ཁྱེད་ཉིད་བལྟམས་པའི་གནས་དེ་རུ། །
ཡུམ་དང་བྲལ་བའི་ལྗོངས་དེ་རུ། །
བདག་ནི་ལན་གྲངས་འགའ་ལ་ཕྱིན། །
མཆི་མ་དང་བཅས་ཕྱག་ཀྱང་བཙལ། །
འདི་ནས་བྱང་ཕྱོགས་རྒྱང་རིང་སར། །
ཧི་མ་ལ་ཡའི་གངས་རི་མཐོང་། །
གངས་དེའི་ཁ་བའི་འདབ་མ་འབུམ། །
ཁྱེད་ཀྱི་གསུང་བཞིན་སྙིང་ལ་བབས། །
གནའ་དུས་རྒྱ་གར་ཡུལ་འདི་ནི། །
གྲུབ་བརྙེས་དྲང་སྲོང་དུ་མས་གང་། །
དེ་དག་རྣམས་ཀྱི་མཆོག་གྱུར་པ། །
སྟོན་པ་ཁྱེད་ཉིད་ཡིན་ཞེས་གྲགས། །
སྲས་དང་བཙུན་མོ་དོར་བ་དང་། །
དཀའ་ཐུབ་དང་དུ་བླངས་པ་ཙམ། །
བདག་གི་དད་པའི་ཡུལ་མིན་ཡང་། །
གསུང་གི་བདེན་པས་བདག་དྲངས་སོ། །
གྲི་དང་དུག་དང་མེ་དང་སྒྱོགས། །
ཁྱེད་ཀྱི་བྱམས་བརྩེས་ཐལ་བར་གྱུར། །
འདོད་ཆགས་ཞེ་སྡང་གཏི་མུག་ནགས། །
ཁྱེད་ཀྱི་ཤེས་རབ་མེ་ཡིས་བསྲེགས། །
རང་གི་དྲིན་ཆེན་མ་ཡུམ་དང་། །
ལྷ་ཚོགས་བདུད་རྩིས་གསོ་བའི་ཕྱིར། །
འཇིག་རྟེན་འདི་ནས་མི་སྣང་བར། །
གྱུར་པ་སྙན་ངག་ཆེན་པོའི་རྒྱུ། །
ལྷ་ཡི་བུ་མོ་མཛེས་མ་དག །
ནུ་མ་བྷ་ག་རྒྱས་པ་དག །
འདོད་ཆགས་ཆེན་པོས་མྱོས་པ་དག །
ཁྱེད་ཀྱིས་གཟིགས་ཏེ་ཅི་ཞིག་དགོངས། །
མི་ཡུལ་གྲོང་ཁྱེར་གསལ་ལྡན་ནས། །
ལྷ་གནས་སུམ་ཅུ་རྩ་གསུམ་བར། །
སྔོན་གྱི་རྒྱང་གྲགས་ག་ཙམ་མཆིས། །
ད་ལྟའི་སྤྱི་ལེ་ཅི་ཙམ་འདུག །
འཇའ་ཚོན་གློག་འོད་འབར་བའི་དབུས། །
རྣམ་པར་རྒྱལ་བའི་ཁང་བཟང་ནང་། །
འདོད་པའི་བདེ་ལ་རོལ་བ་ཡི། །
ལྷ་དབང་ཚོགས་བཅས་ཅི་ལྟར་གཟིགས། །
ཟླ་དགུ་ཞག་བཅུར་ཁུར་བ་དང་། །
ནུ་ཞོས་ཉིན་བདུན་བསྐྱངས་པ་ཡི། །
རང་གི་དྲིན་ཆེན་ཨ་མ་དེར། །
ཆོས་ཀྱི་གདམས་ངག་ཅི་ཞིག་སྦྱིན། །
ཁྱེད་ཉིད་གཤེགས་ཤུལ་ཟླ་བ་གསུམ། །
མི་ཡི་དགེ་སྦྱོང་འཆལ་བོ་དག །
ཆུ་ལ་རྐྱལ་དང་མཛེས་མ་གླེང་། །
ཉེས་ལྟུང་ག་ཚོད་བསགས་འདུག་གམ། །
སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །
