འཕན་པོ་སྐལ་ལྡན།
ཀ་དག་གནས་ལུགས་རྟོགས་པའི་མི་བུ་འགའ།།
དངུལ་ལོ་བྱུང་ན་གནས་ལུགས་ཚང་མ་བརྗེས།།
ཁ་ཞེ་གཉིས་མེད་ཡིན་པའི་བྱམས་པ་དག །
དངུལ་ལོ་བྱུང་ན་བརྩེ་བ་གནང་མེད་བཞག །
ག་བཏང་གོ་ཆོད་གཞུང་ཞབས་ལས་བྱེད་རྣམས།།
དངུལ་ལོ་བྱུང་ན་ལས་དོན་སྣང་མེད་འཇོག །
ང་ཚོ་བྲག་སྲིན་རྒྱུད་པའི་མི་རིགས་རྣམས།།
དངུལ་ལོ་བྱུང་ན་མེས་པོའི་རིག་གཞུང་བརྗེས།།
ཅ་ཅོའི་ལབ་གླིང་མང་བའི་རྒད་པོས་ཀྱང་།།
དངུལ་ལོ་བྱུང་ན་ལག་པའི་འཕྲེང་བ་བརྗེས།།
ཆ་འཇོག་ཡིད་ཆེས་ཡོད་པའི་གྲོགས་པོ་ཡང་།།
དངུལ་ལོ་བྱུང་ན་་གྲོགས་པོའི་འདུ་ཤེས་བརླགས།།
ཇ་་ཆང་ལོངས་སུ་སྤྱོད་པའི་གཞོན་སྐྱེས་དག །
དངུལ་ལོ་བྱུང་ན་གང་དྲན་ཧམ་པ་ཆེ།།
ཉ་ག་ལག་དུ་བཟུང་བའི་ཚོང་པ་འགའ།།
དངུལ་ལོ་བྱུང་ན་ལས་འབྲས་རྩིས་མེད་བཏང་།།
ཏ་ལའི་བླ་མའི་དཀྱིལ་འཁོར་མི་རིག་ཀྱང་།།
དངུལ་ལོ་བྱུང་ན་བླ་མའི་བཀའ་དྲིན་བརྗེད།།
ཐ་ཆད་འུ་ཐུག་མལ་གྱི་ནད་པ་ཡང་།།
དངུལ་ལོ་བྱུང་ན་ཞལ་རས་འཛུམ་གྱིས་བསུ།།
ད་ཆ་སློབ་གྲ་འགྲིམས་པའི་གཞོན་སྐྱེས་ཀྱང་།།
དངུལ་ལོ་བྱུང་ན་དྲ་ཁང་ནང་དུ་ཤོར།།
ན་ཚོད་ཉམས་པའི་རྒན་རྒོན་དེ་དག་ཀྱང་།།
དངུལ་ལོ་བྱུང་ན་ཡུལ་སྐོར་སྤྲོ་འཆམ་བསམ།།
པ་སངས་ལས་ལྷག་དྲིན་ཅན་ཕ་མ་འགའ།།
དངུལ་ལོ་བྱུང་ན་རང་གི་བུ་ཕྲུག་བརྗེད།།
ཕ་ལམ་ལྟ་བུའི་གཅེས་ཕྲུག་འགའ་ཞིག་ཀྱང་།།
དངུལ་ལོ་བྱུང་ན་ཕ་མ་སྡུག་ལ་སྦྱོར།།
བ་དན་ལྟ་བུའི་གོང་རིམ་དབུ་ཁྲིད་འགའ།།
དངུལ་ལོ་བྱུང་ན་དྲང་པོའི་ལས་མི་བྱེད།།
མ་རུང་ཁོག་དུ་བཅུག་པའི་དགྲ་བོ་ཡང་།།
དངུལ་ལོ་བྱུང་ན་འཁོན་འཛིན་སྤུན་ལྟར་དུང་།།
ཙ་གི་ཙི་གིའི་བྱ་བའི་ནང་མ་ཡང་།།
དངུལ་ལོ་བྱུང་ན་ཉི་མ་གང་འཁྱོལ་བྱེད།།
ཚ་གྲང་དཀའ་སྡུག་མི་སྐྲག་སོ་ནམ་པ།།
