—-ཀླུ་སྨྱོན།
རྡོ་ལ་བརྡར་གྱི་རི་རྒྱུད་ཧྲིལ་བོ་དཀར་པོ་དཀར་རྐྱང་ཁ་བས་བཏུམས། །
མི་ཚོགས་ཆེན་མོའི་ཁ་རླངས་མཐུག་པོ་རེ་ཞིག་སྨུག་པའི་གྲོང་ལ་འདྲེས། །
དཀར་ནག་ཁ་དོག་འདྲེས་མའི་གློག་བརྙན་པད་མ་ཚེ་བརྟན་བརྩམས་ཆོས་འགའ། །
དེ་རིང་ཡང་སྐྱར་འཁྲབ་སྟོན་བྱེད་རྒྱུ་ཡིན་ཞེས་བརྡ་སྦྱོར་གང་སར་འཕུར། །
མགོ་དཀྲིས་ལྗང་ཁུ་ཉི་འོད་འོག་ན་མང་རའི་བྱེ་མ་ཅི་བཞིན་མཛེས། །
ཡང་དང་ཡང་དུ་ཁྱེད་ཀྱིས་བདག་ལ་མཛུབ་དཀྲིས་མ་ལོའི་དྲན་རྟེན་ཡིན། །
སྒྱུ་རྩལ་འཁྲབ་སྟོན་གྲགས་ཅན་ཡིན་ནམ་འཁྲབ་པར་མཛའ་བའི་བུ་མོ་ཞིག །
དེ་རིང་གཞི་ནས་གདན་འདྲེན་ཞུས་ལགས་དགའ་བསུའི་ཐལ་མོ་གང་ནས་རྡེབ། །
ཁྲུས་ཁང་གསང་སྤྱོད་རང་འགྲིག་ཁང་པ་དེ་ཡི་ཟླ་རེའི་རིན་གོང་ནི། །
ཧིན་སྒོར་བཞི་ཁྲི་ལྔ་སྟོང་ཡིན་པས་སྟབས་བདེ་ཞིག་ནི་ག་ལ་ཡིན། །
རླངས་རྫའི་རིན་གོང་གཏན་འཇགས་མིན་པས་དེ་ཡང་སེམས་ཁྲལ་ཐོལ་བ་ཞིག །
སྔོ་ཚོད་ཁྲོམ་ར་ཡང་ཡང་ཉུལ་ཡང་ཀེའུ་ཚོད་ད་དུང་མ་རྙེད་ཐལ། །
ཁྱི་འཁྱམས་གསོ་བའི་ཨ་མ་རྒན་མོར་བྱམས་བརྩེའི་གཟེངས་རྟགས་སྤྲད། །
ནོར་གླིང་སྐུ་ཐང་སྤུས་ཀ་ལེགས་ཀྱང་རིན་གོང་ཧ་ཅང་མཐོ། །
ཆོས་ནོར་མགྲོན་ཁང་ཞོགས་ཟས་ཞིམ་ཡང་རྡོ་སྐས་རྐང་པར་གཟན། །
གློག་བརྙན་རྒྱབ་ལྗོངས་གང་ཞིག་འདེམ་མིན་ད་རུང་ཐག་མ་ཆོད། །
བུ་མོ་བུ་མོ་ཟློས་གར་ལམ་ཁར་རྒྱ་གར་ཟ་ཁང་གསར་བ་ཞིག །
མངར་ཇ་ཕོར་བ་གང་རེ་འཐུང་ན་དབང་མེད་རྒྱང་རིང་ཡུལ་ལྗོངས་དྲན། །
པ་ཁྲན་ཀོ་ཁྲིའི་མེ་འཁོར་འབབ་ཚིགས་མགྲོན་ཁང་ཆུང་ཆུང་བརྗེད་ཐབས་མེད། །
ལྔ་བརྒྱ་སྟོང་ལོར་གསར་བརྗེ་ཆེན་མོ་ཚ་ཚ་འུར་འུར་ས་ཡོམ་འགུལ། །
