ཆགས་པ་རྡོ་རྗེ།
༡) ཨ་རིའི་སྲིད་འཛིན་༤༥ པ་འོས་འདེམས་ཀྱི་བྱུང་རིམ།
ཨ་མི་རི་ཁ་ནི་དུས་ཡུན་གང་འཚམ་རིང་མོ་ནས་བཟུང་། འཛམ་གླིང་གི་དཔལ་འབྱོར་དང་དམག་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་དང་། འཛམ་གླིང་གི་འགྱུར་འགྲོས་བཟང་ངན་གང་ལའང་ཐེ་ཇུས་དང་ཤུགས་རྐྱེན་མ་ཐེབས་པ་ཤིན་ཏུ་མཐོང་དཀོན་པས། ཨ་མི་རི་ཁའི་མང་གཙོའི་ལམ་ནས་འོས་འདེམས་ཀྱི་སྲིད་འཛིན་དང་འཛིན་སྐྱོང་ནི། ཨ་རིའི་མི་སེར་ཙམ་མིན་པར་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་དོན་དང་ལས་དབང་ལ་གལ་གནད་ཆེན་པོ་ཡིན་པར་ཕལ་ཆེར་བསྙོན་ཐབས་མེད།
དེར་བརྟེན། ད་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་འགྲན་བསྡུར་དང་བརྒྱུད་རིམ་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱས་ཡོད་ཅིང་། སྲིད་འཛིན་འོས་མི་སོ་སོའི་ངོས་ནས་ཀྱང་ཕན་ཚུན་རྒྱལ་ཕམ་དང་ཐོབ་ཤོར་ཆེད། ཐབས་ཤེས་ཡོད་ཚད་བེད་སྤྱོད་ཀྱིས་སྐྱོན་འཛུགས་གནང་རེས་དང་མཚང་འདྲི་རེས། ཚིག་མཚོན་འདེབས་རེས་སོགས་ཧ་ལམ་ད་ལོ་ལྟ་བུའི་འོས་བསྡུའི་བརྒྱུད་རིམ་འཁྲུག་པོ་ཞིག་ཨ་རིའི་ལོ་རྒྱུས་ནང་བྱུང་མེད་རབས་ཟེར།
གང་ལྟར། མང་གཙོ་ཚོགས་པའི་འོས་མི་ཨ་རིའི་སྲིད་འཛིན་ཟུར་པ་བྷེལ་ཁེ་ལེན་ཁྲིན་གྱི་ལྕམ་སྐུ་ཧེ་ལི་རེ་ཁེ་ལེན་ཁྲིན་དང་། སྤྱི་མཐུན་ཚོགས་པའི་འོས་མི་ཨ་རིའི་ནང་གི་སྙན་གྲགས་ཅན་གྱི་འབྱོར་ལྡན་ཚོང་པ། སྐུ་ཞབས་སྒྲོ་ནལ་ཁྲི་རམ་ཕི་གཉིས་ལ་ཨ་རིའི་མི་མང་གིས་འོས་ཤོག་བླུགས་སྐབས། འོས་ཤོག་གི་མཇུག་འབྲས་ཕྱིར་བསྒྲགས་ཀྱིས་འཛམ་གླིང་མི་མང་ཧོན་འཐོར་དུ་བཅུག་ཡོད།
སྐུ་ཞབས་སྒྲོ་ནལ་ཁྲི་རམ་ཕི་ལགས་ནི་མི་རྒྱུ་ཤུགས་ཅན་དང་ཞལ་ནས་གང་བྱུང་གསུང་ཐུབ་མཁན། སྐད་ཆ་གང་བཤད་ལ་དེ་ཙམ་མགོ་མཇུག་མེད་པ། ལྷག་པར་ཨ་རིའི་སྲིད་དོན་ནང་ཕྱག་ལས་ཀྱི་ཉམས་མྱོང་མེད་ལ། བཀའ་མོལ་མཐོ་དམའ་སྣ་ཚོགས་གནང་སྟེ་བབ་བརླིང་བརྟན་གསུམ་མེད་པ་མ་ཟད། ཨ་རིའི་ནང་ཁྲིམས་མཐུན་ཡིག་ཆ་མེད་པ་ཕྱི་མི་ས་ཡ་བཅུ་ལྷག་ཡོད་པ་རྣམས་ཕྱིར་ཕུད་དང་། ཁ་ཆེའི་མི་རིགས་རྣམས་ཨ་རི་ལ་གནས་སྤོས་ཡོང་རྒྱུར་བཀག་འགོག། མེཀ་སི་ཁོ་དང་ཨ་རིའི་བར་རྩིགས་པ་བརྒྱབས་ཏེ་སྐྱབས་བཅོལ་བཀག་སྡོམ་བྱ་རྒྱུ་དང་། དཀའ་ཉེན་གྱི་གནས་སུ་ལྷུང་བའི་ཨ་མི་རི་ཀ་བསྐྱར་དུ་སྟོབས་ཆེན་རྒྱལ་ཁབ་བཟོ་རྒྱུ། ཨ་རིའི་རྒྱལ་ཁབ་ཀྱི་ལས་ཀ་མང་ཆེ་བ་རྒྱ་ནག་གིས་འཕྲོག་སྟེ་མི་མང་འབོར་ཆེན་ལ་ལས་ཀ་མེད་པར། ཨ་རིའི་མི་སེར་ཚོར་བསྐྱར་དུ་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་སོགས་ཚོར་ཤུགས་ཆེན་པོའི་ཐོག་གསུངས་པར།
