དགུ་རོང་སྤུན་གྲོལ། (རྒྱང་མིག་གིས་འོས་སྦྱོར་བྱས།)
སྐུ་ཞབས་པདྨ་ཚེ་བརྟན་ལགས་ནི་རྒྱ་ནང་ལ་ཕྱིན་ཏེ་རྒྱའི་སྐད་ཡིག་ཐོག་ནས་གློག་བརྙན་ལས་རིགས་སྦྱངས་རྗེས། ཕ་སྐད་གློག་བརྙན་བཟོ་སྐྲུན་གྱི་ལས་སུ་གཞོལ། ཡིན་ནའང་། ཁོང་གིས་བྲིས་པའི་འཁྲབ་གཞུང་དང་བརྩམས་སྒྲུང་གི་སྐད་ཆའི་སྒྱུ་རྩལ་ནི་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ནང་གི་སྐད་ཆའི་སྒྱུ་རྩལ་བཞིན་སོར་གནས་ལས་ཡར་རྒྱས་ཕྱིན་ཡོད་པའི་ཚོར་སྣང་བདག་ལ་བྱུང་མ་སོང་། <<ཐར་ལོའི>>འཁྲབ་ཚིག་དང་བརྩམས་སྒྲུང<<བསླུ་བྲིད>>གཉིས་ལྟ་བུའོ།།
བདག་ཉིད་ཀྱིས་རྩོམ་རིག་གི་སྐད་ཆ་གསར་སྐྲུན་བྱེད་པའི་རིག་རྩལ་ལ་དབང་འབྱོར་བའི་བོད་ཀྱི་རྩོམ་པ་པོ་ཞིག་ཡུན་རིང་འཚོལ་ཞིབ་བྱས་མོད། འོན་ཀྱང། ཡིད་སྐྱོ་བ་ཞིག་ནི་ད་ལྟའི་ཚུན་ལ་རྙེད་མ་བྱུང་། དེང་སྐབས་བྲིས་པའི་བརྩམས་སྒྲུང་ཕལ་མོ་ཆེ་ཞིག་ནི་ཇི་བཞིན་དུ་ལྷུག་པོར་བརྗོད་པ་ཤས་ཆེ་བར་གཏོགས་ཀྱི་རྩོམ་མཁན་རང་ཉིད་ཀྱི་སེམས་ཀྱི་སྣང་སྐྱེད་ནུས་པས་གསར་སྐྲུན་བགྱིས་པའི་བརྗོད་ཚུལ་ཁྱད་པར་ཅན་ཞིག་མཐོང་དཀོན། ངས་པདྨ་ཚེ་བརྟན་ལ་དོ་སྣང་བྱེད་དོན་ནི་ཁ་གསག་དང་དམོད་ཟོར་འཕེན་བསམ་པ་ཞིག་ལར་ནས་མིན། འོ་ན་གང་ཡིན་ཅེ་ན། ཞོགས་དུང་གི་སྐད་ཆ་ཞིག་གི་སྣེ་དྲངས་ཚེ། བོད་འདི་བླུན་པོ་ཆུ་སྣ་གར་ཁྲིད་ལྟ་བུ་ཞིག་རེད་པས། ཁོང་དང་ཁོང་ལྟ་བུ་དག་གིས་ཆུ་སྣ་འཁྲིད་སྐབས་མི་རིགས་འདིའི་མ་འོངས་པའི་མདུན་ལམ་དྲང་ཕྱོགས་སུ་ཁྲིད་ན་སྙམ་པའི་རེ་འདུན་གྱིས་ཁེངས་པས་ཡིན།