གློག་བརྙན་དུས་སྟོན་རྡ་སར་འཚོགས་དུས་ཆར་བ་ཟམ་ཟིམ་མཚམས་མི་ཆད། །
སྟོད་གོས་ཟིང་སྐྱ་འོག་འཇུག་དམར་སྐྱ་ཨ་ཨ་མིག་ལ་མཛེས་ཚོད་མེད། །
སྟེས་དབང་མིན་ན་ལས་དབང་ཞིག་གིས་སུ་ཇ་སློབ་གྲྭའི་ལོ་ཟླ་དག །
གུར་མགོན་སྐྱབས་ཀྱི་འཕྲུལ་རྟ་ཅི་བཞིན་སྐྱོ་གར་ཆེན་མོའི་ཁ་བྱང་ཡིན། །
ལོ་མ་སེར་པོ་ཆར་བ་ཅི་བཞིན་ཐར་ལོའི་སྐྲ་ལོར་འགྲོགས་ནས་ཟགས། །
དབྱིངས་ཕྱུག་མཚོ་ཡི་མྱོས་བུམ་ཅི་བཞིན་མདང་ནུབ་ཟླ་བ་ཆེ་ཆེར་རྒྱས། །
ཞི་བདེ་ཉི་མའི་དུང་སོ་སུམ་ཅུ་རྡོ་ལ་བརྡར་གྱི་རི་ཚོགས་བཞིན། །
མཐའ་མཇུག་གློག་བརྙན་གཤམ་ཡིག་དག་ལས་ང་ཚོའི་ལས་དབང་དམར་པོ་བཀླགས། །
ཐར་ལོའི་འཕྲུལ་རྟའི་ཨང་གྲངས་དེ་ནི་ང་དང་ཁྱེད་ཀྱིས་ག་ལ་ཤེས། །
རྡོ་ལ་བརྡར་གྱི་རི་གཤམ་དེར་ཡང་འཕྲུལ་རྟ་ཟད་པོ་རྫོགས་མཐའ་མེད། །
ཞི་བདེ་ཉི་མའི་ཕ་ཡུལ་གཅིག་པ་ང་དང་ཁྱེད་དང་ཁོང་ཡང་ཡིན། །
དབྱིངས་ཕྱུག་མཚོ་ཡི་ཁ་ཡ་ན་ཟླ་མོ་དང་མོ་ཡི་གྲོགས་མོ་ཚོ། །
ཁ་བ་བབས་ཤིང་ཆར་བའི་རྗེས་སུ་ཉི་འོད་སེར་པོ་ས་ལ་ཟགས། །
བོད་ཀྱི་འཚོ་བ་ག་ཚོད་མཚོན་དང་མཚོན་དགོས་ཡོད་མེད་གློག་བརྙན་ལྟོས། །
སྤྱིན་ཤོག་དེ་ཚོ་གོང་ཆེན་ཡིན་མིན་བརྙན་ཕབ་འཕྲུལ་ཆས་གམ་ནས་དྲན། །
སྒེའུ་ཁུང་ཆུང་ཡང་གློག་བརྙན་འཚོ་བའི་ཚད་ཐིག་འཇལ་སའི་མེ་ལོང་བཞིན། །
ཀརྨ་པ་ཡི་རི་མོའི་ཚོན་མདངས་སྟོན་ཁའི་ཡུལ་ལྗོངས་ཧྲིལ་བོ་ཞིག །
དེ་ཡི་སྐོར་ནས་གློག་བརྙན་ཐུང་གྲས་ག་ཚོད་བཟོས་ཀྱང་ཆོག་པ་འདྲ། །
ལོ་གཞོན་བླ་ཆེན་འདི་ཡི་ཕྱག་སོར་སྒྱུ་རྩལ་བང་མཛོད་ཆེན་པོ་སྟེ། །
ནང་ཆོས་ཙམ་མིན་འཚོ་བ་ཆེན་མོའི་ཟུར་དང་དབུས་ཀྱི་དཀྱིལ་འཁོར་ཞིག །
ཞི་བདེ་ཉི་མས་ཐར་ལོར་བརྫུས་ཏེ་རྡོ་ལ་བརྡར་གྱི་རི་གཤམ་ནས། །