ཨ་རིའི་སྲིད་འཛིན་ལས་ཐོག་ཨོ་བྷ་མ་གཏན་ཞལ་གྱིས་མཚོན་སྐུ་དྲག་མང་ཆེ་བས་དགག་བྱ་གནང་ཡོད་པ་མ་ཟད། མི་མང་ཁྲོད་ངོ་རྒོལ་དང་གསར་ལམ་ཁག་མང་ཆེ་བས་འཕྱ་དམོད། ཐ་ན་རྒྱལ་སྤྱིའི་གསང་བའི་གསར་འགྱུར་གལ་ཅན་འདོན་མཁན། སྙན་གྲགས་ཅན་གྱི་བརྒྱུད་ལམ་WiKiLeaKs ཡི་འགན་འཛིན།Julian་Assange ཡིས་RTབརྙན་འཕྲིན་ཁང་ལ་ཨ་རིའི་ད་ཡོད་གཞུང་དང་གསང་ལས་པ། མཚོན་ཆ་ཕྱིར་ཚོང་བ་སོགས་ཚང་མ་མཉམ་འབྲེལ་གྱིས། སྒྲོ་ནལ་ཁྲི་རམ་ཕི་ལ་སྲིད་འཛིན་གྱི་རྒྱལ་ཁ་མ་ཐོབ་པར་བཟོ་ངེས་རེད་ཅེས་དཔྱད་བརྗོད་སྤེལ་ཡོད།
དེ་ལས་ལྡོག་སྟེ་ལྕམ་ཧེ་ལི་རེ་ནི་ཨ་རིའི་རྒྱལ་དོན་དྲུང་ཆེ་གནང་སྟེ་ཆབ་སྲིད་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། རྣམ་ཀུན་བབ་བརླིང་བརྟན་གསུམ་དང་ནན་ཏན་གྱི་བཀའ་མོལ་གནང་ཐུབ་པ། ཨ་མི་རི་ཁའི་མི་དྲག་མང་པོས་མངོན་གསལ་གྱིས་རྒྱབ་སྐྱོར་ཡོད་པ་མ་ཟད། ཁོང་གལ་ཏེ་ཨ་རིའི་སྲིད་འཛིན་ཐོབ་ཚེ་ལོ་རྒྱུས་སྟེང་ཨ་རིའི་བུད་མེད་ཀྱི་སྲིད་འཛིན་དང་པོར་འགྱུར་ངེས་བཅས་ལ་དམིགས་ཏེ། བུད་མེད་མང་པོས་དམིགས་བསལ་གྱིས་རྒྱབ་སྐྱོར་སྐུལ་མ་ཤུགས་ཆེ་གནང་བཞིན་པ་རེད།
འོན་ཀྱང་། ཉེ་ལམ་འོས་ཤོག་དངོས་སུ་བླུགས་ཏེ་རྒྱལ་ཕམ་ཐག་གཅོད་ཀྱི་སྐབས། ཨ་རི་བ་ཚོས་མང་མོས་ངང་སྐུ་ཞབས་སྒྲོ་ནལ་ཁྲི་རམ་ཕི་འོས་འདེམས་ཀྱིས། འབྱོར་ལྡན་པ་གྲགས་ཅན་སྒྲོ་ནལ་ཁྲི་རམ་མཆོག་ཨ་རིའི་སྲིད་འཛིན་ཁྲི་ཐོག་༤༥གྱུར་ཏེ། འཛམ་གླིང་གི་ང་མཁས་ཁོ་མཁས་ཟེར་མཁན་མང་ཆེ་ཤོས་ཀྱི་བློ་ཡུལ་ལས་འདས་པ་དང་ཚོད་དཔག་མ་ཐུབ་པ་བྱུང་ཡོད།
ཡིན་ནའང་། དེ་ནི་དོན་གྱིས་དཔྱད་བརྗོད་པ་རེ་ཟུང་གིས་ད་ཕན་མང་གཙོ་ཚོགས་པའི་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་ཚོར། ཨ་རིའི་ནང་གི་ཕྱི་མི་གཞིས་སྤོས་བྱས་པ་དང་མི་རིགས་ནག་པོ་སོགས་ཀྱིས་འོས་བླུགས་ཏེ། སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་དང་ལྕམ་ཧེ་ལི་རེ་ནི་དེ་རིགས་ཀྱི་ཕྱོགས་གཏོགས་ཡིན་ལ། སྔ་མོ་ནས་ཨ་རིའི་མི་སེར་ཐོག་མའི་གྲས་དང་གྲོང་གསེབ་ཏུ་གནས་འཆའ་བ་མང་པོར། ལས་ཀ་དང་དཔལ་འབྱོར། ཤེས་ཡོན་དང་འཕྲོད་བསྟེན་ལྟ་སྐྱོང་བཅས་ཀྱི་དཀའ་ངལ་ཡོད་པ་མ་ཟད། ཁོང་ཚོ་ནི་མི་རིགས་དཀར་པོ་དང་ཨ་རིའི་ནང་ས་འཛིན་གྱི་དང་པོ་ཡིན་མོད། རིམ་པས་ཕྱི་མི་གནས་སྤོས་མང་རྐྱེན་གྱིས་དཀའ་ངལ་འཕྲད་པའི་འཁོན་འཛིན་ཡོད་པ།
