སྐྱོ་བྲག་དགའ་དབང་།
རྟེན་འབྲེལ་ཁང་འཇུག་གི་དབང་ནི། རྒྱ་གར་གྱི་གྲུབ་ཐོབ་ཕ་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་ལས་བྱུང་བ་དམ་ཆོས་སྡུག་བསྔལ་ཞི་བྱེད་ལས། དྲི་མེད་ཐིགས་པ་ཕྱག་བཞེས་ཀྱི་སྐོར། ཞེས་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས་སྲོལ་ལས་བྱུང་བ་ཡིན།
ཕ་དམ་པ་སངས་རྒྱས།
རྒྱ་གར་ལྷོ་ཕྱོགས་བེ་དའི་ཡུལ་དུ་སྐུ་འཁྲུངས། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་བསྟེན། བཅུད་ལེན་སོགས་ཐུན་མོང་གི་གྲུབ་པ་བརྒྱད་བརྙེས་པས་དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས། ཐུགས་དམ་བདེ་བར་གཤེགས་པ་བཅུ་གཉིས་སོགས་སངས་རྒྱས་གནམ་གྱི་སྐར་མ་ཙམ་དང་། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་ཞལ་གཟིགས་ཏེ། བྱིན་རླབས་དང་གདམས་པའི་བཅུད་བརྙེས་ནས་མཆོག་གི་དངོས་གྲུབ་ཐོབ། བོད་དང་རྒྱ་ནག་ཏུ་ཕ་དམ་པ་སངས་རྒྱས་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་བོད་དུ་ལན་ལྔར་ཕེབས། གང་ཟག་སོ་སོའི་ཁམས་དང་དབང་པོ་ཇི་བཞིན་དུ་གཟིགས་པས་དེ་དག་དང་མཐུན་པའི་གདམས་ངག་སྣ་རེས་ཀྱང་གྲོལ་བ་སྟེ། ལས་ཅན་གནམ་གྱི་སྐར་མའི་གྲངས་ལྟ་བུའི་འགྲོ་བ་མང་པོ་སངས་རྒྱས་ཀྱི་ས་ལ་བསྒྲལ་བར་མཛད་དེ། མཐར་དིང་རིར་སྐུ་གཤེགས་སོ། །
དམ་ཆོས་སྡུག་བསྔལ་ཞི་བྱེད།
སྤྱིར་ཆོས་གཞན་ནི་རྒྱུ་ཉོན་མོངས་པ་སྔོན་དུ་སྦྱོང༌། སྡུག་བསྔལ་ཤུགས་ལས་ཟློག་པ་ཡིན་ལ། འདིར་ནི་འབྲས་བུ་སྡུག་བསྔལ་དངོས་སུ་སྦྱོང༌། ཤུགས་ལས་ཉོན་མོངས་པ་དྲུངས་འབྱིན་པའི་ཐབས་ཤིན་ཏུ་ཟབ་པ་སྟེ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཞེས་པའི་ལུང་ལ་བརྟེན་ནས་བཏགས་སོ། །
རྟེན་འབྲེལ་གྱི་ཁང་པ།
