རྩེཿ མུན་སེལ།
ལྷན་སྐྱེས་རིག་པའི་ཟིལ་ཤུགས་ཞན་པའི་ཁར།།
སྦྱངས་སྟོབས་རིག་པའི་ནུས་རྩལ་མི་ཆེ་ཡང་།།
རང་མཉམ་བློ་གསར་འགའ་ལ་ཕན་པའི་བློས།།
དེང་འདིར་གལ་ཆེའི་གཏམ་འགའ་ཡོན་དུ་སྦྲེང་།།
འཕྲལ་ཡུན་ལེགས་ཚོགས་མ་ལུས་འབྱུང་བའི་གནས།།
འཛད་མེད་གཏེར་དུ་བརྙེས་པའི་མ་ཎི་ཀ།
ཉེ་བར་འགྲུབ་སླད་ཡང་དག་ཤེས་བྱའི་བཅུད།།
གཉིད་དང་རྩེ་འཇོ་སྤོངས་ལ་འབད་པས་སྦྱོངས།།
ཕོང་བའི་གཡང་སར་འདྲེན་པ་སྡིག་པའི་གྲོགས།།
བློ་གཙང་ཕྱི་ཐག་རིང་བ་འོས་པའི་བཤེས།།
མཛེ་བོའི་ནད་དང་རིན་ཆེན་ནོར་ཇི་བཞིན།།
ལེགས་པར་བརྟགས་ལ་གང་བཟང་མ་ནོར་གཅེས།།
དགེ་སློབ་དམ་ཚིག་གཙང་མ་གསེར་གྱི་རྒྱ།།
གཞི་མེད་རལ་བར་གཏོང་བའི་མཚོན་ཆ་སྟེ།།
རྫུན་གྱི་གཞུ་ལ་བདུངས་པ་ཕྲ་མའི་མདའ།།
སླེབས་ཀྱང་ཚུགས་པར་མི་ནུས་གོ་ཆ་བགོས།།
ངལ་བ་ཕྲན་བུ་ཙམ་ཡང་མི་བགྱིད་པར།།
ལྟག་སྒོའི་དངུལ་དང་གུས་ཞུམ་ངོ་དགའི་ངང་།།
འཚོ་བྱེད་དམ་པར་བརྫུ་འདོད་ཧམ་སེམས་ཅན།།
དེ་འདྲའི་ལད་མོ་སྤོངས་ལ་རང་ནུས་སྐྱེད།།
བག་ཡོད་སྨན་གྱིས་རྟོག་པའི་འཕྲོ་རྒོད་ཞི།།
དེ་ལས་རིག་པ་དྭངས་པར་བྱེད་པས་ན།།
ཡོན་ཏན་རྐང་བརྟེན་རྣམ་དག་ཁྲིམས་ཀྱི་ཚུལ།།
དྲན་ཤེས་བརྟན་པོའི་སྒོ་ནས་བསྲུང་བར་མཛོད།།
གསོ་དཔྱད་བསླབ་པ་རླབས་ཆེན་བྱ་བའི་ཕུལ།།
ཚུལ་བཞིན་འཇུག་ལ་བདུད་ཀྱི་བར་གཅོད་མང་།།
ཚིག་ཙམ་མ་ཡིན་མི་ཕྱེད་དད་པའི་བློས།།
སྔ་དགོང་ཀུན་ཏུ་བཟླས་བརྗོད་བྱ་བར་རེམས།།
ཉུང་བས་བསྒྲུབ་པར་དཀའ་བ་ཆེན་པོའི་དོན།།
ཐོབ་པས་ཕན་པར་ངེས་པ་ནོར་གྱི་རིགས།།
གྲོགས་དང་གྲོས་ཀྱི་དཔུང་བ་མཉམ་སྦྲེལ་ནས།།
ཞུམ་མེད་སྤོབས་པའི་ཤུགས་ཀྱིས་བསྒྲུབ་ན་བཟང་།།
ཁོར་ཡུག་གཙང་སྦྲ་ལྡན་ན་སྐྱིད་སྣང་སྟེར།།
ཟས་སྤྱོད་ཚུལ་བཞིན་བརྟེན་ན་འབྱུང་བཞི་སྙོམས།།
ཕྱི་ནང་འཕྲོད་བསྟེན་དགེ་མཚན་ཤེས་པའི་ངང་།།
རྣམ་ཀུན་གཙང་སྦྲ་བྱ་བའི་ལས་ལ་འབུངས།།
ཕོངས་པའི་མི་ལ་སྨད་པས་མི་བརྙས་ཤིང་།།
འབྱོར་ལྡན་ནོར་ལ་བརྣབ་སེམས་མི་བྱེད་པར།།
རང་ཚུགས་ཟུངས་ལ་སུར་ཡང་བསྟུན་མཁས་ཀྱིས།།
དགའ་བའི་ནོར་དང་གུས་པའི་བློ་ཡིས་རྟེན།།
མི་ཡི་རིགས་རྒྱུད་རྒྱལ་ཁབ་ཆེ་ཆུང་དང་།།
གྲུབ་མཐའི་ས་མཚམས་སྲོལ་གྱི་འབྱུང་ཁུངས་བཅས།།
རིས་སུ་འཐེན་ཏེ་རྩོད་གླེང་མི་བྱེད་པར།།
རྟག་ཏུ་མོས་པའི་འཛུམ་གྱིས་འགྲོགས་ཤིག་ཀྱེ།།
དེ་སྐད་གསོང་བོའི་ལམ་ནས་བཀོད་པའི་གཏམ།།
ཆེན་པོར་སྤྲེལ་ལད་འཁྲབ་ལ་མི་མོས་ཤིང་།།
དམན་པར་བརྙས་ལ་དེ་བས་མི་དགའ་བ།།
དྲང་བདེན་ལམ་ལ་དུང་བ་དེ་ཡིས་སོ།།
ཅེས་པའང་རྩེཿམུན་སེལ་དུ་འབོད་པས༢༠༡༦་ཚེས་༡༤ཉིན་གྱི་ཞོགས་པའི་ཉི་ཤར་གྱི་དུས་སུ་མགྱོགས་པོར་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ།
༅༅། རྕེ་མུན་སེལ་ལགས་ནས་དཔེ་མི་སྲིད་པའི་རྕོམ་མཛད་གནང་འདུག་པ་ཐུགས་རྗེ་ཆེ།
བཤེས་པའི་སྤྲིངས་ཡིག་རིན་པོ་ཆེ་ལས།
༅༅། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།
འགྲོ་བའི་སྐྱེས་འཆི་གར་ལ་ལྟ་དང་མཚུངས།
སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།
རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། ཞེས་གསུངས་པ་རྕ་རེ་ཆེ།
ཨ་འབར་ལགས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །སོགས་ལུང་ཁུངས་ནོར་བ་ཤེས་དགོས།