འོ་ཅག་གིས་ལོ་རབས་བརྒྱད་ཅུ་པར་ཕྱིར་ལྟ་ཞིག་བགྱིས་ཚེ། ཡིད་ཀྱི་མེ་ལོང་ངོས་སུ་གསལ་ལེར་འཆར་འོངས་པ་ནི་ལམ་མེད་སར་ལམ་བཏོད་མཁན་གྱི་མི་སྣ་དེ་དག་རེད། སྐུ་ཞབས་རང་གྲོལ་གྱིས་རང་མོས་སྙན་ངག་གམ་རང་དབང་སྙན་ངག་ཅིག་བྲིས་རྗེས་ཤེས་མི་ཤེས་གཉིས་ཀྱིས་རང་མོས་སྙན་ངག་བྲིས་ཏེ་འོངས་པ་རེད། སྐུ་ཞབས་ཞོགས་དུང་གིས་འབོལ་རྩོམ་ཞིག་བྲིས་རྗེས་ཤེས་མི་ཤེས་གཉིས་ཀྱིས་འབོལ་རྩོམ་བྲིས་ཏེ་འོངས་པ་རེད། སྐུ་ཞབས་པདྨ་ཚེ་བརྟན་གྱིས་ཕ་སྐད་གློག་བརྙན་ཞིག་བཟོས་རྗེས་ཤེས་མི་ཤེས་གཉིས་ཀྱིས་གློག་བརྙན་བཟོ་བཞིན་ཡོད་པའི་སྣང་བ་ཞིག་འབྱུང་གིན་འདུག ཡིན་ནའང་། ལེགས་གྲུབ་བྱུང་ཡོད་པ་ནི་སྔར་བཞིན་ལམ་བཏོད་མཁན་དེ་དག་ཁོ་ན་རེད། ཁོང་ཅག་གསུམ་གས་རྒྱ་ཡིག་སྦྱངས་ཤིང་དེ་ཉིད་རྨང་རྟེན་བགྱིས་ནས་རང་ཉིད་ཀྱི་རིག་པའི་རྩལ་མངོན་པར་འདྲ་ཡང་། ཁོང་ཅག་མི་འདྲ་བའི་ཟུར་གཅིག་ནི་བོད་ཡིག་ཏུ་བྲིས་པའི་སྐད་ཆའི་བརྗོད་པ་དང་ཡི་གེའི་རྩལ་འདོན་སྟངས་དེ་རེད། རང་གྲོལ་དང་ཞོགས་དུང་གཉིས་ཀྱི་བོད་ཡིག་གི་སྐད་ཆའི་བརྗོད་སྟངས་ནི་བོད་ཡིག་གི་བརྡ་སྤྲོད་སྟངས་ཀྱི་ཆོས་ཉིད་དང་འགལ་ཡོད་པ་ཞིག་བཙལ་ཀྱང་རྙེད་དུ་མེད་པའི་ཚོད་ཡིན། པདྨ་ཚེ་བརྟན་གྱི་བོད་ཡིག་གི་སྐད་ཆའི་བརྗོད་སྟངས་ནི་རྒྱ་ཡིག་གི་བརྗོད་སྟངས་ཀྱི་དབང་དུ་གྱུར་པ་མང་དུ་མཐོང་། འདིའི་ན་ཚ་འདི་ཇི་ལྟར་བྱུང་བ་རེད་ཟེར་ན། བོད་ཡིག་གི་དེབ་མང་པོར་བལྟས་དང་མ་བལྟས་གྱི་མཚམས་ནས་བྱུང་བར་སེམས།
བོད་ཀྱི་རྩོམ་པ་པོ་ཞིག་གི་དཔེ་སྒྲོམ་ནང་དུ་བོད་ཡིག་གི་དེབ་ཀྱིས་བརྒྱ་ཆའི་བདུན་ཅུ་ཟིན་ཡོད་ཚེ། གང་དེེས་བྲིས་པའི་རྩོམ་ཡིག་ལ་རྒྱ་ཡིག་གི་བརྗོད་སྟངས་ཀྱི་ཤན་འཇུག་དཀའ་བ་ནི་ཆོས་ཉིད་རེད། ངས་ཚོད་དཔག་བྱས་པ་འདི་ནོར་མེད་ཚེ། ཧ་ལམ་འདི་འདྲ་ཞིག་རེད་སྙམ་སྟེ། བོད་ཀྱི་རྩོམ་པ་པོ་ཞིག་གི་བརྩམས་ཆོས་ཀྱི་སྐད་ཆའི་བརྗོད་སྟངས་དེ་གཞན་སྐད་ཀྱི་དབང་དུ་གྱུར་ཡོད་ཚེ། གང་དེས་རྩོམ་གྱི་སྒྲིག་གཞི་ཐོག་མར་བཟོ་སྐབས་རྒྱ་ཡིག་གི་ལམ་ནས་མནོ་བསམ་བཏང་རྗེས་དེ་དག་གཞི་ནས་བོད་ཡིག་ཏུ་བཅོས་ཏེ་བྱུང་བར་སྙམ། མདོར་དྲིལ་ན། དུས་རྒྱུན་བོད་ཡིག་གི་དེབ་ལྟ་ཀློག་བྱེད་ཀྱིན་མེད་པ་དང་བོད་ཡིག་གི་ལམ་ནས་རྩོམ་གྱི་སྒྲིག་གཞིའི་རྨང་འདིང་གིན་མེད་པ་ཨེ་ཡིན་སྙམ་གྱིན་ཡོད། ན་ཚ་འདི་འགོས་ཡོད་མཁན་ནི་པདྨ་ཚེ་བརྟན་ཁོང་གཅིག་པུ་མ་ཡིན་ཏེ། སློབ་གྲྭར་ཕྱིན་མྱོང་བའི་རྩོམ་པ་པོ་མང་ཤོས་དེ་འདྲ་རེད། འདི་ནི་ཁོང་ཚོར་གོམས་འདྲིས་སུ་གྱུར་ཡོད་པས་ན་ཚ་ཞིག་ཡིན་པར་བསམ་གྱིན་མེད་ལ། དེ་ན་ཚ་ཞིག་རེད་བསྙད་ནའང་འཕྲལ་མུར་ཁྲོ་སྡང་སྐྱེ་སྲིད།
ལར། པདྨ་ཚེ་བརྟན་ཁོང་གིས་པོད་ཕྲན་དང་སྐད་འཕྲིན་དུ་བོད་ཡིག་བྲིས་ཡོད་པ་མཐོང་དཀོན། རེད། ཁོང་རྒྱ་ནང་ལ་ཕྱིན་ཏེ་རྒྱའི་ངོ་ཤེས་མང་པོ་ཡོད་སྲིད། ཡིན་ནའང་། འོ་ཅག་གིས་ཤེས་དགོས་པ་དེ་ནི། མཐོ་རིམ་གྱི་ཚད་དུ་སླེབས་པའི་རྒྱའི་འཁྲབ་ཁྲིད་པ་དག་ཕྱི་རྒྱལ་དུ་ཕྱིན་ཏེ་ཕྱི་གླིང་གི་ངོ་ཤེས་མང་པོ་ཡོད་སྲིད་མོད། འོན་ཀྱང་། ཁོ་ཚོས་པོད་ཕྲན་དང་སྐད་འཕྲིན་དུ་དུས་རྒྱུན་ཕྱི་ཡིག་འབྲི་བཞིན་མེད་པ་དེའོ།། ཁོ་ཚོས་ཅིའི་ཕྱིར་ཕྱི་ཡིག་མ་བྲིས་པ་རེད། ཁྱོད་ཅག་གིས་དེའི་ཐད་ནས་བསམ་བློ་བཏང་མྱོང་ངམ། སྤྱིར། རྒྱ་ནག་ལ་མི་འབོར་མང་བས་ཁོ་ཚོའི་སྐད་ཡིག་ཉམས་པའི་དོགས་སྣང་སུ་ལའང་ཡོད་མ་རེད། དེའི་ཐད་ནས་མནོ་བསམ་རེ་བཏང་ན་ཁོ་ཚོས་རང་ཉིད་ཀྱི་ཤེས་ཚད་ངོམས་ན་འགྲིག་མོད། འོན་ཀྱང་། ཁོ་ཚོས་ངོམས་མེད། ཅིའི་ཕྱིར། དེ་ནི་རང་ཉིད་ལ་རང་ཉིད་ཀྱི་སྐད་དང་ཡི་གེ་ཡོད་པའི་ཁོ་ཚོའི་དྲན་ཤེས་མ་ཉམས་པས་རེད་འདོད། རྒྱ་ནག་གི་གཞས་པ་གཞས་མ་སྐར་ཆེན་དུ་ཁས་འཆེས་པ་དག་ཀྱང་ཕྱི་རྒྱལ་ལ་ཕྱིན་ཡོད་པ་གོར་མ་ཆག་ལ། ཕྱི་རྒྱལ་དུ་ལོ་མང་བསྡད་པ་ཡང་ཡོད། ཁོ་ཚོས་རང་ཉིད་ཀྱི་མི་རིགས་ལ་ཕྱི་སྐད་ཅིའི་ཕྱིར་མ་བཤད་པ་རེད།
རྒྱ་ནག་གི་ཕྱི་འགྲིམ་སློབ་མ་ནི་ལོ་རེར་ཁྲི་ཕྲག་ལྟ་བུ་འབྱུང་བཞིན་ཡོད་ལ་དེ་དག་ཕྱི་རྒྱལ་དུ་ལོ་བཞི་ལྔའི་རིང་བསྡད་ཀྱང་ཁོ་ཚོས་རང་ཉིད་ཀྱི་ཕ་སྐད་བརྗེད་མེད་ལ། དུས་རྒྱུན་འཚོ་བའི་ཁྲོད་ནས་ཀྱང་རང་སྐད་བཤད། འོ་ཅག་གི་སྐར་ཆེན་དུ་ཁས་འཆེས་མཁན་དག་དང་སློབ་ཆེན་འགྲིམ་མཁན་རྣམས་རྒྱ་ནང་དུ་ལོ་ཤས་རིང་བསྡད་རྗེས་འཛམ་གླིང་མཐོང་སོང་སྙམ་པའི་ང་རྒྱལ་ཞིག་གིས་རང་སྐད་མ་སྤྱད་པར་གཞན་སྐད་སྤྱོད་པ་དཔེ་གསར་ཞིག་ལ་ལྟ་བཞིན་ཡོད་པ་འདི་འོ་ཅག་གི་སྐད་ཡིག་འཇིག་པའི་སྔ་ལྟོས་ཤིག་མ་ཡིན་ནམ།
དུས་མཚུངས་སུ། <<ཐར་ལོ>>ཟེར་བའི་གློག་བརྙན་བོད་ཁུལ་དུ་སྟོན་པའི་བརྡ་ཁྱབ་དེའི་ནང་གླུ་བ་ཡར་དུང་སོགས་ཀྱིས་རྒྱ་སྐད་ཀྱིས་བཤད་པ་འགྲིག་མིན་ཐད་ནས་ཀྱང་འདེམས་ཤོག་འཕེན་གྱིན་འདུག རྒྱ་ནག་གི་གཞས་པ་གྲགས་ཅན་ཞིག་གིས་རྒྱ་རིགས་རྣམས་ཀྱིས་མཐོང་དགོས་པའི་བརྡ་ཁྱབ་ཅིག་ཏུ་དབྱིན་སྐད་དང་ཧྥ་སྐད་ཀྱིས་བཤད་ཚེ་དེ་འགྲིག་མིན་ཐད་ནས་རྒྱ་ནག་ཏུ་འདེམས་ཤོག་འཕེན་སྲིད་དམ། དེས་ན། གླུ་བ་ཡར་དུང་སོགས་ལ་སེམས་ཁམས་དེ་ཇི་ལྟར་སྐྱེས་པ་རེད། ངས་བལྟས་ན། དེ་ནི་དུས་རྒྱུན་འཚོ་བའི་ཁྲོད་ནས་རྒྱུན་གོམས་སུ་ཕྱིན་པའི་རྐྱེན་རེད་སྙམ། མདོར་བཤད་ན། རྒྱ་མི་རིགས་ཟེར་བ་འདི་དྲན་ཤེས་ཉམས་པའི་མི་རིགས་ཤིག་ལར་ནས་མ་རེད་སྙམ། དྲན་ཤེས་ཉམས་པའི་བོད་ཀྱི་གཞས་པ་གཞས་མ་དེ་ཚོ་བོད་ཀྱི་མགྲིན་ཚབ་པ་ཞིག་ཇི་ལྟར་ཆགས་དགོས། བོད་ཡིག་གི་ཐད་ནས་བཤད་ན། གླུ་བ་ཡར་དུང་ལགས་ཀྱང་ཡིག་རྨོངས་པ་ཕྱེད་ཀ་ཞིག་ཡིན། ཁོའི་གཤམ་གྱི་གཞས་པ་གཞས་མ་རྣམས་ཀྱང་ཡིག་རྨོངས་པ་ཕྱེད་ཀ་ཞིག་ཡིན་པས་ཁོ་ཚོ་ནི་བོད་ཀྱི་མགྲིན་ཚབ་པ་ཡིན་ཟེར་ན་ཅི་རེད། དེས་ན། རེབ་གོང་གཅེས་ལོ་བོད་ཀྱི་མགྲིན་ཚབ་པ་ཅི་ལ་མིན་ནམ། གར་སྟེགས་དང་གློག་འོད་ཡོད་མེད་ཙམ་ལས་ཁོ་ཚོའི་རང་བཞིན་གཅིག་པར་སྙམ། སྟབས་བདེའི་ངང་ནས་འབྲས་བུ་ཐོབ་སྙེག་བྱེད་པ་ལྟ་བུའོ།།
གང་ལྟར་ཀྱང་། པདྨ་ཚེ་བརྟན་ཟི་ལིང་གི་གནམ་ཐང་དུ་སྒྲིག་འགལ་གྱིས་ཞག་གཅིག་བཀག་ཉར་བྱས་པའི་སྣང་ཚུལ་བྱུང་བའི་རྗེས་ནས་བཟུང་ཁོང་གིས་སྐད་འཕྲིན་དུ་བོད་རྒྱ་ཟུང་གིས་འབྲི་སྤེལ་བྱེད་པ་ལྟ་བུ་ཞིག་ཆགས་སོང་། ངས་བལྟས་ན་དེ་ནི་ཁོང་གི་འགྱུར་ལྡོག་ཅིག་རེད་འདོད་ཀྱིན་ཡོད། འབའ་ཕུན་དང་པཎ་ཆེན་བཅུ་པ་ལྟ་བུ་སུ་ཡིན་ཀྱང་། བཙོན་ཁང་དུ་ཕྱིན་རྗེས་སུ་ད་གཟོད་མི་རིགས་ཀྱི་སྐད་ཡིག་གལ་འགངས་ཆེ་བའི་འདུ་ཤེས་གསར་དུ་སྐྱེས་པ་རེད། སྔར་པདྨ་ཚེ་བརྟན་ཞག་གཅིག་བཀག་ཉར་བྱས་པའི་སྣང་ཚུལ་ཐད་ནས་བྲིས་པའི་རྩོམ་གྱི་ནང་བདག་གིས་དེ་ནི་རྐྱེན་ངན་གྲོགས་ཤར་དུ་འགྲོ་སྲིད་ཚུལ་བསྙད་ཡོད་ལ་དེ་བཞིན་དུ་ཁོང་ལ་འགྱུར་ལྡོག་གཅིག་བྱུང་སོང་སྙམ་མོ།། འགྱུར་ལྡོག་དེར་བདག་གིས་ཡིད་འཇོག་དང་ཡིད་མགུའི་རྣམ་འགྱུར་སྟོན་གྱིན་ཡོད། དོ་ཞག་ཆུ་སྣ་གར་ཁྲིད་ལྟ་བུའི་བླུན་པོ་ཁག་ཅིག་གིས་དྲ་ལམ་ནས་བོད་པ་རང་ཉིད་ཀྱིས་བོད་ཡིག་སྤྱོད་མིན་ཐད་ནས་འདེམས་ཤོག་འདྲ་འཕེན་གྱིན་ཡོད་པའི་སྣང་ཚུལ་འདུག
