–སྒོ་ཆེན་སྤྲུལ་མིང་གསང་སྔགས་བསྟན་འཛིན།
༄༅། །མ་ཧཱ་ཤཱཀྱ་མུ་ནེ་ཡེ། །
སྟོབས་བཅུ་ལུས་ཀྱི་རྩལ་ཆེན་རྫོགས། །
མ་འདྲེས་རལ་པའི་ཁུར་འཛིན་ཞིང་། །
མི་འཇིགས་བཞི་ཡི་ང་རོ་ཅན། །
མི་ཡི་སེང་གེ་དེ་ལ་འདུད། །
མ་འདྲིས་འགྲོ་བའི་མཛའ་བཤེས་ཁྱེད། །
མ་བོས་གཞན་གྱི་དོན་ལ་གཤེགས། །
མ་འོངས་འདས་དང་ད་ལྟ་སོགས། །
མ་ལུས་འགྲོ་མགོན་ཁྱེད་ལ་འདུད། །
མ་ལུས་འགྲོ་ཀུན་མར་ཤེས་ཤིང་། །
མ་ཡི་བཀའ་དྲིན་དྲན་པ་དང་། །
མ་ལ་དྲིན་ལན་གསབ་དགོས་ཞེས། །
མ་ཧཱ་མུ་ནེ་ཁྱེད་ཀྱིས་བསྒྲགས། །
མ་ཡུམ་གྱི་ནི་དྲིན་གཟོ་ཕྱིར། །
མ་ཐོགས་ལྷ་ཡི་ཡུལ་ལ་གཤེགས། །
མ་ལ་ཆོས་བསྟན་བདེན་པར་བཀོད། །
མ་གཞན་དོན་ཕྱིར་ལྷ་ལས་བབས། །
མ་ལ་ཁྱེད་ཀྱིས་བརྩེ་མཛད་བཞིན། །
མར་གྱུར་གཞན་ལ་དབྱེར་མི་མཛད། །
མ་དོན་ལྷ་ཡུལ་གཤེགས་བབས་ཕྱིར། །
མ་ལ་བསྙེན་བཀུར་དུས་ཆེན་ཡིན། །
མ་རྒན་རྣམས་ཀྱི་དྲིན་དྲན་ཞིང་། །
མ་ལ་བརྩི་ཞིང་བཀུར་བ་སོགས། །
མ་དོན་བསྒྲུབ་ན་སངས་རྒྱས་ཀྱི། །
མ་ལུས་ཐུགས་དགོངས་རྫོགས་པར་ངེས། །
མ་འགྱུར་མཁའ་མཉམ་འགྲོ་བ་ཀུན། །
མ་ཡིན་སྙམ་པའི་བརྩེ་བ་དང་། །
མ་ལུས་སྡུག་བསྔལ་འབྲལ་འདོད་ཀྱིས། །
མ་ལུས་བྱང་ཆུབ་སེམས་བསྐྱེད་མཛོད། །
དེས་ན་བདག་ཅག་སྟོན་པ་ཡིས། །
མ་ཡི་དྲིན་ལྡོན་དུས་ཡིན་ཕྱིར། །
ནང་པའི་ཨ་མའི་དུས་ཆེན་དུ། །
རྗེས་དྲན་ཞུས་ན་དོན་གནས་སྙམ། །
མ་ཡི་དྲིན་ལན་མ་འཇལ་བའི། །
བུ་ངན་གསང་སྔགས་བསྟན་འཛིན་དེས། །
སྤེལ་འདིས་དགེ་རྩ་གང་ལགས་པ། །
མ་རྒན་དོན་དུ་འགྱུར་བར་ཤོག །
ལྷ་བབ་དུས་ཆེན་རྗེས་དྲན་དུ་དམིགས་ཏེ་པདྨ་མཁའ་འགྲོའི་གླིང་ནས་ ༢༠༡༦ ཟླ ༡༡ པའི་ཚེས་ ༡༨ ལ་སྒོ་ཆེན་སྤྲུལ་མིང་གསང་སྔགས་བསྟན་འཛིན་ནས་སྤེལ། །
༅༅། ལྷ་བབ་དུས་ཆེན་དང་བསྟུན་ནས་སྒོ་ཆེན་སྤྲུལ་སྐུ་ནས་མ་དྲན་པར་གནང་བའི་རྕོམ་ཡིག་འདི་
གནང་བ་སྐུ་དྲིན་ཆེ། བཀྲིས་བདེ་ལེགས་ཞུ།
༅༅། རི་ཁ་བ་ཅན་འདི་རི་ཡི་ཡུལ། རི་རེ་ལ་མིང་རེ་ཡོད་ན་ཡང།
རིའི་རི་རྒྱུད་དེད་ན་རི་གཅིག་རེད། རི་བརྟན་བརླིང་འཛོམས་པའི་བཀྲིས་ཤོག།
རི་ཁ་བ་ཅན་འདི་བོད་པའི་ཡུལ། བོད་མི་རེར་མིང་རེ་ཡོད་ན་ཡང།
མིའི་མི་རྒྱུད་དེད་ན་ཁྱིམ་ཅིག་རེད། ཁྱིམ་གཅིག་ལ་འཛོམས་པ་ལས་འབྲེལ་རེད།
འདིར་འཛོམས་པའི་མི་ལ་བདེ་སྐྱིད་ཤོག།
སྟོན་པས།
མ་དྲིན་འཇལ་ཕྱིར་ལྷ་ཡུལ་ཕེབས། །
མ་ལ་ཆོས་གསུངས་ཆེད་དུ་ཕེབས། །
མ་དང་དགའ་ལྡན་ལྷ་ལས་བབས། །
མ་དང་མ་དྲིན་ཉིན་མོར་བརྩིས། །
ཀརྡོས།
མ་ལ་བརྩེ་སེམས་རྟག་ཏུ་ཆོངས། །
མ་ཡི་སྐུ་དྲིན་རྟག་ཏུ་སོམས། །
མ་ཡི་ཉིན་མོ་ལོ་ལྟར་དགོས། །
མག་ཡི་ཉིན་དེ་ལྷ་བབས་ཉིན། །
ཕ་དང་མ་བྱེད་སྤོབས་པ་མི་ལྡན་པ།
ཕ་མའི་འཁོར་བ་སྐྱིད་ཀྱི་རྩ་བ་ལ།།
དུག་ལྟར་གཟིགས་པའི་སྤྲུལ་བའི་སྐུ་སྐྱེས་ཚོས།།
དྲིན་ལེན་དྲན་མདོག་བྱེད་པ་ཨ་ཚ་ཚ།
རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དགེ་སྒྲུབ་སྡིག་སྤོང་ལ་འབད་པར་འཚལ།
གསུང་རྩོམ་དང་དགོངས་ཚུལ་ལེགས་ཀྱང་། སངས་རྒྱས་རབ་བྱུང་གི་ཆ་བྱད་ལ། མ་འདྲེས་རལ་པའི་ཁུར་འཛིན་ཞེས་གསོལ་ན་འདྲ་ཆགས་པོ་རང་ཨེ་ཡོད་སྙམ།