ལྷག་པར། དེ་གྲས་ཀྱི་མི་རིགས་དཀར་པོ་མང་ཆེ་ཤོས་ཡེ་ཤུ་ཆོས་ལ་དད་མོས་གནང་མཁན་དང་སྟབས་མཚུངས། དེང་སང་ཡོ་རོབ་ནང་དཀྱིལ་ཤར་ཡུལ་ཁག་གི་སྐྱབས་བཅོལ་བ་འབུམ་ཕྲག་མང་པོ་སླེབས་ཏེ། ཆོས་ལུགས་ཕན་ཚུན་དང་རིག་གནས་མི་འདྲ་བར་བརྟེན། སྤྱི་ཚོགས་ཀྱི་དཀའ་རྙོག་གསར་པ་མང་པོ་འཕྲད་བཞིན་པར་ལྟོས་ཏེ་ཨ་རིའི་ནང་དུའང་གུ་ཡངས་བྱ་རྒྱུ་མང་དྲག་ན། དེ་མཚུངས་ཀྱི་དཀའ་ངལ་ཡོང་རྒྱུར་འཇིགས་སྣང་ཆེན་པོ་ཡོད་པ་བཅས་ཀྱི་སེམས་ཁམས། སྐུ་ཞབས་སྒྲོ་ནལ་ཁྲམ་ཕི་མཆོག་ནས་ཏག་ཏག་གསུང་ཐུབ་ཀྱི་ཡོད་སྐོར་དཔྱད་བརྗོད་སྤེལ་བ་དོན་ལ་གནས་པར་སེམས། ཕལ་ཆེར་ཚོད་དཔག་བྱས་ན་སྒྲོ་ནལ་ཁྲམ་ཕི་མཆོག་སྲིད་འཛིན་དུ་དེ་ལྟར་བསྐོས་པ་འདྲ།
༢) འཛམ་གླིང་གི་རེ་བ་གསར་པ།
ཨ་རིའི་འོས་ཐོབ་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕི་མཆོག་ནི་འབྱོར་ལྡན་དབང་ཕྱུག་ཅན་ཞིག་གི་བུ་ཡིན་པས། སྲིད་དོན་དཔྱད་བརྗོད་པ་ཚོས་ཁོང་གི་གཤིས་སྤྱོད་གང་ལ་བརྟག་ན་ཡབ་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པར་སྨྲ་ལ། ཁོ་རང་ཡང་མི་ཚེའི་ཚོང་ལས་ཀྱི་བརྒྱུད་རིམ་ཁྲོད་དངུལ་དང་ཁྲལ་གྱི་དཀའ་རྙོག་དེ་འདྲའི་ནང་ཚུད་མྱངས་མིན་ལ་མ་ལྟོས་པར། ད་ཆ་ཨ་སྒོར་ས་ཡ་མང་པོ་ཅན་གྱི་འབྱོར་ལྡན་པ་དང་ཚོང་ལས་ཀྱི་སྤྲོ་སྣང་ཡོད་མཁན། མི་ཁ་རུ་ཁ་ཐུག་དང་ཚོར་ཤུགས་ཆེན་པོ། ཆོད་སེམས་བརྟན་པོ་ཅན་ཞིག་ཡིན་གཤིས། མི་ཕལ་མོ་ཆེས་གང་ལྟར་ཁོང་གིས་འགྱུར་བ་ཆེན་པོ་ཞིག་བཏང་ངེས་ཀྱི་ཚོད་དཔག་བྱ་བཞིན་ཡོད།
སྲིད་དོན་དབྱེ་ཞིབ་པ་གྲགས་ཅན་ཚོས། གཞི་རྩའི་འཛམ་གླིང་གི་ཆབ་སྲིད་དཀའ་རྙོག་མང་ཆེ་ཤོས་ཨ་མི་རི་ཀ་དང་ཨུ་རུ་སུ། རྒྱ་ནག་གསུམ་གྱི་དབར་དངོས་ཤུགས་རྒྱུད་གསུམ་ནས་བྱུང་བཞིན་པར་བཤད་ལ། དེང་སང་དཀྱིལ་ཤར་ཡུལ་གྲུ་སོ་རི་ཡ་དང་ཨི་རཀ་ནང་གཞུང་དང་གྱེན་ལོག་པའི་དབར། ཁ་ཆེའི་རྒྱལ་ཁམས་སྒྲིག་འཛུགས་དང་གཞུང་ཁག་དབར་བཅས་ཀྱི་ཛ་དྲག་འཐབ་འཁྲུག་གིས། རྒྱལ་ཁབ་དེ་ཚོའི་ནང་གི་མི་སེར་རྣམས་ཕར་བཞག་སྟེ། ཡོ་རོབ་ཡུལ་ལུང་མང་པོ་སྐྱབས་བཅོལ་བའི་དཀའ་རྙོག་མཚོ་རླབས་ནང་ཚུད་ཡོད་ཅིང་།
