གཅན་རང་སྐྱེས། (བསྟན་འཇམ་གྱིས་འོས་སྦྱོར་བྱས།)
རྩོམ་ཡིག་འདིའི་ཁ་བྱང་རིག་མ་ཐག་ཏུ་བོད་མི་མང་བོ་ཞིག་གིས་ངའི་སྟེང་དུ་སྡིགས་དམོད་གཏོང་སྲིད་པ་ནི་རྩོམ་ཡིག་འདི་མ་བྲིས་སྔོན་དུ་བསམ་གཞིགས་བཏང་ཚར་ཡོད། བདག་ལ་མཛུབ་མོ་གཏོད་མཁན་དང་མཆིལ་ཞགས་འཕེན་མཁན་གྱི་མི་དེ་དག་ནི་བླང་དོར་གྱི་རྣམ་དབྱེ་ལ་རྨོངས་པའི་རྐང་བ་གཉིས་ཅན་གྱི་དུད་འགྲོའི་རིགས་སུ་གཏོགས་པའང་ཁོ་བོས་སྔ་མོ་ནས་ཧ་གོ་ཡོད།
ང་ཚོ་བོད་ལ་སྐད་ཅ་བཤད་མཁན་མང་། སྐད་ཅ་བཤད་ནས་ལྷ་བཞེངས་མཁན་ཡང་མང་བོ་ཡོད། མ་ཟད་ང་ཡང་དེའི་གྲས་ཀྱི་གཅིག་ཡིན། སྐད་ཅ་བཤད་མཁན་གྱི་ནང་ན་བློ་འབྱེད་པ་ཡོད་ལ། སེམས་ཤུགས་བསོད་མཁན་གྱི་མིའང་མང་བོ་ཡིན། ཤེས་ཡོན་པའི་སྡེ་རུ་འདོད་པའི་མི་མང་བོ་ཞིག་གིས“ང་ཚོ་སད་རན”དང“རིག་གནས་བསྐྱར་བསྐྲུན”བྱེད་དགོས་ཚུལ་གྱི་རྩོམ་ཡིག་དང་གཏམ་བརྗོད་གང་མང་སྤེལ་བཞིན་འདུག་ལ། ལོ་ཡང་མང་བོ་འགོར་སོང་། ཡིན་ནའང་། ཁོ་ཚོར་དམིགས་ཡུལ་མེད་ཀི ཁ་ཕྱོགས་མེད་ཀི ལམ་ཁ་མེད་ཀི ཁོ་ཚོས་རང་གི་ལམ་ཁ་དེ་གཞི་ནས་འཚོལ་རྒྱུ་རེད་འདུག
ཆོས་ལུགས་པ་ཚོའི་འཇོན་པ་ནི་མིའི་རིགས་ཀྱི་སེམས་ཤུགས་དང་དངོས་ཤུགས་རྩ་མེད་དུ་གཏོང་བར་འབད་པ་དེ་རེད། འདིར་བཤད་པའི་ཆོས་ལུགས་པ་ནི་ཆོས་ལུགས་ཀྱི་གདོང་འབག་གྱོན་ནས་རང་ཉིད་ཀྱི་ཁེ་གྲགས་སྒྲུབ་མཁན་གྱི་འདོད་ཧམ་ཅན་དེ་ཚོར་གོ་བ་ལས་དགོན་པ་ན་ཐོས་བསམ་སྒོམ་པའི་ལས་ཀྱི་བགྱི་བར་བརྩོན་བཞིན་པའི་སྐུ་ཕྱོགས་རྣམ་པ་དང་། དེ་དག་ཚུལ་བཞིན་སྐྱོང་བའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་ཁྱོན་ནས་བཤད་ཀི་མེད། ཁོང་རྣམ་པ་ནི་བདག་གིས་ནམ་ཡང་ཡན་ལག་ལྔའི་ཕྱག་གི་ཡུལ་ཡིན་ནོ།།
ད་བར་གྱི་བོད་མའི་གནས་བབ་འདི་ལ་བསམ་ན། ང་ནི་ཁ་ཆེ་མི་རིགས་ལ་ཡིད་སྨོན་འཆོར་གྱི་ཡོད། ངས་ནམ་རྒྱུན་ཁ་ཆེ་མི་རིགས་ལ་དོ་སྣང་བྱེད་ཀི་ཡོད། ཁ་ཆེ་མི་རིགས་ཀྱི་ཕྱོགས་ལ་དོ་སྣང་བྱུང་འགོ་ནི་ད་ནས་རྩིས་པའི་ལོ་བཅུ་དྲུག་སྔོན་ཏག་ཏག་ལ་བརྩམས་པ་ཡིན། སྤྱི་ལོ 2000 ལོའི་བོད་ཟླ 4 བའི་ཚེས 19 ཉིན་ང་རང་བོད་ཀྱི་གྲོང་ཁྱེར་ཆེན་མོ་ལྷ་ས་དང་གྱེས་ནས་སྣེ་གདོང་དང་ཟངས་རི་བརྒྱུད་དེ་རྒྱལ་ཚ་རྫོང་ཁོངས་སུ་རྐང་ཐང་གིས་འགྲུལ་བཞུད་ཐེངས་ཤིག་བྱས་པ་ཡིན། རྒྱལ་ཚ་རྫོང་ཁོངས་སུ་འབྱོར་བའི་ཉིན་མོ་ནི་ཚེས 29 