ཁང་པ་དངོས་སུ་བཟོས་པའི་སྒོ་བཞི་སྒོ་རྐྱང་རྒྱན་མེད། དབུས་སུ་པད་འདབ་དྲུག་གི་ལྟེ་བར་ཨ་དང་ཀྵཿ ཤར་གྱི་འདབ་མ་ནས་གཡས་བསྐོར་གྱིས་ས་ཙ་ན་སི་ཀ་ར། སྒོ་བཞིར་ཤར་ནས་རིམ་པ་བཞིན་ཨེ་བཾ་མ་ཡ། མེ་ནས་རིམ་བཞིན་གྲུ་ཆད་བཞི་ལ་མཾ་ཁ་ལ་ཝོ། རྩིབས་ནང་གི་ཕྱོགས་བཞིར་ཨཀྵ་ལྔ་བཅུ་རེ། སྒོའི་ཕྱིར་རྒྱ་བདུན་མཚོན་པའི་རེ་ཁཱ་བདུན་རིམ་ཟླུམ་བསྐོར། རྟེན་འབྲེལ་གྱི་འཕང་ལོ་ཤར་སྒོར་སྲད་བུ་དཀར་པོ་ལ་བཏགས་པའི་དཀར་པོ་ཟླུམ་པོ། །ལྷོ་སྒོར་སྲད་བུ་སེར་པོ་ལ་བཏགས་པའི་སེར་པོ་གྲུ་བཞི། ནུབ་སྒོར་སྲད་བུ་དམར་པོ་ལ་བཏགས་པའི་དམར་པོ་ཟླ་གམ། བྱང་སྒོར་སྲད་བུ་ལྗང་གུ་ལ་བཏགས་པའི་ལྗང་གུ་ཟུར་གསུམ། དཀྱིལ་འཁོར་གྱི་སྟེང་དུ་རྒྱལ་བ་ཡུམ་གྱི་བླ་རེ། སྒོ་བཞིར་འཇུག་པའི་ལམ་ལ་རས་ཡུག་དཀར་པོ་ལ་ཨཀྵ་ལྔ་བཅུ་བྲིས་པའོ། །
ཁང་པར་འཇུག་པ།
འདག་ཆལ་དང་དྲི་བཟང་གི་ཆུས་ལུས་རིལ་པོའམ་ཐ་ནའང་ཡན་ལག་ལྔ་ལེགས་པར་བཀྲུས། ཁྱད་པར་རྐང་པ་ལ་དྲི་བཟང་པོའི་སྤོས་དང་ཙན་དན་གྱི་ཆུས་བྱུགས་ལ་རས་དཀར་གྱིས་དཀྲི། ཕྱག་བྱས་ཏེ་དཀྱིལ་འཁོར་ཤར་ཕྱོགས་ནས་ནུབ་ཏུ་ཕྱོགས་པར་འཁོད། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ནང་དུ་ནུབ་ནས་ཞལ་ཤར་ཕྱོགས་སུ་བལྟས་ཏེ། ཤར་གྱི་འཕང་ལོ་ཕྱག་ཏུ་བཟུང་བའི་སྲད་བུ་སྒོའི་ཕྱིར་དྲངས་པའི་སྣེ་སློབ་བུའི་ལག་ཏུ་གཏད། སློབ་མ་རྣམས་ཀྱིས་རྐང་པ་དར་རས་ཀྱིས་དྲིལ་བ་ཡིག་འབྲུའི་ལམ་གྱི་སྟེང་དུ་རེས་མོས་ཀྱིས་སྤོ་ཞིང་ཡི་གེ་དེ་དང་དེ་དག་འདོན་པའི་སྒོ་ནས་ནང་དུ་ཞུགས། དེ་ནས་སློབ་མ་ཤར་སྒོ་ནས་ཕྱིར་བཏོན། སླར་ཡང་བསྐོར་ཕྱོགས་ཀྱིས་སློབ་དཔོན་བྱང་ནས་ལྷོར་ཞལ་ཕྱོགས་ཏེ་ལྷོའི་འཕང་ལོ་ཕྱག་ཏུ་བཟུང་བའི་སྲད་བུའི་སྣེ་སློབ་བུའི་ལག་ཏུ་གཏད་ལ། ཨ་ཀྵཿབགྲང་བཞིན་ནང་དུ་ཞུགས། དེ་བཞིན་དུ་ནུབ་སྒོ་དང་བྱང་སྒོ་ནས་འཇུག་པའང་རིགས་འགྲེ། མཐར་བྱང་སྒོ་ནས་འཐོན་ཏེ། བླ་མ་སྟན་ལ་བཞུགས་པའི་མདུན་དུ་སློབ་བུ་རྣམས་འདུག་བཅུག་པ་ཡིན།
ཁང་འཇུག་དབང་བསྐུར།