གནད་དོན་དེ་ཚོ་གློ་བུར་དོན་རྐྱེན་གཅིག་ལ་བརྟེན་ནས་བྱུང་བ་མིན་པར། ཨི་རཀ་ནང་དམག་འཁྲུག་དང་ཨ་རབ་ཀྱི་དཔྱིད་ཀ་ཟེར་བའི་ལས་འགུལ། ལྷག་པར་ཕྱིས་སུ་སོ་རི་ཡ་གཞུང་དང་གྱེན་ལོག་པའི་དབར་དམག་འཁྲུག་བྱུང་བར། ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱི་ལངས་ཕྱོགས་ཐ་དད་དུ་སོང་སྟེ། ཕྱོགས་ཕན་ཚུན་ཕམ་ཉེས་དང་རྒྱལ་ཕམ་ཐག་གཅོད་མ་ཐུབ་པར། མི་མང་རྣམས་སྡུག་བསྔལ་གྱི་མེ་འོབས་ཏུ་ཚུད་ཡོད།
རེད་དེ། དེ་ལ་ཨ་རིའི་སྲིད་འཛིན་གསར་པའི་ཕན་ཐོགས་ཡོང་ངེས་ཀྱི་རེ་བ་ཤིན་ཏུ་ཆེན་པོར་མཐོང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཏྲིན་ནི་མི་མཁྲེགས་པོ་དང་བསྟུན་མཁས་མི་བྱེད་མཁན་ཞིག་ཡིན་སྟབས། ཨ་རིའི་གཞུང་ལ་ཁ་གཏད་དང་དམག་འཁྲུག་གི་ཉེན་བརྡ་ཐེངས་མང་བཏང་ཡོད་པ་མ་ཟད། ཨ་རིའི་མཐུན་ཕྱོགས་ཡོ་རོབ་རྒྱལ་ཁག་གི་མཐའ་མཚམས་སུ་རྡུལ་ཕྲན་འཕུར་མདེལ་འགྲེམས་འཇོག་དང་། ཡོ་ཁི་རན་གྱི་སྲིད་དོན་ཡོ་འཁྱོམ་སྐབས་ཁི་རེ་མི་ཡ་བདག་བཟུང་བྱས་པ། སི་རི་ཡའི་གཞུང་ལ་རྒྱབ་རོགས་ཀྱིས་ཨ་མི་རི་ཀའི་རྒྱབ་སྐྱོར་ཡོད་པའི་གྱེན་ལོག་ཤོག་ཁག་སྟེང་གཏོར་རྒོལ་གཏོང་བ་སོགས། ཕྱོགས་གང་ཐད་ནས་ཨ་རི་དང་ཁ་གཏད་ལངས་ཏེ་གྲོས་མོལ་ཐེངས་འགར་གནང་ཡང་གྲུབ་འབྲས་མ་སྨིན་པར་ལྷག་ཡོད་ལ། ལྕམ་ཧེ་ལི་རི་ནས་ཨུ་རུ་སུའི་སྟེང་བཀའ་མོལ་མཁྲེགས་པོ་གནང་གི་ཡོད་ན། གལ་ཏེ་ཁོང་སྲིད་འཛིིན་དུ་ཐོབ་ན་འཛམ་གླིང་གི་དཀའ་རྙོག་ཆེ་ཤོས་དེ་མུར་སེལ་མི་ཐུབ་པར་ལྷག་རྒྱུ་ཡིན་པ་ཐག་ཆོད།
འོན་ཀྱང་། སྟབས་ལེགས་པ་ཞིག་ལ། ཨ་རིའི་སྲིད་འཛིན་འོས་ཐོབ་སྒྲོ་ནལ་ཁྲི་རམ་ཕི་མཆོག་ནས་ཁོང་ཨུ་རུ་སུའི་སྲིད་འཛིན་ལས་ཐོག་ལ་དགའ་མོས་ཆེན་པོ་ཡོད་ལུགས་གསུང་བཞིན་པ་དང་མཚུངས་སུ། ཨུ་རུ་སུའི་སྲིད་འཛིན་ནས་ཀྱང་ཁོང་གིས་སྒྲོ་ནལ་ཁྲི་རམ་ལ་རྒྱབ་སྐྱོར་དགའ་མོས་དང་། ཁོང་ཨ་རིའི་སྲིད་འཛིན་ལ་འོས་ཐོབ་པར་རྟེན་འབྲེལ་བཅས་ཞུས་ཏེ་ལེགས་ཕྱོགས་ཀྱི་རྣམ་འགྱུར་འཐོན་ཡོད་པས། སྲིད་འཛིན་རྣམ་གཉིས་ཕན་ཚུན་ཐུགས་མོས་ལ་ལྟོས་ཏེ་མི་ས་ཡ་མང་པོའི་སྐྱིད་སྡུག་ཐག་གཅོད་ལ་རེ་བ་ཆེན་པོ་ཡོད།