ཡིན་ལ། རྫོང་ཐོག་ཏུ་སླེབས་ཉིན་ནི་བོད་ཟླ 5 ཚེས 3 ཡིན། སྐབས་དེར་ངས་རྫོང་ཐོག་གི་ཁ་ཆེ་ཟ་ཁང་གཅིག་པོ་དེ་མ་གཏོགས་ཕྱིར་ཡོང་བའི་ལམ་ཁ་རེ་རེ་ནས་ཀྱང་ཁ་ཆེ་ཟ་ཁང་ཞིག་ཁྱོན་ནས་རིག་མ་བྱུང་། (ད་བར་རྒྱལ་ཚ་རྫོང་དུ་ཁ་ཆེ་ཚོང་གཉེར་བ་མང་བོ་ཡོད་པར་བཤད། ) ཕར་འགྲོ་ཁའི་ལམ་བར་ནས་འོལ་ཁ་གྲོང་ཚོར་གཟས་ནས་བུད་པ་ཡིན། འོལ་ཁའི་གྲོང་མི་བྱིངས་ལ་ཐུན་མོང་གི་གོམ་གཤིས་ཤིག་ཡོད་པ་ནི་མི་ཆ་མེད་མཐོང་ན་རྒྱང་བཀྱེད་དེ་འབྲོ་རྩིས་བྱེད་རྒྱུ་དེ་རེད། ཁོ་ཚོའི་འཚོ་བ་རོལ་སྟངས་ནི་ཁང་བ་དུད་གདུག་ལ་སོང་སྟེ་ནག་རག་ཆགས་ཡོད་པ་དང་ཁང་དཀྱིལ་ཀྱི་མེ་བཏང་ཤུལ་གྱི་སྒྱེད་པུ་ལ་བལྟས་ན། ཁང་བའི་ནང་དུ་མེ་གཏོང་སའི་ཐབ་ཁུང་ཡང་མེད་པར་སྒྱེད་རྡོ་གསུམ་གྱི་མགོར་རག་རྫ་བཞག་ནས་ཇ་བསྐོལ་གྱི་ཡོད་པ་འདྲ། ཞིང་ཁར་ཡུར་མ་ཡུར་དུ་བཟའ་ཚོ་གཉིས་ཀ་འགྲོ་ལ། འགྲོ་ཁར་སྐྱེས་པས་རྒྱབ་ཏུ་འབུད་ཤིང་ཁུར་ནས་དང་ཆུང་མས་ཇ་བསྐོལ་སྤྱད་ཀྱི་རྫ་མ་དང་རྩམ་ཁུག་བཟུང་སྟེ་ཕེབས་ཀྱི་འདུག ཞིང་ཁར་སྐྱེས་པས་མེ་བཏང་ནས་ཇ་བསྐོལ་བ་དང་ཆུང་མས་ཡུར་ཞིང་ནང་དུ་ལྡུམ་བུ་འབལ་དགོས། མི་ཆ་མེད་ཅིག་མཐོང་ཚེ་ཧད་དེ་ལྟ་བ་ཞིག་རེད།
སྐབས་ཐོག་དེར་ཉི་མ་ལྷ་སར་ཁ་ཆེ་ལྷ་ཁང་གི་གཡས་གཡོན་དུ་བོད་ཁ་ཆེ་ཁ་ཤས་དང་། ཁྲོམ་གཟིགས་སྒང་གི་སྲང་ལམ་དོག་མོ་ཞིག་ན་ཁ་ཆེ་ཟ་ཁང་གཉེར་མཁན་གྱི་ཁ་ཆེ་བ་རེ་གཉིས་ཙམ་མ་གཏོགས། སྦྲགས་སྲིད་ཁང་བརྩེགས(邮电大楼)ཀྱི་སྒོ་ར་ཞིག་ཏུ་ཁ་ཆེ་འགྲུལ་སྐྱེལ་བ་ཁ་ཤས་ཤིག་ལས་མེད། ང་རང་ལྷ་སར་སྡོད་སྐབས་ཀྱི་ལོ་ངོ་བརྒྱད་ཀྱི་རིང་ལ་བར་བསྐོར་གླིང་དང་ཁྲོམ་གཟིགས་སྒང་། ཁ་ཆེ་ལྷ་ཁང་གཙོ་བྱས་ཏེ་གྲོང་ཁྱེར་ཤར་ཁུལ་གྱི་ས་ཆ་མང་ཆེ་བ་ཁ་ཆེ་ཚོང་གཉེར་བས་ཁེབས་སོང་།
སྤྱི་ལོ 2013 ལོར་ངས《ཚོང་ལས་བདག་དབང་ཐད་ཀྱི་བསམ་གཞིགས》ཞེས་པའི་རྩོམ་ཡིག་བྲིས་ཏེ་སྒེར་གཉེར་ལོ་དེབ་ཅིག་གི་སྟེང་སྤེལ་མོད། བོད་མི་མང་བོ་ཞིག་ལ་ཤེས་རབ་ཀྱིས་དབུལ་བས་ཡིན་ནམ། གང་ཡིན་ཆ་མ་འཚལ། དོ་སྣང་བྱེད་མཁན་ཞེ་དྲག་མ་བྱུང་། རེ་གཉིས་མཆིས་ཀྱང་སེམས་གཏིང་ནས་གནས་ལུགས་ལྡན་པར་ཁོང་ཚོས་ཀྱང་མཐོང་ཐུབ་མེད་པ་ངའི་རྗེས་དཔག་གིས་ཤེས་སོང་། དེ་བས་ལོ་དེའི་ཕྱི་མར《ངས་ཁྱེད་ཚོར་ཡང་བསྐྱར་ཐེངས་གཅིག་ཞུ》ཞེས་རྩོམ་ཡིག་ཅིག་བྲིས་ཏེ་སྤེལ་བ་ཡིན། རེད་དེ། བོད་མིའི་སྤྱི་ཚོགས་ཁྲོད་དུ་སྐབས་དེར་ངའི་བསམ་ཚུལ་གོ་མཁན་གྱི་མི་ནི་སྔར་བཞིན་ནོ།། སྤྱི་ལོ 