འཁྲུལ་བའི་འཁོར་ལོ་བཅོམ་པ་དང་། །
བྱམས་བརྩེའི་མེ་ཏོག་ཕྲེང་བ་ཡིས། །
འཇིག་རྟེན་སྐྱེ་བོ་མགུ་བར་མཛད། །
ཁྱེད་ཀྱིས་རིགས་རུས་མཐོ་དམན་དང་། །
ཕོ་མཆོག་མོ་དམན་སྤོང་བར་མཛད། །
ཁྱེད་ཀྱིས་འགྲོ་ཀུན་མགྲོན་པོ་བཞིན། །
བསྙེན་བཀུར་བསྔག་པའི་མེ་ཏོག་ཕུལ། །
ལྷ་ལ་འཆི་འཕོ་ལྟུང་བ་དང་། །
མི་ལ་སྐྱེ་རྒ་ན་འཆི་ཞེས། །
སྡུག་བསྔལ་ངོ་སྤྲོད་མཛད་པ་པོ། །
ཁྱེད་ལ་དད་པའི་ཞགས་པ་འཕེན། །
སྟོང་ཉིད་སྙིང་རྗེ་ཟུང་འཇུག་པའི། །
ལམ་བཟང་ས་ཁྲ་འབྲི་བ་པོ། །
དྲང་སྲོང་ཆེན་པོ་ཁྱེད་ཉིད་ཀྱིས། །
ལྷ་ཡི་གནས་ཀྱང་སྤོང་བར་མཛད། །
བཀའ་འགྱུར་པོ་ཏི་བརྒྱ་དང་བརྒྱད། །
ཀློག་པའི་དུས་ཚོད་བདག་ལ་མེད། །
སྟོང་ཉིད་སྙིང་རྗེའི་ཐ་སྙད་གཉིས། །
ཉིན་བཞིན་སྙིང་ལ་མཛེར་མ་བཞིན། །
ཆོས་ཀྱི་ཚིགས་སུ་བཅད་པ་དང་། །
ཤེས་རབ་སྙིང་པོའི་ཤོག་ལྡེབས་ཀྱི། །
ཉིན་སྲབ་དག་ན་ཁྱེད་ཉིད་ནི། །
དགྱེས་འཛུམ་བྱིན་རླབས་འབར་བཞིན་བཞུགས། །
འཁོར་བ་སྒྱུ་མའི་གར་སྟེགས་སྟེང་། །
གཟུང་འཛིན་འཁྲུལ་བའི་སྣང་བ་འབུམ། །
ཁྱེད་ཀྱིས་ཡང་ཡང་ངོ་སྤྲོད་མཛད། །
བདག་ནི་ཁྱེད་གསུང་ཁོ་ནས་ཚིམ། །
སྐུ་ཚེ་གང་བོ་མི་ཡུལ་ནས། །
མི་ཡི་འགྲོ་བའི་དོན་མཛད་པ། །
དྲང་སྲོང་བདེན་པར་སྨྲ་བ་ཁྱེད། །
ལྷ་ལས་དེ་རིང་བྱོན་པ་ལེགས། །
བདག་ནི་ཤེས་རབ་ནོར་གྱིས་དབུལ། །
དད་པའི་མེ་ཏོག་ཉུང་ན་ཡང་། །
ཁྱེད་ལ་ཡིད་ཆེས་དྲི་ཞིམ་འཐུལ། །
འདི་ཙམ་བཞེས་ཤིག་བདག་གི་མགོན། །
མ་ཡུམ་ཞག་བདུན་སོང་ནས་འདས། །
མ་ཡུམ་ལྷ་ཡི་གནས་སུ་སྐྱེས། །
མ་ཡུམ་དྲིན་ནི་གསོ་བའི་ཕྱིར། །
མ་ཡུམ་ལྷ་མོར་ཆོས་གསུངས་པས། །
མ་ཡུམ་ལྷར་གནས་གནས་ནས་བབས། །
་
ལྷ་ཡི་ཡུལ་དུ་དབྱར་གནས་མཛད། །
མི་ཡི་རྒྱལ་པོས་ཁྱོད་ཉིད་བཙལ། །
ཁྱོད་ཀྱི་ཉན་ཐོས་ལྷ་གནས་ནས། །
མི་ཡི་ཡུལ་དུ་གདན་དྲངས་པས། །