དེ་འབྲེལ་གྱིས་སྐྱབས་བཅོལ་བ་ཤིན་ཏུ་འབོར་ཆེན་གྱི་ཡོ་རོབ་རྒྱལ་ཁབ་ཚོར་ཡང་ཐུགས་ཕན་རེ་སོས་སྲིད་པ་རེད། སྒོས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ནི་འཛམ་གླིང་སྤྱིར་ཧ་ཅང་གལ་གནད་ཆེ་ཞིང་། ད་ལྟ་རང་ཨོ་སི་ཁྲི་ལི་ཡའི་སྲིད་བློན་ཟུར་པ་ཁེ་ཝེན་ར་གྲི་ཡིས། དབྱིན་ཡུལ་BBC རླུང་འཕྲིན་དུ་དཔྱད་བརྗོད་སྤེལ་ན། སྤྱིར་བཏང་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་ནི་ཡིད་གཟབ་དོགས་ཟོན་ཆེན་པོ། མངོན་གསལ་ཅན་མིན་པས་ཁ་ཚོན་གཅོད་ཤིན་ཏུ་དཀའ་ཡང་། ད་ཆ་རྒྱ་ནག་ཉམས་ཞིབ་པ་མང་པོས་དབྱེ་ཞིབ་ལ་བལྟས་ན། རྒྱ་མི་ཚོས་ལྕམ་ཧེ་ལི་རི་ལ་འདོད་མོས་དེ་ཙམ་མེད་པ་དང་། སྒྲོ་ནལ་ཁྲི་རམ་ཕི་ལ་རྒྱབ་སྐྱོར་ཆེ་ཙམ་བྱེད་ཀྱིན་འདུག་ཅེས་གསུང་སོང་ལ།
སྒྲོ་ནལ་ཁྲི་རམ་ཕི་མཆོག་ནས་འོས་བསྡུའི་སྐབས་རྒྱ་ནག་ནི་ཁོང་གི་དཔལ་འབྱོར་གྱི་དགྲ་དང་པོ་དང་། ཨ་མི་རི་ཁའི་ལས་ཀ་མང་པོ་འཕྲོག་ཟིན་པས་ལས་ཀ་དེ་ཚོ་ཕྱིར་ལེན་དགོས། འོན་ཀྱང་། རྒྱ་ནག་དང་དཔལ་འབྱོར་གྱི་མཉམ་འབྲེལ་བྱ་འདོད་ཡོད་ལུགས་བསྟན་ཡོད་པ་མ་གཏོགས། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་ཀྱི་ས་ཆ་འཐབ་རྩོད་སོགས་ལ་དེ་ཙམ་ལག་པ་འཆང་མེད། དེ་ལས་ཀྱང་ཨ་རི་ལ་སྒྲོ་ནལ་ཁྲི་རམ་ཕི་ཐོབ་པའི་ཁེ་ཕན་ཆེན་པོ་ཞིག་ནི། ཨེ་ཤེ་ཡའི་ས་ཁུལ་གྱི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དང་དམག་དཔུང་གི་རྟེན་གཞི་ཡོད་ས། ཧྥེ་ལེ་པེན་གྱི་སྲིད་འཛིན་གྱིས་བར་ལམ་ནས་ཨ་རིའི་གཞུང་དང་སྲིད་འཛིན་ཨོ་བྷ་མ་མཆོག་ལ་སྐྱོན་འཛུགས་ཧ་ཅང་ཚབ་ཆེན་དང་། རྒྱ་ནག་ལ་མཐུན་རོགས་བསྒྲིགས་ཏེ་ཁོང་ཚོས་ད་ནས་རྒྱ་ནག་ལ་རེ་ལྟོས་བྱ་ངེས་སོགས་བསྒྲགས་ནས། དམག་དོན་པ་ཚོས་ཨེ་ཤེ་ཡའི་ས་ཁམས་ཆབ་སྲིད་ཀྱི་ས་ཁྲ་ལ་འགྱུར་བ་གསར་པ་འགྲོ་ངེས་ཀྱི་སེམས་འཚབ་བྱེད་ཀྱི་ཡོད་ཅིང་། གལ་ཏེ། ལྕམ་ཧེ་ལི་རེ་སྲིད་འཛིན་ཆགས་ན་གནས་ཚུལ་དེར་ལག་ཁེལ་རྒྱུ་ཧ་ཅང་དཀའ་མོ་རེད་སྙམ། འོན་ཀྱང་། སྒྲོ་ནལ་ཁ་རམ་ཕི་དེ་ལྕམ་ཧེ་ལི་རེ་དང་སྲིད་འཛིན་ཨོ་བྷ་མ་དང་གཏན་ནས་ཐ་དད་ཀྱི་མི་ཞིག་སླེབས་ཡོད་པས། ཧྥེ་ལི་པེན་ལ་བཀའ་མོལ་གནང་རྒྱུ་སྟབས་ཇེ་བདེར་ཕྱིན་ཡོད།