2006 ལོར་ང་རང་ཕྱིར་ཕ་ཡུལ་ལོག་པའི་བར་སྐབས་དེར་རེབ་གོང་གི་གྲོང་མི་ཚོས་རང་གི་ས་ཞིང་མི་རིགས་གཞན་ལ་བཙོང་བའི་ཚ་རླབས་འཕྱུར་བཞིན་འདུག ཆ་རྐྱེན་ཅན་ཁ་ཤས་ཀྱིས་སོ་སོའི་ས་ཞིང་ཐོག་ཏུ་རང་གིས་ཁང་བ་སྟབས་བདེ་རེ་བརྒྱབ་ནས་ཁ་ཆེ་བ་དང་རྒྱ་རིགས་ཚོང་གཉེར་བ་ཚོར་གླ་གཏོང་བྱེད་ཀྱི་འདུག སྐབས་དེར་ངའི་སེམས་ཀྱི་དྲན་ཕྱོགས་ནི་བོད་མི་ཚོའི་མ་འོངས་པ་རེད། མ་འོངས་པའི་བུ་རབས་ཚ་རྒྱུད་རེད། སྐད་ཡིག་རེད། རིག་གནས་རེད།
ངའི་ཁ་ཆེ་བ་ཚོར་དོ་སྣང་སྤྲད་པ་ནས་བཟུང་སྟེ་ཁ་ཆེ་བ་ཚོ་ནི་འཛམ་གླིང་སྒང་ཆེས་སྟོབས་ལྡན་གྱི་མི་རིགས་ཤིག་དང་། གཞུག་ཕྱོགས་ཀྱི་འཛམ་བུ་གླིང་ཧྲིལ་བོའི་བདག་པོར་འགྱུར་བར་ཐེ་ཚོམ་མེད་པའི་མི་རིགས་ཤིག་རེད་བསམས། དེར་རྒྱུ་མཚན་མང་བོ་ཞིག་གིས་བསྒྲུབ་དགོས་མེད་དེ། རང་རང་སོ་སོའི་ཁོར་ཡུག་གི་ཁ་ཆེ་བའི་མི་འབོར་དང་དཔལ་འབྱོར་འཕེལ་ཚད་ཀྱིས་ར་སྤྲོད་ཐུབ་པ་ཞིག་རེད། ང་ཚོ་བོད་ཁུལ་དུ་ཆགས་བཞག་ནས་བཤད་ན། གྲངས་ཉུང་མི་རིགས་ཤིག་ལས་ཆེས་སྟོབས་དང་ལྡན་པ་ནི་ཁ་ཆེ་བ་ཚོ་ཡིན་པ་རེད།ཁ་ཆེ་བ་ཚོར་སྔོན་ཆད་ས་ཆ་མེད། ཁོར་ཡུག་མེད། ཁྱིམ་ཚང་མེད། མ་ཟད། ཁ་ཆེ་བ་ཚོར་རིག་གནས་མེད། སློབ་དཔོན་ཆེན་མོ་འབུམ་རམས་པ་མེད། སྲིད་དོན་པ་མེད། འོན་ཀྱང་ཁ་ཆེ་བ་ཚོར་མཐུན་སྒྲིལ་ཡོད། སྙིང་སྟོབས་ཡོད། དཔལ་འབྱོར་ཡོད། བློ་རིག་ཡོད། སྙིང་སྟོབས་དེ་ནི་རིག་གནས་ཡིན ། སློབ་དཔོན་ཆེན་མོ་ཡིན། འབུམ་རམས་པ་ཡིན། ཆེད་ལས་མཁས་པ་ཡིན།
2011 ལོ་ནས་ལོ་གསུམ་གྱི་ཡུན་ལ་ང་པེ་ཅིན་དུ་ཤར་སྐྱོད་ཐེངས་མང་བྱས་པ་ཡིན། པེ་ཅིན་ནི་རྒྱ་ནག་གི་རྒྱལ་ས་ཡིན། པེ་ཅིན་ན་མི་རིགས་མང་བོ་འདུས་སྡོད་བྱས་ཡོད། ཡིན་ཡང་། བོད་རིགས་མི་གྲངས་ཉུང་ཤས་ནང་གི་ཉུང་ཤས་ལས་མི་འདུག དེ་ཚོ་ཡང་སློབ་མ་དང་གཞུང་གཡོག་པ་རེད། ཚོང་ལས་གཉེར་མཁན་ནི་མ་སྐྱེས་ཨ་མ་ཀུང་ཟི་དང་ཟ་ཁང་དང་ཚོང་ཁང་བཞི་ལྔ་ལྷག་མ་གཏོགས་མི་འདུག ཡིན་ནའང་། ཁ་ཆེ་ཚོང་གཉེར་བའི་མི་གྲངས་ནི་ཧང་སང་དགོས་པ་ཞིག་རེད་འདུག གྲོང་ཁྱེར་ཧྲིལ་བོའི་མི་གྲངས་ནི་ཧ་ལམ235873 འདུག་པ་དང་། གྲོང་ཤར་ཁུལ 15035 དང གྲོང་ནུབ་ཁུལ 18202 ཁྲུང་ཝིན་ཁུལ(崇文区)9350 ཞོན་ཝུའུ་ཁུལ(宣武区)27668 ཧེ་ཏན་ཁུལ(海淀区)28981 ཁྲོ་ཡང་ཁུལ (朝阳区)50185 ཧྥིན་ཐེ་ཁུལ(丰台区)21563 མིན་ཐོའི་ཀུག་ཁུལ(门头沟区)894 ཐོང་ཀྲིག་ཁུལ(通州区) 19218 ཏ་ཞིན་ཁུལ(大兴区)15764 ཁྲང་ཕེན་ཁུལ (昌平区)8946 ཧྥང་ཧྲན་ཁུལ (房山区)6217 ཧྲིན་ཡེ་ཁུལ (顺义区 )3822 མིས་ཡུན་ཁུལ(密云区)4103 ཧྲི་ཅིན་ཁུལ (石景区) ཕེན་ཀུའུ་རྫོང (平谷县)89 ཧན་རིག་རྫོང(怀柔县)272 ཡན་ཆིན་རྫོང (延庆县)383 བཅས་ཡོད་པ་དང་། མ་ཟད་ཁྲའོ་ཡང་ཁུལ་ན་ཧེ་རིགས་སློབ་འབྲིང་ཞིག་ཀྱང་བཙུགས་འདུག མ་ཟད། ལོ་གསར་དུས་ཆེན་གྱི་སྐབས་སུ་ཁ་ཆེ་ཚོང་བ་ཚོས་ཕྱོགས་ཡར་མར་ནས་ཡོང་བའི་ཁ་ཆེ་སློབ་གཉེར་བ་ན་གཞོན་ཚོ་རང་གི་ཁྱིམ་དུ་བསུས་ཏེ་ལོ་གསར་གཏོང་བ་སོགས་བྱེད་ཀྱི་འདུག(ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་གཡས་གཡོན་ནས་དངོས་སུ་མཐོང་། )
ཉིས་སྟོང་བཅུ་གསུམ་ལོའི་སྟོན་ཁར་ང་རང་ནང་སོག་མཁར་སྔོན་པོའི་གྲོང་ཁྱེར(呼和浩特市)དུ་ཐེངས་ཤིག་སྤྱི་ཚོགས་ཉམས་ཞིབ་ཏུ་བསྐྱོད་པ་ཡིན། མཁར་སྔོན་པོ་གྲོང་ཁྱེར་ནི་སོག་པོ་མི་རིགས་ལ་མཚོན་ན་བོད་ཀྱི་གྲོང་ཁྱེར་ལྷ་ས་ལྟ་བུ་རེད། དེ་ན་གཙུག་ལག་ཁང་ཆེ་ཆུང་གཉིས(大昭寺和小昭寺)ཡོད། ཡུལ་བསྐོར་བ་མ་གཏོགས་གཟས་ནས་མཆོད་མཇལ་བྱེད་མཁན་གྱི་མི་ཞེ་དྲག་མཐོང་གི་མི་འདུག ས་དེའི་སོག་གྲྭ་ཚོས་ཆོས་འདོན་དུས་མ་གཏོགས་གྲྭ་ཆས་གྱོན་མི་དགོས། ཁོང་ཚོའི་སེམས་སུ་གྲྭ་ཆས་ནི་ལས་དཔང་གི་ཚད་དུ་བཟུང་ཡོད་པ་འདྲ། བོད་སྐད་མི་ཤེས་ཀྱང་འདོན་པ་རྣམས་བོད་ཡིག་གི་ལམ་ནས་སྦྱང་འདོན་བྱེད་ཀྱི་འདུག གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་མང་བོ་རྒྱ་རིགས་ཀྱིས་བཟུང་འདུག སོག་པོ་གཞུང་ལས་ཏོག་ཙམ་པ་འདུག་མོད། རྒྱ་སྐད་མ་གཏོགས་བཀོལ་སྤྱོད་བྱེད་ཀྱི་མི་འདུག གྲོང་མཐའ་ཙམ་ན་སོག་པོའི་ཟ་ཁང་ཉིས་ཐོག་ཅན་ཞིག་འདུག ཟ་ཁང་གི་མིང་ལ “གུ་རུ་ལ་ཨ་མ”ཟེར་ཞིང་། ནང་དུ་ལུག་ཤ་དང་ཏིལ་འབྲས་སྦགས་པའི་འོ་ཞོ། རི་སྒོག་དང་ཤ་བསྲེས་པའི་མོག་མོག རྒོད་མའི་འོ་ཇ་སོགས་འཐུང་རྒྱུ་འདུག གྲོང་མཐའ་རང་ན་སོག་གུར་དང་པི་ཝང་རྟ་མགོ་མ། ལུག་ཤ་བམ་བསྲེགས་སོགས་ཡོད་པར་གོ་ཡང་འགྲོ་ཁོམ་མ་སོང་། གཙུག་ལག་ཁང་ལམ་གྱི་གཞུང་ལམ་ཧྲིལ་བོ་ཁ་ཆེ་བས་བཟུང་འདུག ལམ་དེ་ན་ཁ་ཆེ་བའི་ཚོང་ཁང་དང་ཟ་ཁང་ཡོད་པ་མ་ཟད། མགྲོན་ཁང་དང་ཁྱིམ་ཚང་། སློབ་གྲྭའང་འདུག ངས་པེ་ཅིན་དང་འདི་གཉིས་ནས་ཁ་ཆེ་ལྷ་ཁང་ཡོད་མེད་ཀྱི་ཟུར་ཙམ་ཡང་གླེང་གི་མེད་པའི་རྒྱུ་མཚན། ཁ་ཆེ་བ་ཚོར་མཚོན་ན། གང་དུ་ཁ་ཆེ་བའི་སྤྱི་ཚོགས་གྲུབ་པ་དེ་ན་ཁ་ཆེ་བའི་ལྷ་ཁང་ཡོད་པ་ནི་སྨྲས་མེད་ཡིན་པས་སོ།།