འོ་ཅག་གྲངས་ཉུང་མི་རིགས་ཤིག་ཡིན་པའི་ཆ་ནས་མི་རིགས་དེའི་སྐད་ཡིག་སྤྱོད་མིན་ཐད་ལ་གདམ་ཀ་བྱེད་པའི་འོས་བབ་དང་ཐོབ་ཐང་ཡོད་མ་རེད། དེ་ནི་འོ་ཅག་གི་འོས་འགན་རེད། འོས་འགན་དང་ཐོབ་ཐང་གཉིས་གཅིག་པ་མ་རེད། ཐོབ་ཐང་ལ་གདམ་ཀ་ཡོད་ཀྱང་འོས་འགན་ལ་གདམ་ཀ་མེད། ཅིས་ཀྱང་སྒྲུབ་དགོས། དེ་བས། འོས་འགན་ཞིག་གི་ཐད་ནས་འདེམས་ཤོག་འཕེན་དུ་མེད། དེ་བཞིན་དུ། འོ་ཅག་གི་གྲངས་ཉུང་མི་རིགས་འདི་ད་ལྟ་རྒྱལ་ཁོངས་གཅིག་ཏུ་གནས་ཡོད་པས་རྒྱལ་ཁབ་དེའི་གཞུང་སྤྱོད་སྐད་ཡིག་དེ་ཡང་ཤེས་དགོས་པའི་གནས་སྟངས་ཁྲོད་སླེབས་ཡོད། དེར་བརྟེན། བདག་གིས་སྔར་རྩོམ་དུ་བཀོད་ཟིན་པ་ལྟར་གྲངས་ཉུང་མི་རིགས་ཤིག་གི་སྐད་ཡིག་དང་གཞུང་སྤྱོད་སྐད་ཡིག་གཉིས་འདྲ་མཉམ་ཡིན་པས་གཉིས་ཀའི་ཐད་ནས་ཀྱང་གདམ་ཀ་མེད། རང་གི་སྐད་ཡིག་སྦྱངས་ན་འཚོ་གནས་ཀྱི་གནད་དོན་ཐག་གཅོད་ཐུབ་ཀྱིན་མི་འདུག་ཟེར་ནས་རང་གི་སྐད་ཡིག་དེ་འཚོ་གནས་ཀྱི་ལག་ཆ་ལྟ་བུར་བསྒྱུར་ན་ག་ནས་འགྲིག རང་གི་སྐད་ཡིག་ནི་བླ་སྲོག་ཅིག་ཡིན་པའི་སྒང་ལ་ད་དུང་རིག་གནས་ཤིག་ཀྱང་ཡིན། རྒྱུ་མཚན་ནི། མི་རིགས་དེའི་ལོ་རྒྱུས་དང་ཡུལ་སྲོལ་གྱི་གཟུང་ཐག་ནི་སྐད་ཡིག་དང་སྐད་བརྡ་གཉིས་ཡིན་པས་རེད། འདི་ནི་གཞུང་སྒེར་སུ་ཡིན་ཀྱང་ངེས་ཤེས་གསལ་པོར་འདྲོང་དགོས་པའི་ཚོད་ཡིན།
དྲན་ཤེས་ཉམས་པའི་ཁོར་ཡུག་འདི་ནས་དྲི་གཞི་ཆེན་པོ་ཞིག་གིས་བདག་སེམས་ཞི་བར་གནས་སུ་མ་བཅུག་པས། སྐབས་རེར། མི་འབོར་ས་ཡ་དྲུག་ཡོད་ཟེར་བའི་བོད་པ་འདི་མི་འབོར་ས་ཡ་གསུམ་ཡོད་པའི་ཕྱི་སོག་དང་བསྡུར་བ་བྱས་ནི་རེད། ང་ཚོ་ནི་དེ་དང་བསྡུར་ན་ཕྱོགས་གང་ཅིའི་ཐད་ནས་རྗེས་ལུས་རེད། དེ་བས། ང་ཚོར་མི་འབོར་ཉུང་བའི་སྐྱོན་མ་ཡིན་ཏེ་ང་ཚོའི་དྲན་ཤེས་ཉམས་པའི་གནད་ཡིན་པའི་ངེས་པ་བརྙེས། སྐད་ཡིག་གི་རིན་ཐང་ནི་བཀོད་སྤྱོད་ཀྱི་སྟེང་ན་ཡོད། བཀོད་སྤྱོད་མ་བྱས་པར་དེའི་རིན་ཐང་བཤད་པ་ནི་ཤེས་བཞིན་གྱི་ངང་ནས་མི་རིགས་འདི་གཡང་ལ་བརྫངས་པ་དང་ཆ་འདྲའོ།།