མདོར་ན། ལྕམ་ཧེ་ལི་རེ་ནི་སྲིད་དོན་གྱི་ཉམས་མྱོང་དང་བབ་བརླིང་བརྟན་གསུམ་འཛོམས་ནའང་། ཨ་རིའི་གཞུང་གི་འཛིན་སྐྱོང་སྔ་མའི་མི་དྲག་མང་པོས་རྒྱབ་སྐྱོར་ཡོད་པ་དང་ཆབས་ཅིག། མོ་རང་གིས་དེ་ལ་སྲི་ཞུ་བསྒྲུབས་མྱངས་པ་སོགས་ལ་བརྟེན། མི་མང་པོའི་སེམས་ངོགས་སུ་འཛིན་སྐྱོང་སྔ་མ་ཚོའི་རྒྱུན་སྐྱོང་ནས་ཕེབས་རྒྱུ་མ་གཏོགས། འགྱུར་བཅོས་གསར་པ་ཞིག་ཡོང་རེ་དེ་ཙམ་མཐོང་གི་མེད་ལ། སྒྲོ་ནལ་ཁྲི་རམ་ཕི་མཆོག་ནི་ཁ་ཐུག་དང་གང་དྲན་ལག་བསྟར་བྱ་སྲིད་པའི་བཟོ་འདྲ་བོ། གཞུང་འཛིན་སྔ་མ་དང་གཏན་ནས་མི་འདྲ་བའི་མི་གསར་རྐྱང་ཞིག་ཡིན་ན། སྔ་མའི་བྱེད་སྟངས་ལ་ཉོབ་བསྡད་པ་དང་ཡི་ཐང་ཆད་པ་མང་པོ་ཞིག་གིས། ཁྲི་རམ་ཕི་ནས་ཅིག་བྱས་མི་ཡོང་ངམ་སྙམ་པའི་རེ་བ་མཐོ་དམན་ཀུན་ལ་ཆེ་བ་བཅས། གལ་ཏེ། འབད་བརྩོན་བྱས་ན་ལྕམ་ཧེ་ལི་རེ་མཆོག་ལས་སྒྲོ་ནལ་ཁྲི་རམ་ཕི་མཆོག་ལ་ལེགས་ཕྱོགས་ཀྱི་ཆ་རྐྱེན་མང་པོ་འཛོམས་ཡོད།
༣) སྲིད་འཛིན་གསར་པའི་སྲིད་ཇུས་ངོ་མ།
འོས་བསྡུའི་བརྒྱུད་རིམ་སྐབས་བཀའ་མོལ་འདྲ་མིན་གནང་བ་སོགས་ལ་དཔག་སྟེ། མི་ལ་ཤས་ཀྱིས་སྒྲོ་ནལ་ཁྲི་རམ་ཕི་ཐོབ་པ་ནས་འཛམ་གླིང་ནང་མི་རིགས་དབྱེ་འབྱེད་དང་། ཆོས་ལུགས་ཁག་ཕན་ཚུན་འཆམ་མཐུན་མེད་པ། ཨ་རིའི་ནང་ཕྱོགས་ཕན་ཚུན་འགལ་ཟླ་ཡོང་རྒྱུ་བཅས་མཐོང་གི་ཡོད་ཀྱང་། དོན་གྱིས་འོས་བསྡུའི་བརྒྱུད་རིམ་ནང་གནས་ཚུལ་འདྲ་མིན་ཡོང་རྒྱུ་ནི་མང་གཙོའི་ཆོས་ཉིད་རེད།
སྐུ་ཞབས་ཁྲི་རམ་ཕི་མཆོག་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཏེ་ལས་ཐོག་སྲིད་འཛིན་ཨོ་བྷ་མ་ཡིས་ཁང་པ་དཀར་པོའི་ནང་གདན་ཞུ་གསལ་བསྒྲགས་སྐབས། PBSགསར་ཁང་དུ་སྐུ་ཞབས་ཁྲི་རམ་ཕི་དང་ཁོང་གཉིས་ལ་འོས་བསྡུའི་སྐབས་བསམ་ཚུལ་མི་མཐུན་པ་ཡོད་ནའང་། སྲིད་འཛིན་བྷོས་ཤེ་དང་ངེད་གཉིས་དབར་ལ་ཡང་མི་མཐུན་པ་བྱུང་མྱངས་པ་རེད། དེ་ནི་འོས་བསྡུ་དང་མང་གཙོའི་འགྲོ་སྟངས་ཤིག་ལས་གཞན་གང་ཡང་མ་རེད། ད་ཆ་གལ་གནད་ཆེ་ཤོས་སྲིད་དོན་ཚོགས་པ་བྱེ་བྲག་པ་སུ་ཡང་མིན་པར། ཨ་རི་རྒྱལ་ཁབ་དང་རྒྱལ་ཞེན། རྒྱལ་ཁབ་ཆིག་སྒྲིག་བཅས་ཡིན་པ་མ་ཟད། སྐུ་ཞབས་ཁྲི་རམ་ཕི་ནས་ཀྱང་དེ་ལྟར་གསུང་པས་ངོས་ལ་སེམས་འགུལ་ཐེབས་བྱུང་། ཞེས་བསྡོམས་བསྐྱོན་ཡོད་ཅིང་།
སྒྲོ་ནལ་ཁྲི་རམ་ཕི་རང་གིས་ཀྱང་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་མ་ཐག་པའི་གཏམ་བཤད་ནང་། གཙོ་ཆེ་ཤོས་ཨ་རིའི་མི་མང་དང་ཤོག་ཁག་ཚང་མ་ཆིག་སྒྲིལ་གྱིས་རྒྱལ་ཁབ་བསྐྱར་འཛུགས་དང་མཉམ་ལས། ཨ་རིའི་མི་མང་གི་རྨི་ལམ་མངོན་གྱུར་ཡོང་ཐབས་གནང་དགོས་པ་དང་། དེ་ལ་གཅིག་ནས་ཨ་རིའི་ནང་འཛུགས་བསྐྲུན་ལས་གཞི་རྒྱ་ཆེར་སྤེལ་ཏེ་མི་མང་ས་ཡ་མང་པོར་ལས་ཀ་སྤྲོད་རྒྱུ་དང་། གཉིས་ལ། དམག་ཞབས་རྙིང་པ་ཚོར་བདག་སྐྱོང་དང་དམག་དོན་ཡར་རྒྱས་གཏོང་བ། གསུམ་པར། རྒྱལ་ཁབ་སུ་ལའང་ཐུབ་ཚོད་དཀའ་རྙོག་བཟོ་རེས་མི་བྱེད་པར། མཉམ་ལས་ཀྱིས་དཔལ་འབྱོར་ཡར་རྒྱས་སུ་གཏོང་རྒྱུ་ཡིན་ལུགས་གསུངས་ཡོད་པས། ཕལ་ཆེར། ཨ་རིའི་གཞུང་སྔ་མ་ཁག་གིས་སྲིད་དོན་གྱི་བཞེངས་ཕྱོགས་ཤུགས་ཆེར་བཞེས་ཏེ། འཛམ་གླིང་ནང་ཕྱག་ལས་གནང་བཞིན་པ་ལས་ལྡོག་སྟེ། སྐུ་ཞབས་ཁྲི་རམ་ཕི་མཆོག་ནས་དཔལ་འབྱོར་ཡར་རྒྱས་སྟེང་འབད་བརྩོན་ཆེ་ཙམ་བསྟེན་རྒྱུ་དང་། ཚོང་གི་ལས་དོན་དང་འདུ་འགོད་སྔོན་ལས་ཆེ་ཙམ་ཡོང་རྒྱུའི་རྣམ་པ་མངོན་ཡོད་ན། སྲིད་འཛིན་གསར་པ་ཁོང་ནི་འཇིགས་སྣང་བྱེད་པ་ལས་རེ་བ་བརྒྱབ་ཆོག་པའི་མི་ཞིག་ཡིན་པར་སྣང་།།
ཌོམ་ཌོལ་གྱིས།
་་་་་་་་་ ཨ་རིའི་ནང་ཁྲིམས་མཐུན་ཡིག་ཆ་མེད་པ་ཕྱི་མི་ས་ཡ་བཅུ་ལྷག་ཡོད་པ་རྣམས་ཕྱིར་ཕུད་དང་། ཁ་ཆེའི་མི་རིགས་རྣམས་ཨ་རི་ལ་གནས་སྤོས་ཡོང་རྒྱུར་བཀག་འགོག། མེཀ་སི་ཁོ་དང་ཨ་རིའི་བར་རྩིགས་པ་བརྒྱབས་ཏེ་སྐྱབས་བཅོལ་བཀག་སྡོམ་བྱ་རྒྱུ་དང་། དཀའ་ཉེན་གྱི་གནས་སུ་ལྷུང་བའི་ཨ་མི་རི་ཀ་བསྐྱར་དུ་སྟོབས་ཆེན་རྒྱལ་ཁབ་བཟོ་རྒྱུ། ཨ་རིའི་རྒྱལ་ཁབ་ཀྱི་ལས་ཀ་མང་ཆེ་བ་རྒྱ་ནག་གིས་འཕྲོག་སྟེ་མི་མང་འབོར་ཆེན་ལ་ལས་ཀ་མེད་པར། ཨ་རིའི་མི་སེར་ཚོར་བསྐྱར་དུ་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་སོགས་ཚོར་ཤུགས་ཆེན་པོའི་ཐོག་གསུངས་་་་་་་་་་
ཌོམ་ཊོལ་སྲིད་འཛིན་ཐོབ་པར་དངངས་སྐྲག་མང་། །
ཌོམ་ཊོལ་སྲིད་འཛིན་ཐོབ་པར་འོས་མི་དགའ། །
ཌོམ་ཊོལ་སྲིད་འཛིན་ཐོབ་པར་མི་ངན་དགའ། །
ཌོམ་ཊོལ་སྲིད་འཛིན་ཐོབ་པར་རེ་བ་མང་། །
ཌོམ་ནལ་ཊོམ།
ཚོང་པ་ཆབ་སྲིད་ཆགས་དུས་དཔལ་འབྱོར་རེ། །
དཔལ་འབྱོར་རང་གསོག་མང་ལ་སྤྱི་གསོག་ཉུང་། །
སྤྱོད་ངན་མི་མགོར་བསླེབས་པ་མ་རབས་འཕེལ། །
སྨྱོན་ཧམ་ལམ་འགྲོ་རྒྱུགས་དུས་ཆག་སྒོ་མང་། །
ཌོ་ནལ་ཊོམ་གྱིས།
ཁྱོད་ཀྱིས་༸གོང་ས་མཆོག་དང་མཇལ་ཡང་སྲིད། །
ཁྱོད་ཀྱིས་སྲིད་སྐྱོང་འཕྲད་ཕྱིར་འབོད་ཀྱང་སྲིད། །
ཁྱོད་ཀྱིས་ཨ་རིའི་མི་སེར་བོད་མི་དང་། །
ཁྱོད་ཀྱིས་སྐྱབས་བཅོལ་ཀུན་ལ་ཕན་ཡང་སྲིད། །
ཀརྡོ་ཌོ་ནལ་ཊོམ་ལ་མི་དགའ་ཡང་། །
འོས་མང་ཐོབ་པའི་མི་ལ་དགའ་བསུ་ཡོད། །
ཀརྡོ་ཌོ་ནལ་ཊོམ་ལ་མི་རེ་ཡང་། །
ཨ་རིའི་མི་སེར་རེ་བས་རེ་དགོས་བྱུང་། །
ཚོང་པ་ཆབ་སྲིད་ཆགས་པའི་དུས། །