མཁར་སྔོན་པོའི་གཙུག་ལག་ཁང་ལམ་ནས་ངས་ཁ་ཆེ་ཚོང་བ་ཁ་ཤས་ལ་གཞུང་ལམ་ཇི་ལྟར་ཁོ་ཚོར་དབང་བའི་སྐོར་ནས་སྐད་འདྲི་བྱས་པ་ཡིན། ངའི་སྐད་ཆ་འདྲི་ཡུལ་གྱི་མི་དེས་བཤད་ན། ཐོག་མར་ས་དེ་ནས་ཁ་ཆེ་འབྱོར་ལྡན་པའམ་ཚོང་བ་ཉི་ཤུས་མཉམ་རུབ་ཀྱིས་ས་ཉོས་ཏེ་ཚོང་ལས་གཉེར་བ་དང་། རིམ་གྱིས་རྒྱ་བསྐྱེད་དང་འཕེལ་རྒྱས་སུ་སོང་བས་ཚོང་བ་སྐོར་ཞིག་ས་གཞན་དུ་སོང་སྟེ་ཚོང་ལས་གཉེར་བཞིན་ཡོད་པ་དང་། དེང་སྐབས་ས་ཆ་འདི་ཁ་ཆེ་ཚོང་བ་གཉིས་ཀྱིས་བདག་པོ་རྒྱག་གི་ཡོད་རབས་བཤད་བྱུང་། འདི་ནི་ཁ་ཆེ་མི་རིགས་ཀྱི་དཔལ་འབྱོར་ནང་བསྐོར་རིགས་པའི་ལམ་ནས་བྱུང་བའི་འབྲས་རྟགས་ཤིག་ཡིན་པ་སུ་ལའང་ཐེ་ཚོམ་མེད། གཞུང་ལམ་གཡས་གཡོན་གྱི་ཁང་བའི་བཟོ་སྟབས་ནི་ཁ་ཆེ་བཟོ་རྩལ་གྱི་རྣམ་པ་རྐྱང་རྐྱང་གིས་ཐོག་བརྩེགས་བརྒྱབ་འདུག་པ་ཞིག་རེད། ཡིན་ནའང་། མཁར་སྔོན་གྲོང་ཁྱེར་ན་འཇང་གུར་རྒྱལ་བོའི་ཐང་ཆེན་ཙམ་མ་གཏོགས་སོག་པོའི་བཟོ་རྩལ་གྱི་རྣམ་པའང་ཞེ་དྲག་མཐོང་རྒྱུ་མི་འདུག
ངས་འདི་ནས་ལྷ་ས་དང་པེ་ཅིན། མཁར་སྔོན་པོ་གསུམ་གྱི་ཁ་ཆེ་མིའི་རིགས་ཀྱི་ཚོང་ལས་དང་ས་ཟིན་ཚད་ཙམ་ལས། ཟི་ལིང་དང་། ལན་ཀྲུའུ། ཞི་ཨན། ཀོང་ཀྲིག ཀོང་ཞི་སོགས་གྲོང་ཁྱེར་གཞན་མ་གླེང་བ་ནི་སོ་སོ་བསམ་བློ་བཏང་ན་ཤེས་ཐུབ་སྙམ་པ་ཡིན།
ཡང་སྙིང་ཁ་ཆེ་མི་རིགས་ལ་དཔལ་འབྱོར་དང་། ས་ཁོངས། མི་གྲངས་སོགས་འདི་ལྟར་འཕེལ་མགྱོགས་པའི་རྒྱུ་མཚན་ཅི་ཡིན་ནམ། ང་ཚོའི་བཤད་ཀྱིན་པའི་རིག་གནས་པ་མེད། བློ་འབྱེད་པ་མེད། གསར་བརྗེ་བ་མེད། ཁོ་ཚོ་ཡང་རྒྱལ་ཁྲིམས་བརྩི་མཁན་མི་རིགས་འཇོན་པོ་ཞིག་ཡིན། རེད་དེ། ཆོས་ལུགས་ཀྱི་རྗེས་སུ་རྒྱུགས་ཏེ་ཉིན་རེར་ཕྱག་ཐེངས་མ་ལྔ་འཚལ་བཞིན་འདི་ལྟར་སྟོབས་ལྡན་གྱི་མི་རིགས་ཤིག་ཆགས་པར་ཉེར་བསྡོགས་བརྩོན་པའི་རྒྱུ་མཚན་གང་ཡིན་ནམ།