བོད་སྐད་གློག་བརྙན་ཡག་ཉེས་བཟོ་ཐུབ་མིན་གྱི་དུས་ཚོད་ལ་སླེབས་མི་འདུག འོནད་ཀྱང་། རང་སྐད་དུ་སྐད་ཡིག་གཞན་དུ་ཡོད་པ་དག བོད་སྐད་དུ་ཚད་མཐོར་བསྒྱུར་ནས་སྤེལ་ཐུབ་ན་དེ། དེབས་བཟང་བར་ངེས་སོ་སྙམ་མོ།།
ཁོས་ཁྲབ་ཁྲིད་བྱས་བའི་གློག་བརྙན་ལ་ལྟ་འདོད་ཞེ་དྲག་ཡོད། ཡིན་པ་ཡིན་ན་ཡང་། ད་དུང་དེའི་ལས་དང་སྐལ་བ་མ་རེག།
གློག་བརྙེན་གྱི་ལས་དོན་པ་བརྒྱ་ཆ་དགུ་བཅུའི་རེ་འབྲས་ནི། རང་ཆེས་དགའ་སའི་སྒྱུ་རྩལ་གྱི་ལམ་ནས་རྒྱུ་འཚོལ་བ་དེ་ཡིན། དེ་ལེགས་འགྲུབ་བྱུང་ན། ཁོ་སྒྱུ་རྩལ་བ་ཞིག་ཡིན་པ་ཐག་གིས་ཆོད་པ་རེད། ཁོས་དགྱ་ཡིག་དང་དགྱ་སྐད་ག་རེ་བཤད་ན་འགྲིག་པ་ཞིག་རེད།
ཡིན་གཅིག་མིན་གཅིག། ཁོ་བོད་མི་རིགས་གྱི་དཔེ་སྟོན་པ་ཞིག་བྱེད་དགོས་བའམ་ཆགས་དགོས་བའི་བཙན་བཀའ་ཞིག་དང་འགན་ཁུར་ཞིག་ཁོའི་རྒྱབ་ལ་བཀལ་མི་ཆོག།
ཁོ་ས་བཅུད་ཀྱིས་ཚོད་ཀྱི་རི་དྭགས་ཞིག་ཡིན་པ་འདྲ། དེས་འགྲིག་མི་འདུག་གམ། ཨ།
སྒྱུ་རྩལ་ཕར་ཕྱོགས་ཀྱི་ལམ་སྣེ་ནི་གྱེས་བ་སྟོང་དུ་ཡོད་ཆོག་པའི་ལམ་ཁ་སྣ་མང་ཞིག་ཡིན་པས། ཚོད་ཚོད་ལ་ཁ་ཚོད་ཚོད་མེད་དུ་བཅད་ན། རང་ནི་སྐར་མ་འོད་ཆེན་ཙམ་ཞིག། ཧ་ཧ་ཧ།
གཞན་གྱིས་ཡིད་འཕྲོག་མི་ནུས་པའི་སྒྱུ་རྩལ་དང་། དེ་ལ་བརྟེན་ནས་བཟོ་མཁན་རང་ཉིད་ལ་ཁེ་བབས་བཟོ་མ་ཐུབ་པ་ན། སྒྱུ་རྩལ་ཡག་པོ་ཅིག་ཆགས་ཐུབ་ཡོད་མ་རེད་དོ།།
བོད་ཀྱི་གློག་བརྙན་དང་པདྨ་ཚེ་བརྟན།
་
http://www.tibet3.cn/video/forum/2016-11-18/8642.html