མཛེས་མ་དབྱིངས་ཕྱུག་འཕྲུལ་རྟ་ཟད་པོའི་འཕོང་ལ་འཇོག་མིན་མི་ཤེས་ལ། །
པད་མ་ཚེ་བརྟན་གངས་རི་བརྒལ་ནས་སྣེ་ལེན་ཁང་ལ་ཡོང་མིན་ཡང་། །
ང་ཡིས་མི་ཤེས་གཏན་ནས་མི་ཤེས་གློག་བརྙན་ཐར་ལོར་སྒུག་བཞིན་ཡོད། །
དབྱིངས་ཕྱུག་མཚོ་ཡི་མྱོས་བུམ་ཅི་བཞིན་མདང་ནུབ་ཟླ་བ་ཆེ་ཆེར་རྒྱས། །ཞེས་པའི་དཔེ་དེ་དངོས་བདེན་ཡིན་ཏེ། ཚན་རིག་པས་མདང་གི་ཚེས་པ་བཅོ་ལྔའི་ཟླ་བ་དེ། མི་ལོ་སོ་བཞིའི་རྗེས་ལ་ང་ཚོའི་ས་ཡི་གོ་ལ་དང་ཐག་ཉེ་ཤོས་ཆགས་པའི་ཉིན་མོའི་ཟླ་བ་ཡིན་པར་ངོས་འཛིན་བྱེད་བཞིན་འདུག
སྔོ་ཚོད་ཁྲོམ་ར་ཡང་ཡང་ཉུལ་ཡང་ཀེའུ་ཚོད་ད་དུང་མ་རྙེད་ཐལ། །ཀེའུ་ཚོད་ཟེར་ན་ཚོད་མ་གང་འདྲ་ཞིག་ཡིན་ནམ། ཨིན་སྐད་དུ་ཅི་ཟེར། ཅིག་གིས་གསུང་གྲོགས་མཛོད།
༅༅།་ཀླུ་སྨོན་གྱིས་ཙོམ་དེ་དངོས་གནས་ཡིད་ལ་ཤོར་སོང།
ངས་ངོས་ནས་ཁྱེད་ལ་བཀྲིས་བདེ་ལེགས་ཡོད།
འདི་འདྲ་བོ་བྲིས་གཏོང་བྱེད་དང་ང་ཚོ་ཚང་མར་ཕན་ལགས།
འདི་དང་འདི་འདྲ་ཡང་ཡང་བྲིས་དང་རང་རེ་དྲ་གྲོགས་ཀུན་ལ་ཕན།
༅༅། རང་རེའི་སྐད་ཡིག་མ་བརྗེད་རང་བཞིན་སེམས་ནང་ལྷང་ངེར་ངེས་པར་དྲན།
དྲན་ཞིང་དྲན་ཞིང་ཕ་སྐད་དྲན་ནས་ཕ་ཡུལ་ཕྱོགས་སུ་ལོག་རྐྱང་འདོད།
ཞིམ་པོ་མེད་ཀྱང་རང་བཟོས་ཆང་དེ་རང་གི་ངེས་པར་འཐུང་ལགས་སོ།
སེམས་སྐྱིད་མེད་ཀྱང་སྐྱིད་པོ་འདུག་ཞེས་ཕྱི་ལ་སྣང་བ་སྐྱིད་མདོག་བྱེད།
ཀེའུ་ཚོད་ཟེར་ན་ཚོད་མ་གང་འདྲ་ཞིག་ཡིན་ནམ། ཨིན་སྐད་དུ་ཅི་ཟེར། ཅིག་གིས་གསུང་གྲོགས་མཛོད།
མི་འདི་ཅི་འདྲའི་བསུན་པ། ཀེའུ་ཚོད་ཟེར་ན་སྒོག་རིགས་ཀྱི་སྔོ་ཚོད་ཅིག་རེད། ཨ་མདོས་ཀེའུ་ཚལ་མོག་མོག་བཟོ་འི་རེད། དྷ་སར་ཡོད། ཨ་རིར་ཡང་འདུག། མིང་ལ་གང་ཟེར་མི་ཤེས། དེ་གར་ཡང་ཡོད་སྲིད། ཨ་མདོ་ཞིག་ཡིན་ན་ཀེའུ་ཚོད་གང་ཡིན་ངོ་མི་ཤེས་མཁན་མེད།
ཡ་་། འོ་ན་ང་ཚོའི་འདི་བ་ཅུ་ཚེ་ཟེར་བ་ཞིག་ཡོད་དེ་ཡིན་པ་འདྲ།
མཆན་གསུམ་པར་ཀེའུ་ཚོད་ཟེར་ན་དབྱིན་ཇི་ནང་ལ་chive ཟེར་འདུག་སྙམ། གང་ལྟར་སྔོ་རིང་ཅིག་ཡིན་འདྲ།
chive ནི་རི་སྒོག་ལ་ཟེར། ད་ཕལ་ཆེར་ཧ་གོ་སོང་གསལ་བཤད་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ།
ཀླུ་སྨྱོན་ཁ་བརྡའི་དྲ་ངོས་སུ་འདས་ལོག་གནང་བར་ཧ་ཅང་དགའ་ཡོད།
རྩོམ་ཡག་པོ་དེ་ཡང་བཀླགས་ཟིན།
ཀླུ་སྨྱོན་ཁ་བརྡའི་འདས་ལོགས་ཕེབས་པར་ཧ་ཅང་དགའ་ཡོད། ཡིན་ནའང་ཀླུ་སྨྱོན་རྩོམ་བྲིས་བྱ་དགའི་དེ་ག་དུས་འདས་ལོགས་བྱུང་ན་སྙམས་ནས་རེ་འདུན་ཡོད། གལ་སྲིད་གནང་རྒྱུ་ཡིན་ན་ཆོས་རྒྱུད་རིས་མེད་ཅན་ནམ། ཆབ་སྲིད་པ་རྫ་ཚེ་རིང་ལ་དབུལ་གནང་རོག གལ་པོ་ཆེ་དོན་ཆེན་ལ་ཐུགས་རྗེས་གཟིགས། བླ་རུང་མཁན་ཆེན་རྣམས་ལ་མཚན་གནས་བེད་སྤྱོད་གནང་སྟེ་སོ་སོ་ཆེ་མཐོང་དང་། གྲགས་པ་ཆེད་ཁོང་རྣམས་ལ་ཞབས་བརྟན་གསོལ་འདེབས་ཞུ་རྒྱུ་དང་། བསྟོད་རྩོམ་འདྲ་མིན་སོགས་རེ་ཞིག་མ་གནང་ན་བཟང་འདུག་མང་པོས་ཞིག་བསམ་འཆར་འདུག ཁྱེད་རྣམ་ནི་རང་དབང་ཅན་དང་ཆབ་སྲིད་ཟློས་གར་ལ་ཞུགས་པ་དེར་བསྔགས་བརྗོད་ཡོད། ཕར་ཕྱོགས་ཀྱི་གནས་དུས་ཐམས་ཅད་ལ་དངོས་ཤུགས་རྒྱུད་གསུམ་ཐུགས་ཟབ་གནང་རོག ངས་ཐལ་མོ་སྙིང་ཁར་སྦྱར་ཏེ་ཞུ་གསོལ་ཡིན། དགོངས་འགལ་མི་གནང་བར་བཀྲིན་ཆེ།
ཐར་ལོས་རི་སྒང་སྐྱ་བོར་མི་ཚེ་བསྐྱལ།།
དེ་ནི་དར་ལྕོག་ཅིག་སྟེ་རླུང་ཁར་ཟད།།
དེ་ནི་མི་རབས་ཤིག་གི་སུན་སྣང་སྟེ།།
དེ་ཡིས་གློག་བརྙན་འཁྲབ་པར་བདག་འཚེར་རོ།།