དེང་སང་རྒྱ་གར་དྷརྨ་སཱ་ལར་བོད་དོན་དམིགས་བསལ་ཚོགས་ཆེན་ཚོགས་བཞིན་ཡོད། ཚོགས་ཆེན་འདི་༸གོང་ས་ཆེན་པོའི་བཀའ་འབྲེལ་བཞིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་བའི་ཆ་རྐྱེན་འོག་བསྡུ་སྐོང་གནང་བ་ཞིག་རེད། འདི་ལྟར་ཛ་དྲག་ངང་དམིགས་བསལ་ཚོགས་ཆེན་འདི་བསྐོངས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ༸གོང་ས་ཆེན་པོས་ད་ཕན་མི་ལོ་སུམ་ཅུ་ཙམ་རིང་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་བཞེད་དགོངས་རྩལ་དུ་བཏོན་གནང་སྟེ། བོད་རྒྱ་གཉིས་ཁ་འབྲལ་མི་དགོས་པར་དུས་ནམ་ཡང་འཆམ་མཐུན་མཉམ་གནས་ཡོང་ཐབས་ཀྱི་འབད་བརྩོན་ལྷད་མེད་ཅིག་གནང་བ་འདི་ལ། རྒྱ་དམར་གྱིས་སྣང་ཆུང་ཁྱད་གསོད་ཀྱིས། འགན་ཁུར་ཡ་ལན་ཚུལ་བཞིན་མ་ཞུས་པའི་དབང་གིས་ཡིན་པ་ཧ་ཅང་གསལ་བོ་ཡིན། ཞི་བདེའི་བུ་ཆུང་མ་བལྟམས་གོང་ཨ་མའི་མངལ་དུ་བསད་པའི་ལག་དམར་གཏེ་བོ་ནི་རྒྱ་དམར་དབང་འཛིན་པ་ཁོ་རང་ཚོ་ཡིན་པ་འཛམ་གླིང་གི་གཟུར་གནས་སྐྱེ་བོ་ཀུན་གྱིས་མཁྱེན་བཞིན་ཡོད།
ཅང་མ་འགོར་བའི་སྔོན་ལ། ༸གོང་ས་ཆེན་པོ་འཇའ་པན་དུ་ཆིབས་ཞལ་བསྒྱུར་སྐབས། ཁོང་གི་དབུ་མའི་ལམ་ལ་ཕམ་ཉེས་བྱུང་བ་བཀའ་གནང་ཡོད། ང་ཚོས་བལྟས་ན། དབུ་མའི་ལམ་ལ་ཕམ་ཁ་བྱུང་བ་དང་དུས་མཉམ་དུ། རྒྱ་ནག་དབང་འཛིན་པ་ཚོས་བོད་ཀྱི་ཐོག་ཏུ་འཛིན་པའི་སྲིད་བྱུས་ལའང་ཕམ་ཉེས་ཚབས་ཆེན་བྱུང་བ་ཡིན་པས། ཕམ་ན་ཕམ་མཉམ་ཡིན་མོད། འོན་ཀྱང་ཕུགས་རྒྱང་རིང་བོའི་ཁེ་ཕན་གྱི་ཆ་ནས་བཤད་ན། ད་ཐེངས་ཀྱི་ཕམ་ཁ་འདིའི་རྗེས་འབྲེལ་གྱིས་རྒྱ་ནག་རྒྱལ་ཁབ་དང་དེའི་མི་དམངས་ལ་དུས་ནམ་ཡང་གསབ་ཐབས་བྲལ་བའི་གྱོང་གུན་ཆེན་པོ་ཅི་ཙམ་རེག་གི་ཡོད་མེད་ད་ལྟ་ནས་ལམ་ཙམ་མཐོང་ཐུབ།
ཕམ་ཁ་ཁུར་མི་ཐུབ་མཁན་ཞིག་གིས་རྒྱལ་ཁ་མི་ལོན། ང་ཚོ་ནི་ཕམ་མ་མྱོང་བ་ཞིག་མིན་ལ། གྱོང་ཁུར་མ་མྱོང་བ་ཞིག་ནི་དེ་བས་ཀྱང་མིན། ང་ཚོའི་ཡོད་ཚད་དགྲ་ལག་ཏུ་ཤོར་ནས་རབ་བྱུང་གཅིག་གི་དུས་ཡུན་སོང་། དགོན་སྡེ་སྟོང་ཕྲག་མང་བོ་གྱག་གོག་ལ་བསྒྱུར་ཅིང་། བོད་མི་ས་ཡ་མང་བོའི་གཅེས་སྲོག་ཤོར། ད་དུང་ཡང་མུ་མཐུད་བཞིན་ཡོད། ད་བར་གྱོང་དང་ཕམ་ཁ་ཐམས་ཅད་ང་ཚོས་ཁུར་ཡོད། དེར་བརྟེན། ང་ཚོ་ཕམ་མེད། དྲང་བདེན་གྱི་མདུན་དུ་ང་ཚོ་ནམ་ཡང་ཕམ་མེད།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕམ་མེད། བོད་མི་ས་ཡ་དྲུག་པོ་ཕམ་མེད། ཕམ་ངོ་མ་དེ་རྒྱ་ནག་དབང་འཛིན་པ་ཚོ་ཕམ་པ་རེད། སྙིང་རྗེ། ཕམ་ཁ་འདི་རང་བཞིན་གྱི་ཕམ་ཁ་ཆུང་ཆུང་ཞིག་ག་ལ་ཡིན། དྲང་བདེན་གྱི་མདུན་དུ་ཕམ་སོང་བ་ཡིན། ཕམ་ཁ་འདིའི་ཐོག་ནས་རྒྱ་ནག་དབང་འཛིན་པ་ཚོར་བོད་དོན་ཐག་གཅོད་པའི་བློ་ཁོག་མེད་ལ། སྲིད་དོན་གྱི་རྣམ་དཔྱོད་ནི་དེ་བས་ཀྱང་མེད་པ་གསལ་བོར་བསྟན། ཕམ་ཁ་འདི་བརྒྱུད་ནས་༸གོང་ས་མཆོག་གི་མཚན་མཐོང་གཟི་བརྗིད་མུ་མཐུད་ཇེ་ཆེར་ཕེབས་རྒྱུ་ཡིན་ལ། བོད་དོན་ལ་གདུང་སེམས་དང་ཤ་ཚའི་རྒྱབ་སྐྱོར་གནང་མཁན་ཇེ་མང་དང་། གཞིས་བྱེས་བོད་ཆོལ་ཁ་གསུམ་གྱི་བོད་མིའི་མཐུན་ལམ་གོང་བུ་གཅིག་གྱུར་གྱི་འདུ་ཤེས་དང་ནུས་པ་སྔར་ལྷག་སྲ་བརྟན་གོང་མཐོར་འཕེལ་ཏེ། བོད་དོན་བདེན་པའི་འཐབ་རྩོད་ཀྱི་ནུས་སྟོབས་བླ་ལྷག་ཏུ་འཕེལ་ངེས་ཡིན་པར་གདོན་མི་ཟ། དེ་ལ་བརྟེན་ནས་བོད་དོན་ལ་མཐའ་མའི་རྒྱལ་ཁ་ཐོབ་པའི་སྒྲ་དབྱངས་འཛམ་གླིང་ཡོངས་ལ་བསྒྲག་རྒྱུར་ཐག་མི་རིང་ངོ་།།
པདྨ་གནམ་ལྕགས་ཁྲག་འཐུང་ཡེ་ཐར་རྡོ་རྗེས་ཤར་མར་བྲིས་སོ།།
ཕམ་ན་ཕམ་ཁ་ངོས་ལོངས།།
རྒྱལ་ན་རྒྱལ་ཁ་ངོས་ཟིན།།
ཁ་ཆེའི་རྒྱལ་པོའི་ན་བཟའ་དེ།།
ཡོད་ནི་མེད་ལ་མེད་ཀྱང་ཡོད།།
ཨར་མོ་ནིག་གི་རྡོ་ལེབ་དེ། ཕོ་ལ་ལས་བལྟས་ན་གྲུ་གསུམ་རེད། ལ་ལས་བལྟས་ན་གྲུ་བཞི་རེད།
འཇིག་རྟེན་གྱི་ཆེ་བ་རྣམ་བཞི།
རྒྱ་ཁྱོན་ནམ་མཁའ་ཆེ།
འདོད་ཆགས་གྲྭ་ལོག་ཆེ།
རེ་བ་བོད་མི་ཆེ།
ཧམ་པ་རྒྱ་མི་ཆེ།
འཇིག་རྟེན་གྱི་ཆུང་བ་རྣམ་བཞི།
རྒྱ་མིའི་སེམས་རྒྱ་ཆུང་།
བོད་མིའི་བློ་ཁོག་ཆུང་།
མེག་ལོར་གྱི་ས་རྒྱ་ཆུང་།
གཡག་རྭའི་སྦུགས་སུ་ཤོང་ཚད་ཆུང་།
རྡ་སའི་གསོན་པོ་རྣམ་བཞི།
ཁ་༸ཐྲྤཀླུ་སྨྱོན་བདེ།།
བྲིས་སྤོབས་པ་བཟང་།།
དོན་རབ་གསལ་མཁས།།
འུར་ཧོར་འཇིགས་ཆེ།།
ལྷན་རྒྱས་ལ།
ད་རེས་རྒྱ་དང་སྐད་ཆ་བཤད་པ་འདི་བརྒྱུད་ནས། ང་ཚོར་དྲན་གསོ་གཟུག་རྒྱག་དགོས་པ་ཞིག་བཏང་ཡོད། དེ་ནི། ང་ཚོ་རེ་བ་ཆེ་དྲག་པ་དང། རྒྱ་དོག་པ་ཆེ་དྲག་པ། རྒྱལ་སྤྱི་སྣང་ཆུང་ཆེ་བ་རེད།
ཡིན་ནའི་དོན་ངོ་མ་བཤད་ན། ད་བོད་ཡང་སྐྱར་འཚུར་ལེན་པའི་ཐབས་ཤེས་མེད། རེ་བ་མེད། ནུས་ཤུགས་མེད། འདི་ཁས་ལེན་དགོས། གལ་ཏེ་འདི་ཁས་ལེན་ན། ད་གཟོད་ང་ཚོས། བསམ་བློ་གསར་པ་དང། གོམས་སྟབས་གསར་པ་ཞིག་ལ་རྡེག་ཐུབ།
ཨ་རོ་བསམ་ཤེས། རེ་བ་དང་ནུས་ཤུགས། ཐབས་ཤེས་མེད་ས་ཞིག་ལ་བསམ་བློ་གསར་བ་ག་རེ་གཏོང་ཡ་ལྷག་ཡོད་རེད། ངོ་མའི་བླུན་བཤད་རང་རེད།