ལྷ་བབས་དུས་ཆེས་ཞེས་སུ་གྲགས། །
་
ད་ནས་ཨ་མའི་ཉིན་མོའམ། །
མ་ཡི་ཉི་མོ་བསྲུང་འདོད་ན། །
ལྷ་གནས་མ་ཡུམ་ཆོས་བསྟན་ཉིན། །
མ་ཡུམ་ཉིན་མོར་བསྲུང་བར་བྱ། །
ཀརྡོས་དེ་ལྟར་རེ་བསྐུལ་ཞུ། །
ཀརྡོའི་གསུང་བ་བློ་ལ་འཐད་སོང་།
ལྷ་བབས་ཉིན་མོ་མ་གཏོགས། །
ཆོས་བསྟན་ཉིན་མོ་སུས་ཤེས། །
དེ་སྔ་བདག་གིས་མ་མཇལ། །
ཤེས་ན་གསུང་རོགས་གནང་དང་། །
དོན་དངོས་སུ་རྒྱ་གར་བའི་གཞུང་ནས་བཤད་པའི་ལྷ་ཡུལ་ཟེར་བ་དེ་བོད་ཀྱི་གངས་ཏི་སེའི་ཁུལ་དེ་ཡིན། དེས་ན་སངས་རྒྱས་བོད་ཡུལ་དུ་ཕེབས་པའང་མིན་ནམ།
སངས་རྒྱས་ཀྱིས། ཆོས་ཐོག་མར་ཡུལ་ཝ་ར་ཎ་སིའི་དྲང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཡང་། བོད་ལུགས་ལྟར་དྲུག་པའི་ཚེས་བཞི་པ་དེ་ཡང་། ཆོས་འཁོར་དུས་ཆེན་མ་ཡིན་པར། དྲུག་པའི་ཚེས་བཅོ་ལྔ་ལ། བདེན་བཞིའི་འཁོར་ལོ་འཁོར་ལྔ་སྡེ་བཟང་པོ་ལ་ཐོག་མར་གསུངས་པ་འདྲ་སྟེ། གནས་མཆོག་རྡོ་རྗེ་གདན་ནས་ཝ་ཎར་བར་ལ་སངས་རྒྱས་གནམ་གྲུའི་ནང་ལ་ཕེབས་མེད་ན་བཞག་བདུན་ལས་མི་འགོར་བ་མི་སྲིད་པས་ཕྱིར་རོ།།
མ་ཡུམ་ཡལ་འཆང་བཞེངས་ནས་འཁྲུངས་པ་དང་། །
མ་ཡུམ་ཕྱག་གཡས་འོག་ནས་འཁྲུངས་པ་དང་། །
འཁྲུངས་ནས་གོམ་པ་བདུན་སྤོས་ལ་སོགས་པ། །
ནང་ཆོས་མི་དད་པ་ལ་སྨྲས་ན་རྨས། །
དེ་བས་ཡ་མཚན་གསང་བ་རང་ཉར་མཛོད། །
ཡུམ་སོགས་ལ་ཆོས་བསྟན་པའི་ཉིན་མོའི་གྲངས་ཚད་བརྗོད་དཀའ་སྟེ། ལྷ་ཡུལ་དུ་མི་ཡི་ཉིན་ཞག་བཅོ་ལྔ་ནས་ཞེ་ལྔ་བར་ག་ཚོད་ཙམ་བཞུགས་མིན་ལ་ཡང་། ཤོད་ཚུལ་མི་འདྲ་བ་མང་པོ་ཡོད་པ་འདྲ།
ཉིན་གྲངས་ཞུས་མེད། ཉི་མ་གང་ལ་ཆོས་བསྟན་པའི་སྐོར་ཡིན། དཔེར་ན་ཚེས་ལྔ་ལྟ་བུ། རིགས་པའི་འགྲོས་ཀྱིས་དཔྱད་ན། དགུ་བའི་ཉེར་གཉིས་ལ་ལྷ་ཡུལ་ནས་བབས་པ་ཡིན་པས། དགུ་བའི་ཉེར་གཉིས་ནར་ཡར་བརྩིས་པའི་བརྒྱད་པའི་ཉེར་གཉིས། བདུན་པའི་ཉེར་གཉིས། དྲུག་པའི་ཉེར་གཉིས་བཅས་མི་ཡུལ་གྱི་ཟླ་བ་གསུམ་གྱི་རིང་ལ་ལྷ་ཡུལ་ནས་ཆོས་གསུངས་པ་དང་། དུས་སྐབས་དེར་ལྷ་གནས་གཅིག་རང་དུ་བཞུགས་ཡོད་མེད་ཀྱང་དཔྱད་དགོས། ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅེས་པའི་རྡོ་ཁྲི་ཞིག་ཏུ་ཆོས་མང་པོ་གསུངས་པ་མདོ་སྡེ་དག་ལས་མཐོང་རྒྱུ་འདུག དཔེར་ན་རྡོ་ཁྲི་དེ་མ་ཡིན་པའི་རྡོ་ཁྲི་གཞན་པའི་སྟེང་ཆོས་གསུངས་ཡོད་མེད་ཀྱང་དཔྱད་བྱ་ལགས། སངས་རྒྱས་ནི་སངས་རྒྱས་རང་ཡིན་པས་མི་ཡུལ་ནས་ཆོས་གསུང་དུས་ལྗོན་ཤིང་གི་འོག་ཏུ་གསུངས་པ་དང་། ལྷ་ཡུལ་ནས་ཀྱང་རྡོ་ཁྲི་ཞིག་གི་སྟེང་དུ་ཆོས་གསུངས་འདུག དེང་སང་གི་ང་ཚོའི་ཆོས་གསུང་མཁན་ཚོར་རྒྱ་ནག་དང་སོག་པོའི་ཤུགས་རྐྱེན་ཐེབས་ནས་སེང་ཁྲི་དང་འབྲུག་ཁྲི་འཁོར་ལོའི་སྒྱུར་བའི་རྒྱལ་པོ་ལ་དབང་བ་དེ་འདྲའི་སྟེང་དུ་ཆོས་གསུང་སྟངས་སྙིང་རྗེ་བོ་ཞིག་དར་འདུག་ག
་་་་་་་ ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅེས་པའི་རྡོ་ཁྲི་ཞིག་ཏུ་ཆོས་མང་པོ་གསུངས་པ་མདོ་སྡེ་དག་ལས་མཐོང་རྒྱུ་འདུག ་་་་་
་
འདི་བདེན་ཡང་། འདི་ཡུམ་ལ་ཆོས་གསུངས་པའི་མདོ་ཅིག་ཡིན་ནམ་མིན་མི་ཤེས། གང་ཡིན་ཞེ་ན། མདོ་འདི་ནི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་དེ་རེད། དེ་ནི་ལྷ་རྣམས་ལྷ་མ་ཡིན་ལས་ཕམ་། རབ་ཏུ་ཕམ་ནས་བཅོམ་འདས་འདས་ལ། ལྷ་མིན་གྱི་གཡུལ་དེ་ལས། རྒྱལ་ཐབས་སུ། སྔར་ངས་ཀྱང་བྱང་ཆུབ་སེམས་དཔར་གྱུར་པ་ན་ལ་སོགས་པའི་མདོ་འདི་་་་་ སོགས་གསུངས་ཡོད་པ་ཅིག་དྲན། དེ་མིན་པའི་ཡུམ་གྱི་དྲིན་ལན་གསབ་པའི་མདོ་ཞིག་ཀྱང་ཡོད་དགོས་སྙམ་ཡང་་་་་་ ང་ལ་ནི་ཆ་རྒྱུས་མེད་པས། དཔྱོད་ལྡན་ཚོས་ཞིབ་མོར་དཔྱད་པར་འཚལ་ལོ།།
ཆོས་བསྟན་པའི་ཉིན་ནམ་དུས་ལ། དགུ་པའི་ཉེར་གཉིས་ལ་སོགས་པའི་ཚེས་གྲངས་ཀྱི་སྐོར་ལ་ང་ལ་བཤད་ཡ་མེད་དོ།།
ཐུབ་པ་ཤཱཀྱའི་རྒྱལ་བོ་ལ་ཕྱག་འཚལ་ལོ།