དངུལ་ལོ་བྱུང་ན་ཞིང་ལས་གཡོལ་བར་བྱེད།།
ཛ་ཏི་སྨན་བཟང་སྦྱིན་མཁན་སྨན་པ་འགའ།།
དངུལ་ལོ་བྱུང་ན་ནད་པར་སླ་བཅོས་ཤོར།།
ཝ་ལྤགས་དབུ་ལ་གྱོན་པའི་འབྲོག་པ་ཡང་།།
དངུལ་ལོ་བྱུང་ན་གཡག་ལུག་བཤས་རར་ཁྲིད།།
ཞ་ལོང་མིན་པའི་སྐྱེས་བུ་རེ་འགའ་ཞིག །
དངུལ་ལོ་བྱུང་ན་དོན་མེད་ཞ་ལོང་བཟོས།།
ཟ་མ་རག་ཐབས་བྱེད་པའི་སློང་མོ་བ།།
དངུལ་ལོ་བྱུང་ན་དགའ་སྤྲོའི་གླུ་དབྱངས་ལེན།།
འ་འུར་འཁྲུག་ཆ་དོད་པའི་བུ་མེད་ཀྱང་།།
དངུལ་ལོར་བྱུང་ན་གཞན་ཀྱིས་བསླུ་བ་མང་།།
ཡ་ཡུད་ཆེ་བའི་ཕྱུག་བདག་བུ་ཕྲུག་ཀྱང་།།
དངུལ་ལོ་་བྱུང་ན་རང་སྲོག་སྐྱེལ་བ་མང་།།
ར་གན་གསེར་བརྫུས་འདྲ་བའི་དཔོན་ཆེན་འགའ།།
དངུལ་ལོ་བྱུང་ན་ལྟག་སྒོ་བརྒྱུད་པ་མང་།།
ལ་ལུང་མང་པོ་བརྒལ་བའི་བོད་མི་དག །
དངུལ་ལོ་བྱུང་ན་རང་ཡུལ་སྣང་མེད་བཞག །
ཤ་རུས་གཅིག་པའ་ིབོད་རིགས་སྤུན་ཟླ་ཡང་།།
དངུལ་ལོ་བྱུང་ན་སྔོ་ལོ་འཕྱར་བ་མང་།།
ས་སྟེང་འདི་ན་ཞུགས་པའི་མི་ལུས་ཀྱང་།
དངུལ་ལོ་བྱུང་ན་མི་ལུས་རིན་ཐང་བྲལ།།
ཧ་ཅང་དྲང་པོར་བཤད་ན་དེ་ལྟར་ཡང་།།
དངུལ་ལོ་བྱུང་ན་དང་ལེན་ག་ལ་ཡོད།།
ཨ་ཙི་སྐུ་རྩེད་ཞུས་པ་ཡིན་པས་ན།།
དངུལ་ལོ་བྱུང་ན་གང་ཡང་བྱེད་པར་ནུས།།
༢༠༡༦/༡༡/༢༤ ལ།
རྒྱ་གར་རྒྱལ་ཁབ་ཆེན་པོའི་།
དངུལ་ལོར་གསར་བརྗེའི་འོག་ཏུ་།
བོད་མི་བལ་ཚོང་རྣམས་ལ་།
ཚོང་གི་འགྲོ་རྒྱུག་ཞན་སོང་།
དངུལ་རྫུན་ནག་ཚོང་བཀག་ནས་།
རྒྱ་གར་རྒྱལ་ཁབ་བདེ་ན་།
བོད་མིའི་བལ་ཚོང་འགག་ཡང་།
བློ་འགྱོད་སྤུ་ཙམ་མི་འདུག་།
བཀྲིས་བདེ་ལེགས་འཚམས་འདྲི་ཡོད་།
ཀ་ཕྲེང་འདི་ནི། བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ཕུན་སུམ་ཚོགས་པ་ཞིག་འདུག་གདའ། ད་རྒད་པོ་ང་འཆི་ན་ཡང་འགྲིགས་ག་འདུག
ཀ་བཤད་འགའ་ལ་མི་མཁོ་ཡང་། །
ཁ་བཤད་གཞན་ལ་ཕན་པ་ཡོད། །
ག་ཚད་བཤད་ཀྱང་སུམ་རྟགས་དང་། །
ང་དང་ང་ཚོས་གང་མཐུན་བརྩོན། །
ཀ་བཤད་དངུལ་ལོར་སྤྲོད་མཁན་དཀོན། །
ཁ་བཤད་རིན་ཐང་ཤེས་མཁན་དཀོན། །
ག་ཤེད་བསྡད་པས་ཕན་མཁན་དཀོན། །
ང་ལེན་ཁྱོད་ལེན་ཁས་ལེན་དཀོན། །
ཀ་བཤད་ཀ་རྩོམ་བོད་ཡིག་ལ་།
ཁ་སྐད་ཡིག་སྐད་གཉིས་ལ་ལྷག་།
ག་པར་གནས་ཀྱང་བོད་སྐད་ཡིག་།
ང་ཚོ་བོད་མིའི་སྲུང་རོགས་གནང་།
ཀ་མད་སུམ་བཅུ་ཆོལ་གསུམ་གཅིག་རྒྱུར་འོག་།
ཁ་སྐད་སྒྲ་འདངས་མི་གཅིག་ཆོལ་གསུམ་ཁྱད་།
གངས་ལྗོངས་ཆོས་སྲིད་ཀ་མད་སུམ་བཅུའི་འོག་།
ང་ཚོ་བོད་རིགས་འཚོ་བའི་མདུན་ལམ་སྟོན་།
ཅི་བྱ་ལྟོལ་མེད་བོད་ཀྱི་ལས་དབང་ལ་།
ཆ་རྒྱུས་ཟུར་ཙམ་མེད་པའི་ནུབ་གླིང་ཚོ་།
ཇུས་མེད་འགན་འཁུར་རང་མཁེའི་ཆབ་སྲིད་འོག་།
ཉོན་་མོངས་གཏམ་གྱི་བོད་ཕན་ཉིན་སྐར་ཙམ་།
ལྟ་བ་ལངས་ཕྱོགས་མེད་པའི་ཆབ་སྲིད་ལ་།
ཐོས་བསམ་སྒོམ་གྱི་ས་ཆོད་ཉིན་སྐར་ཙམ་།
དུས་རབས་འདི་ནི་མི་རྣམས་འདོད་པས་སྨྱོ་།
ནམ་ཡང་བད་ེ་ལམ་མི་འདོད་ལས་ཀྱིས་སྦྱིན་།
དཔོན་ངན་འབངས་ཀྱི་བདེ་སྐྱིད་འཕྲོག་།
ཕོ་ངན་སྤྱི་ཚོགས་ཁྲག་ལྟར་དཀྲུགས་།
བུ་ངན་ཕ་མས་མིང་དོན་རླགས་།
མ་ངན་བུ་ཕྲུག་སྤྱོད་པས་ཕུངས་།
ཙ་མེད་ས་ལ་ཆུ་མི་ཐུབ་།
ཚ་མེད་ཟས་ལ་གྲོ་བ་མེད་།
ཛ་དྲག་མེད་ན་སྤྱི་ཚོགས་བདེ་།
ཝ་སྤྱང་ངུ་བ་ཟས་ཚོལ་ཆེད་།
ཞང་ཞུང་བོད་ཀྱི་རིག་གཞུང་བཅུད་།
ཟ་ཧོར་ནང་ཆོས་ཆོས་གྲོགས་སྤུན་།
འ་ཞཱ་ཧོར་གྱི་ཡུལ་ཁམས་ལ་།
ཡིད་ཆེས་བློ་ཐུབ་ཉིན་སྐར་ཙམ་།
རེ་བས་ཕུངས་པས་བོད་མི་ཚོ་།
ལ་ལུང་བཞག་ནས་ས་མཐར་ཁྱར་།
ཤ་ཚ་ཡོད་ལྡོག་ནུབ་གླིང་གི་།
ས་མཚམས་འགལ་ནས་བོད་དོན་གླེང་།
ཧང་སོང་ཆབ་སྲིད་དོན་སྨིན་དཀའ་།
ཨ་རི་ལ་སོགས་ནུབ་གླིང་ཚོ་།