རྒྱུ་མཚན་ནི་ཁོ་ཚོར་མི་རིགས་ཀྱི་འདུ་ཤེས་ཟབ་མོ་ཞིག་དང་། རྒྱ་བསྐྱེད་ཀྱི་དོན་གཉེར་ཡང་དག་ཅིག སྟོབས་ཤུགས་ལ་ངོས་འཛིན་རྣལ་མ་ཞིག་ཡོད་པས་རེད། ཁ་ཆེ་བ་ཚོའི་གྲལ་ན་ཁ་ནས་ལ་རྒྱ་གླེང་མཁན་གཅིག་ཀྱང་མེད། ཁ་ཆེ་བ་ཚོའི་གྲལ་ན་མཐུན་སྒྲིལ་གཏོར་མཁན་གཅིག་ཀྱང་མེད། ཁ་ཆེ་བ་ཚོའི་ངེས་ཟིན་ཐོབ་ཡོད་པའི་ཤེས་རབ་ནི་གཅིག་མ་གཏོགས་མེད་དེ། དེ་ནི་ཁ་ཚོའི་སྟོབས་ཤུགས་ཀྱི་རྩ་བ་དང་། གྲུབ་འབྲས་ཀྱི་འབྱུང་རྐྱེན་དམ་པའང་ཡིན། གཅིག་པ་དེ་གང་རེད་ཅེ་ན། དེ་ནི་རོགས་རམ་ཡིན། དེ་ནི་མཉམ་ལས་ཡིན། དེ་ནི་མཐུན་སྒྲིལ་ཡིན། མདོར་དེད་ན། དེ་ནི་མཛུབ་མོ་ལྔ་འཆིང་མོག་མཛུབ་དང་། མོག་མཛུབ་ནི་སྟོབས་ཤུགས་ཡིན་པར་ངེས་ཟིན་གཏིང་ནས་ཐོབ་ཡོད་པ་དེ་རེད། དེ་ནི་རིགས་ལམ་ཤིག་རེད། དཔལ་འབྱོར་མཚན་ཉིད་རིག་པའི་རིགས་ལམ་ཤིག་རེད། དཔལ་འབྱོར་ནང་བསྐོར་གྱི་མཉམ་ལས་རིགས་ལམ་ཞིག་རེད།
ང་ཚོ་བོད་པས་ཀྱང་མཉམ་ལས་བྱས་ཆོག སློབ་གསོ་མཉམ་ལས། ཞིང་ལས་མཉམ་ལས། འབྲོག་ལས་མཉམ་ལས། ཚོང་ལས་མཉམ་ལས་སོགས་བྱས་ཆོག རེད་དེ། མཉམ་ལས་བྱེད་ཐུབ་བམ། མཉམ་ལས་བྱེད་མཁན་གྱི་མི་གྲངས་ག་ཚོད་ཡོད་དམ། མེད། གཅིག་ཀྱང་མེད། ཡོད་མི་སྲིད། རྒྱུམཚན་ནི། ང་ཚོའི་སློབ་གསོའི་ཁ་ཕྱོགས་འགྲིག་མེད། ཆོས་ལུགས་ཀྱི་ཁ་ཕྱོགས་འགྲིག་མེད། ཀུན་སློང་ཀྱི་ཁ་ཕྱོགས་འགྲིག་མེད། སྙིང་སྟོབས་ཀྱི་ཁ་ཕྱོགས་འགྲིག་མེད། ངས་འདིར་ཚང་མ་ཚང་མ་འགྲིག་མེད་ཟེར་དོན་ནི་ཆོས་མི་ཤེས་པའི་མིས་ཆོས་བཤད་དེ་བོད་མི་ཚོར་འཇིགས་སྐུལ་བྱེད་པ་དང་། སྲིད་མི་ཤེས་པའི་དཔོན་གྱིས་མི་སེར་ཚོར་སྲིད་བསྒྲགས་ནས་འཇིག་སྐུལ་བྱེད་པ། བོད་མིའི་ཤེས་ཡོན་པའི་ཞིང་ཁར་རྩོམ་རིག་མ་གཏོགས་ས་བོན་གཞན་བཏབ་མེད་པ། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་དང་གོང་ཚད་ཞེན་འགྱུར་གྱིས་ཡུལ་མི་ཚོའི་སྙིང་མི་བཟང་བ། ཧ་ཧ་ཧ ། སྣེ་ཁྲིད་པ་ཚོར་སྣེ་ཁྲིད་ཀྱི་ནུས་པ་མེད་པ་དང་། ཡུལ་མི་ཚོར་བསམ་བློ་དང་ལས་ཀ་རྒྱ་བསྐྱེད་ཀྱི་འདུ་ཤེས་དཀོན་པས་ཡིན།
མདོར་ན། མཐུན་སྒྲིལ་མེད་ན་སྙིང་སྟོབས་མེད། སྙིང་སྟོབས་མེད་ན་སྟོབས་ཤུགས་མེད། སྟོབས་ཤུགས་མེད་པའི་མི་རིགས་ཤིག་གིས་རི་བོ་འདེགས་པའི་རྨི་ལམ་རྨིས་སྲིད་ཀྱང་། དེ་ནི་རྨི་ལམ་ཞིག་ལས་གཞན་གང་ཡང་མ་ཡིན། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མཐུན་སྒྲིལ་ནི་སྙིང་སྟོབས་ཡིན། མཐུན་སྒྲིལ་ནི་དཔལ་འབྱོར་ཡིན། མཐུན་སྒྲིལ་ནི་སྐད་ཡིག་ཡིན། མཐུན་སྒྲིལ་ནི་རིག་གནས་ཡིན། དེའི་ཕྱིར་མཐུན་སྒྲིལ་མེད་པའི་བོད་མིས་མཐུན་སྒྲིལ་ལྡན་པའི་ཁ་ཆེ་བ་ཚོར་ཕྱག་འཚལ་ན་ཧ་ཅང་འགྲིག་གོ།
2016.11.02
རྩོམ་ངོ་མ་ཡག་པོ་འདུག ཁ་ཆེ་བ་ཚོས་རིམ་བཞིན་འཛམ་གླིང་དབང་བསྒྱུར་ངེས་རེད། ཁོང་ཚོས་ལྟ་བ་ནི། ཆོས་ཀྱི་མཐུན་བསྒྲིལ་དང་། སྟོབས་ཤུགས། རྒྱ་བསྐྱེད། ཚོང་ལས། ཆོས་ལུགས་བསྒྱུར་བ་སོགས་རེད། ང་ཚོ་ནང་པ་དང་ལྷག་པར་པར་ཐེག་ཆེན་པ་ཚོས། བཀའ་གདམས་པའི་དགེ་བཤེས་རྣམས་ཀྱི་གསུང་བགྲོས་བཞིན། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། གྱོང་དང་བུབ་ཁ་རང་གིས་ལེན་། གསུངས་པ་བཞིན་དུས་རབས་ཉེར་གཅིག་པ་འདིའི་ནང་ལ་ང་ཚོ་འགྲན་བསྡུར་ནང་ལ་ཚུད་ཀྱི་མི་འདུག དཔེར་ན་ཉེ་འཆར་གསེར་རྟ་དགོན་པའི་གཏོར་བཤིགས་སྐབས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས། རྒྱ་ནག་ཁོང་ཚོས་གཏོར་ན་གཏོར་བཅུག ང་ཚོས་སེམས་གཏོར་ཐུབ་ཀྱི་མ་རེད། ༼ ཚིགས་ཇི་མ་ཇི་བཞིན་མི་དྲན༽་
དེ་འདྲ་གསུངས་འདུག བྱས་ཙང་ང་ཚོ་ཕམ་ཁ་འཁུར་སྡོད་རྒྱུ་རེད། ངའི་བལྟས་ན་ང་ཚོ་དང་པོ་ཆིག་བསྒྲིལ་ངེས་པར་དགོས་དེ་ནི་་ཡར་རྒྱས་འགྲོ་བའི་གཞི་མ་ཡིན། དེ་ནས་རིམ་བཞིན་ཚོང་ལས། ཁེ་ཕན་ལེན་རྒྱུ། ཐོབ་་ཐང་རྩོད་རྒྱུ་དེ་ཡང་གལ་ཆེན་པོ་རེད། རྒྱ་བསྐྱེད་བཏོང་རྒྱུ་སོགས་ཡིན་ནོ།
བོད་ནང་བོད་མི་ས་ཡ་གཅིག་གི་ནང་ལ་བོད་པ་ཁ་ཆེ་ག་ཚོད་ཙམ་ཡོད་དམ། ལགས།
རྩོམ་ཡག་མོ་ཞིག་བྲིས་འདུག་པས་ཐུགས་རྗེ་ཆེ། ད
རེད་རེད་ཉིན་གཅིག་འཛམ་གླིང་འདི་ཁ་ཆེ་བས་དབང་བསྒྱུར་ངེས་རེད། ཡིན་ནའང་དེང་སང་ཨ་རབ་ཀྱི་ཡུལ་གྲུའི་ནང་དུ་ཁ་ཆེ་བའི་ནང་ཁུལ་དུ་དམག་འཁྲུགས་བརྒྱབ་བཞིན་འདུག བོད་འདི་ཆིག་བསྒྲིལ་དང་མཐུན་འབྲེལ་མི་འབྱུང་བའི་གཞི་རྩ་ནི་ཆོས་རྒྱུད་ཆོས་ལུགས་པའི་དབུ་ཁྲིད་ཁག་གཙོས་ཆོས་ལུགས་ཀྱི་མི་སྣ་དེ་དག་གིས་ལན་པ་རེད། རྟག་ཏུ་རང་གི་ཆོས་རྒྱུད་དེ་བཟང་རབ་ཡག་རབ་རྐྱང་བཤད་ནས་གཞན་གྱི་ཆོས་ལུགས་ལ་དམའ་འབེབས་དང་ངན་མཚང་སྒྲོགས་བཞིན་པ་དེ་རེད། དེས་བོད་མི་རིགས་ལ་བཅང་བའི་བརྩེ་སེམས་དེ་མེད་པར་བྱེད་ཀྱི་འདུག སྔར་ནས་ཆོས་ལུགས་མི་སྣས་རང་ཉིད་ཀྱི་ཆོས་རྒྱུད་དེ་རྒྱ་བསྐྱེད་བྱེད་ཕྱིར་རྒྱལ་ཁབ་གཞན་གྱིས་དམག་སྣ་ནང་དུ་དྲངས་ཏེ་རང་རིགས་བརྒྱ་ཕྲག་སྟོང་ཕྲག་དམར་གསོད་བྱས་ཡོད། ད་ལྟའང་དེའི་བག་ཆགས་སངས་མེད། གཅིག་བསྒྲིལ་དང་མཐུན་ལམ་དགོས་ན་མི་རིགས་ལ་བརྩེ་སེམས་དང་ཁ་ཞེ་གཉིས་མེད་ཀྱི་མཐུན་ལམ་དགོས། ཆོས་ལུགས་ཀྱི་ཆགས་སྡང་ཕྱོགས་རིས་དེ་མེད་པར་བྱེད་དགོས། དེ་ནས་གཞི་ནས་གཅིག་བསྒྲིལ་ཟེར་བ་དེ་འབྱུང་སྲིད། དེ་མིན་རྨི་ལམ་རང་རེད།