རྟེན་འབྲེལ་གྱི་ཁང་པར་འཇུག་པའི་དབང་འདི་ནི། ཕ་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་དམ་ཆོས་སྡུག་བསྔལ་ཞི་བྱེད་ལ་ཡོད་པ་ཙམ་ལས། ཆོས་བརྒྱུད་གཞན་པ་སུ་ལ་ཡང་མེད་ཅིང་། ཞི་བྱེད་པ་རྣམས་ཀྱིས་ཀྱང་། བརྒྱུད་པ་མི་འཛིན་པའི་མི་ལ་རྟེན་འབྲེལ་ལག་ཏུ་མི་གཏད། ལམ་གྱི་སྲང་ལས་མ་བརྒལ་བར་བསྒོམ་པ་བདག་པོ་ལ་མི་གཏད། ཅེས་ལམ་འདིར་ཞུགས་ནས་བརྒྱུད་པ་འཛིན་ཅིང་སྒྲུབ་པ་བྱེད་པའི་གང་ཟག་ཁོ་ན་ལ་བསྐུར་སྲོལ་ཡོད་པ་ཙམ་ཡིན།
ཁང་འཇུག་ཕན་ཡོན།
རྟེན་འབྲེལ་གྱི་ཁང་པར་ཞུགས་པས་རིག་པ་དྭངས་པའི་མེ་ལོང་དུ་རྟེན་འབྲེལ་གྱི་གཟུགས་བརྙན་སྣ་ཚོགས་མ་འགགས་པར་ཤར་ནས། མཁྱེན་པའི་ཡོན་ཏན་ཕྱོགས་མེད་དུ་རྒྱས་པར་འགྱུར་བ་དང་། ཇི་ལྟར་འགྲུལ་པའི་ཤུལ་ལམ་གོམ་པས་རིམ་གྱིས་བགྲོད་པ་ལྟར་མིན་པར། གཟིངས་ཀྱི་བ་དན་རླུང་གིས་བསྐྱོད་པ་བཞིན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆེན་པོ་རྟོགས་པའི་སྒོ་ནས་ས་ལམ་གྱི་རིམ་པ་རྣམས་ཆིག་ཆོད་དུ་བགྲོད་དེ་སྐུ་གསུམ་གྱི་ཞིང་ཁམས་ལ་སྤྱོད་པར་འགྱུར་བ་ཡིན་ནོ། །
ཁང་འཇུག་དབང་གི་མཛད་རིམ།
བླ་མ། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ས་གནས། ར་ལང་དཔལ་ཆེན་ཆོས་གླིང་།
དུས་ཚོད། སྤྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༩ ཆུ་ཚོད་ ༡ ནས་ ༤ བར།
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག
གོ་ཤྲི་ནི་བོད་སྐད་སོག་སྐད་གང་ཡིན། བཀན་ཏིང་ཏ་ཡེ་སི་ཏུ་ནི་རྒྱ་སྐད་ཡིན་ས་རེད།
འོ་ན་ད་ཐེངས་ཚང་མ་ལ་སྐུར་གྱི་ཡོད་པ་འདྲ། ཉེ་ཆར་ཨོ་སི་ཁྲི་ལི་ཡ་ནས་ཐའེ་ཝན་པ་ཞིག་དེར་སོང་བ་དེས་ང་རྟེན་འབྲེལ་ཁང་འཇུག་ཐོབ་སོང་། དེ་ཅི་རེད་ཟེར། ངས་མགོ་ཚོས་མ་སོང་ལབ་ཡིན། ངས་དངོས་གནས་དེའི་སྐོར་ཤེས་པ་དེ་རིང་ཐོག་མ་ཡིན། འོན་ཀྱང་བརྒྱུད་པ་ཟིན་མ་ཟིན་གྱི་སྐད་ཆ་ཡོད་རབས་མི་འདུགཧཧཧ
གང་ལྟར་ང་རང་གིས་ཀྱང་ཤེས་བྱ་གསར་པ་ཤེས་སོང་