འཆལ་པོ་སྲིད་འཛིན་བསྐོས་པའི་དུས། །
མ་རབས་དཔུང་མགོ་མཐོ་བའི་དུས། །
སྙིགས་དུས་རང་འཚང་མཐོང་བའི་དུས། །
ད་སྐབས་ཀྱི་འདིའི་ཐད་ཀྱི་དཔྱད་རྩོམ་ཁག་ལས་འདི་ཡག་ཤོས་དང་སྙན་ཤོས་བྱུང་སོང་། རྩོམ་འབྲི་བ་ལ་བཀའ་དྲིན་ཆེ་ཞུ། མངོན་གསལ་གྱི་ཆད་ལྷག་རེ་ཟུང་འདུག་པས་རྩོམ་སྒྲིག་པས་བཟོ་བཅོས་རེ་བྱ་ཐུབ་ན་ཡག་པོ་འདུག
ཀརྡོ་ནས་མཆན་བཀོད་པ་དེ་ཚོར་སྙིང་པོ་ཞིག་འདུག་གམ
མེ་ཏོག་ཡོད་ཚད་ལ་ཡང་སྙིང་པོ་ག་ལ་ཡོད།
#9 གངས་ལྷ་མེ་ཏོག ་ལགས།
གངས་ཕྲུག་གཡུ་རལ་ངོམས་པ་ལ། །
ལྷ་མིན་ཕྲག་པ་དོག་དོགས་མེད། །
མེ་ལ་ཉི་དྲོད་ཕན་དགོས་ལ། །
ཏོག་ལ་རྒྱལ་མཚན་ཏོག་ཉིད་མཐོ། །
ཧ་ཧ། ཀུ་རེ་ཡིན་གདའ།
ཁ་བརྡ་ཚང་གི་གད་སྙིགས་དང་པོ་དེ་ཀརྡོ་རེད། ཐ་ན་ཁོ་རང་གི་མིང་འདི་ཡང་བོད་ཡིག་གི་ལམ་ནས་འབྲི་མི་ཤེས་མཁན་ཞིག་རེད།
#11 བློ་བཟང་། ་ལགས་ལ། ང་ཁ་བརྡའི་གད་སྙིགས་ཀྱིས། བཀྲ་ཤིས་བདེ་ལེགས་ཞུའོ།།
ང་ཆུང་དུས་རྒན་པ་ཚོས། ཆང་མ་འགའ་ཤས་ཀྱིས་ཕྱུག་པོ་ཆགས་ཕྱིར། དུག་ལྷ་གསོལ་ཕྱིར། མི་གཞན་པ་ལ་དུག་སྤྲོད་མཁན་ཡོད་པ་རེད། ཅེས་པའི་མང་པོ་གོ་མྱོང་ཡང་་་་་་་་ ་དེ་འདྲ་རང་མེད་པ་འདྲ།
དགོངས་དག འབྲི་ས་ནོར་འདུག
༅༅། མང་གཙོ་མང་གཙོ་བརྗོད་ན་འདི་ལ་ཟེར།
མང་པོས་དགའ་མོས་བྱུང་ན་འགྲིགས་པ་རེད།
སྤྱོད་པ་རྩུབ་ཀྱང་མང་པོས་དགའ་བ་རེད།
འཆལ་སྤྱོད་ཆེ་ཡང་མང་པོས་མགུ་བ་རེད།
ཁོ་པར་སྐྱོན་བརྗོད་མ་བྱེད་འབྱོར་ལྡན་རེད།
ཚོང་འབྲེལ་བློ་རིག་མེད་ན་འབྱོར་མི་ལྡན་།
དེང་སྐབས་རྒྱུ་འབྱོར་མེད་ན་མཐའ་མེད་མཐའ།
གོ་ལ་འདིའི་ནང་རྒྱུ་འབྱོར་མེད་ཐབས་མེད།
ཁ་བ་ཅན་གྱི་གནའ་བོའི་གཏམ་དཔེ་ལའང།
མི་རྣམས་ཐམས་ཅད་ཕྱུག་པོའི་བུ་ལ་དགའ།
དངུལ་ལ་མི་དགའ་སྐྱ་སེར་སུ་གཅིག་མེད།
ཁྲིག་སྤྱོད་མི་དགའ་བུ་དང་བུ་མོའང་མེད།
༅༅། སྐུ་ཞབས་ཆགས་པ་རྡོ་རྗེ་ནས་ཨ་རིའི་སྲིད་འཛིན་འོས་འདེམས་བྱུང་རིམ་སྐོར་ལ་བསམ་ཚུལ་ཡག་
པོ་ཞེ་དྲག་བྲིས་གནང་འདུག་པ་ལེགས་སོ་ཞུའོ།།
གྲ་པ་གྲ་སར་སྡོད་པར་ཧང་སངས་མེད།
གྲ་པ་སྐྱ་ལ་ཕབ་ན་ཧང་ལོས་སངས།
ཆབ་སྲིད་ཆབ་སྲིད་པར་ཆགས་ཧང་ཅི་སངས།
ཚོང་པ་ཆབ་སྲིད་ཆགས་ན་ལོས་ཧང་སངས།
༅༅། ཁ་ནས་གང་བཤད་ལག་ལེན་བསྟར་བ་དཀའ། ཁ་ལག་གང་བཟོས་ཚང་མ་ཟ་བ་དཀའ།
སེམས་ནང་གང་ཤར་ལག་ལེན་འཁེལ་བ་དཀའ། སང་ཉིན་གང་བྱུང་དེ་རིང་བཤད་པ་དཀའ།
དཀའ་བ་བཞི་པོ་ནམ་ཡང་སེམས་ནང་ཞོགས།