ཉིས་སྟོང་བཅོ་ལྔ་ལོའི་རྒྱ་ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན་རྒྱ་ནག་ནས་ཆོས་ལུགས་ལས་བྱེད་མི་སྣ་བདུན་ཅུ་ལྷག་ཞིག་གིས་གསེར་རྟ་བླ་རུང་སྒར་ལ་ཚོད་འཛིན་སྐོར་གྱི་ཚོགས་འདུ་ཆེན་མོའི་སྟེང་གསུང་བཤད་གནང་མཁན་མཚོ་སྔོན་ནས་ཨ་ལགས་དོར་ཞུ་ཁོང་གིས་གསེར་རྟ་མཁན་པོ་ལ་ཆོས་རྗེ་ཟེར་མི་ཆོགས་པའི་སྐོར་དང་གཞན་ཡང་མང་ཚོགས་ཀྱི་ཁེ་ཕན་ལ་གནོན་ཤུགས་ཚབ་ཆེན་ཐེབས་པའི་དགེ་བཅུའི་ཁྲིམས་ལ་སྔོན་འགོགས་དགོས་ཚུལ་དང་བླ་རུང་སྒར་གྱི་གྲངས་ཀའི་ཐད་ལ་ཚོད་འཛིན་དགོས་ཚུལ་ནན་ཀྱིས་བཤད།
ཡུལ་ཤུལ་རྫ་སྟོད་དགོན་སར་དགོན་མཁན་པོ་བློ་བཟང་ལགས་ཀྱིས་དགེ་བཅུའི་ཁྲིམས་ལ་བརྩི་སྲུང་མེད་ཚེ་ཆོས་ལམ་གཅོད་ཟེར་བ་ནང་ཆོས་དང་མི་མཐུན་པའི་གཏམ་བཤད་རྒྱ་ཆེར་བྱས།
མཚོ་ལྷོ་ནས་དགེ་བཤེས་ཤེས་རབ་ནས་དེ་ལྟར་གསུང་།
སི་ཁྲོན་དར་མདོ་ནས་སྤྲུལ་རྡོ་རྗེ་བཀྲ་ཤིས་ནས་བླ་རུང་ཁོར་ཡུགས་ལ་གཙང་སྦྲ་མེད་པ་དང་སྤུས་ཀ་ཞན་པ་གྲངས་ཀ་མང་བ་རྣམས་ལྷན་ཅིག་ཏུ་གནས་མི་རུང་བ་དང་འདི་ལ་ཚོད་འཛིན་ཞིག་མ་བྱས་ཚེ་རྗེས་མར་གནོད་སྐྱོན་ཞིག་ངེས་པར་ཐེབས་ངེས་ཡིན་པ་དང་མང་ཚོགས་ཀྱི་དཔལ་འབྱོར་ལ་གནོད་འཚེ་ཐེབས་པ་ལ་ད་ལྟ་དགགས་པ་གཏོང་བཞིན་ཡོད། གྲངས་ཀ་མང་སྐྱོན་ཆེ་བས་ཚོད་འཛིན་མ་བྱས་ཚེ་རྗེས་མར་མི་རིག་བར་ལ་འགལ་ཟླ་ཆེན་པོ་བཟོ་ངེས་ཡིན་པས་ཅེ་ཉུང་ཏུ་གཏོང་རྒྱུ་གལ་ཆེ་ཞེས་གསུངས།
ལི་ཐང་དགེ་བཤེས་ནས་དགེ་བཅུའི་ཁྲིམས་ཞེས་པ་སྔར་ནས་ཡོད་པ་ཞིག་ཡིན་ཀྱང་དེ་དང་འགལ་ཚེ་ཁོང་ཚོས་ཆོས་ལམ་གཅོད་ཟེར་བ་དེ་ནང་བསྟན་དང་མི་མཐུན་ཞེས་གསུང་།
གཞན་དབུས་གཙང་ཕྱོགས་ནས་བླ་སྤྲུལ་མཁན་སོགས་མང་པོ་བཞུགས་ཀྱང་གསུང་བཤད་གནང་མ་སོང་རྒྱ་མི་ལས་བྱེད་པ་མང་པོས་ཡང་ཡང་བཤད་འདུག མཐར་ཕྱོགས་སྡོམས་ཀྱི་གྲོས་ཆོད་ཡི་གེ་རྒྱལ་ཁབས་ཀྱི་མགོ་ཁྲིད་ཞིན་ཅིན་ཕེན་ལ་སྙན་གསན་ཕུལ་རྒྱུ་བྱས་སོ།
ཏི་སི་བདེན། ནང་ཁུལ་གྱིས་ཇུས་ངན་ཅིག་ཡིན་པར་ཐག་ཆོད་དེ་ཡང་ཆོས་རྒྱུད་ཀྱི་ཕྲག་དོག་ལ་བརྟེན་ནས་བྱུང་བ་ཡིན་པར་ཚོད་དཔག་བྱེད་ཐུབ། བླ་རུང་དག་པའི་ཞིང་ལ་རྐྱེན་ངན་གོད་ཆག་འདི་འདྲ་བྱུང་བར་བློ་ཕམ་ཆེ།
དགྲ་སྣ་གྲོགས་འཁྲིད་དང་ཆར་སྣ་རླུང་འཁྲིད་ཡིན་པ་ཐག་ཆོད་།