག་ཏུ་གོ་སླ་བའི་གྲོང་ཚིག་ཁོ་ན་ཅི་ཐོན་གྱི་ལམ་ནས་ཤར་མར་བྲིས་སོ།།
༅༅། མུན་སེལ་གྱི་རྕོམ་བྲིས་འདི་གང་ལེགས་སུ་འདུག་པ་ཁྱེད་ལ་བཀྲིས་བདེ་ལེགས་ཞུ།
མུ་མཐུད་ནས་ལྗགས་རྩོམ་གནང་རོགས་། རང་མི་རིགས་ཀྱི་སྐད་ཡིག་དར་བར་ངེས་པར་ཕན་ནོ།
༅༅།ལྷ་ལ་བསང་གསོལ་ཡང་མི་དགོས། རི་ལ་དར་བརྩུགས་ཀྱང་མི་དགོས།
འདྲེ་ལ་གཏོར་གཏོང་ཡང་མི་དགོས། ལས་འབྲས་ཡང་དག་གཅིག་སྲུང་ན།
ཞབས་བརྟན་འདི་ག་རང་་ཡིན་ནོ།
ལོག་རྟོག་རུ་སྡེ་ལ་སྤྲིངས་པ་ཕུ་བོའི་སྙིང་གཏམ།
འདི།
ལོག་རྟོག་རུ་སྡེ་ལ་སྤྲིངས་པ་ཕུ་པོའི་སྙིང་གཏམ།
བོད་སྲོག
རྒན་པ་ལ་གུས་ཞབས།
གཞོན་པ་ལ་བྱམས་སྐྱོང་།
རང་མཉམ་ལ་མཐུན་ལམ།
མི་མངས་ལ་ལེགས་བྱང་།
ཆོས་དད།
རང་ཆོས་ལ་དད་པ།
གཞན་ཆོས་ལ་གུས་པ།
ཆོས་མེད་ལ་སློབ་གསོ།
མི་རིགས་ལ་མཐུན་འབྲེལ།
དཔལ་འབྱོར།
རང་མཁོ་ལ་གང་ཉུང་།
གཞན་མཁོ་ལ་གང་མང་།
སྤྱི་ནོར་ལ་གཅེས་སྤྲས།
འདོད་པ་ལ་ཆོག་ཤེས།
ཤེས་ཡོན།
རང་སྐད་ལ་སློབ་གསོ།
གཞན་སྐད་ལ་དོ་སྣང་།
རིག་གཞུང་ལ་དགའ་དད།
ཚན་རིག་ལ་ཡར་རྒྱས།
༅༅། འདེད་ཀྱང་ཟིན་་པ་མེད་པ་འཇིག་རྟེན་གེྱི་བདེ་བ།
བྲོས་ཀྱང་ཐར་ས་མེད་པ་འཁོར་བ་ཡི་སྡུག་བསྔལ།
བྲོས་འདོད་རླབས་ཀྱི་བརྩེན་པའི་སྒྱུ་མ་ཡི་ཁྲོད་ནས།
བཀའ་དྲིན་གཞལ་ཟླ་བྲལ་བའི་བླ་མ་ཁྱེད་དྲན་བྱུང།
གདོན་ཞུགས་ཀླད་མེད་བཟློག་ཐབས་བླུན་པོའི་སྐྱོན་གསལ་མེ་ལོང་རིན་པོ་ཆེ་ཞེས་བྱ་བ་ཞིག་བྲིས་པར་རྗེས་སུ་ཡི་རང་གྲངས་མེད་ཞུ། དེང་སང་རྒྱ་གདོན་ཁོག་ཏུ་ཞུགས་ནས་མ་རིག་པའི་དབང་གིས་མ་བྱུང་བ་ཐམས་ཅད་ཆོས་ཀྱིས་བྱས་པ་རེད་ཟེར་མཁན་ཚོར་སྙིང་རེ་རྗེ།
གངས་ཅན་ཐོག་མའི་རྗེ་བོ་རྒྱལ་རིགས་ཏེ། །
སྰ་ལ་ཆེན་པོའི་རྒྱུད་ལས་གཉའ་ཁྲི་བཙན། །
ཨེ་ཤོ་ལེགས་དང་ལྡེ་འཕྲུལ་གནམ་གཞུང་བཙན། །
ཡོངས་བཀུར་སྙེམས་མེད་ལྡེ་རྗེར་གསོལ་བ་འདེབས། །
རྫ་རོང་ཞྭ་པ་ངག་ཆོས་མཆོག་གིས།
རྣམ་དཔྱོད་ཡངས་པ་ཆེནཔོའི་སྲོག་ཤིང་ལ།
སྡེབ་སྦྱོར་སྙན་པའི་མེ་ཏོག་འཁྲུངས་འདི་ལེགས།
༅༅།མཚོ་དེ་སྐྱ་རེངས་སྔོ་རེངས། འཁྱག་པ་དར་གྱིས་གཡོགས་རུང།
སྙིང་གི་མཚོ་ཆུང་ནོར་བུ།། རླངས་པ་ཐུལ་ལེར་འཁྱིལ་ཡོད།
རྫ་རོང་ཞྭ་པ་ངག་ཆོས་མཆོག་གིས།
ས་སྤྱོད་སྒྲ་དཔུང་བཙན་དང་གངས་ལྗོངས་སུ། །
དམ་ཆོས་དབུ་བརྙེས་ཐོ་རི་གཉན་བཙན་དང་། །
ཇོ་ཤྰཀ་རྣམ་གཉིས་སྤྱན་དྲངས་ཡིག་ཁྲིམས་སོགས། །
སྲོལ་གཏོད་སྲོང་བཙན་སྒམ་པོར་གསོལ་བ་འདེབས། །
རྒན་ལགས་ཀྱི་གསུང་ལ་མངོན་པར་བསྟོད་དོ།