འབའ་སྲས།
སྡིག་པ་སྡིག་ནག་ཅི་ཡང་མི་བྱ་ཞིང་།།
དགེ་བ་དགེ་ཆེན་ཕུན་སུམ་ཚོགས་པར་བསྒྲུབ།།
རྗེ་བཙུན་རྗེ་ཙོང་ཁ་བའི་དྲིན་དྲན་ཏེ།།
བསྟོད་ཚིག་བསྟོད་པའི་སྙན་ངག་མཆོད་པར་བསྲིངས།།
མཚམས་སྤྲིན་གོས་ལྭ་སྐུ་རུ་མ་བསྣམས་ལ།།
གསེར་ཞུན་ཁུ་བས་ཚོན་རྩི་མ་བསྒོས་ཀྱང་།།
མཇལ་བ་ཀུན་གྲོལ་སེམས་ལ་བདེ་སྟེར་བ།།
སྐུ་ལུས་གསེར་གྱི་ཉི་མར་ཕྱག་འཚལ་ལོ།།
མ་སྦྱངས་མཁྱེན་སོང་ཟེེར་བའི་རྫུན་གཏམ་མེད།།
བསླབས་ཀྱང་མི་ཤེས་གསུངས་པའི་གློའུ་བཤད་མེད།།
རྟེན་འབྲེལ་རྒྱུ་འབྲས་ལ་བརྟེན་འགྲུབ་ཅེས་གསུངས།།
མགྲིན་པ་ཆོས་དུང་དཀར་ལ་ལོར་ཕྱག་འཚལ་ལོ།།
མ་རིག་མཚན་གུང་རྨོངས་པའི་དོང་དུ་ལྟུང་།།
བློ་གསར་ཀུན་དའི་འདབ་ཁ་མ་གྲོལ་བ།།
དཀྱིལ་འཁོར་རབ་རྫོགས་འོད་ཀྱིས་སྐྱོང་མཛད་པ།།
ཐུགས་རྗེ་བསིལ་ཟེར་ཅན་ལ་ཕྱག་འཚལ་ལོ།།
དབུས་ནས་སྣ་ཆེ་ཟེར་ནས་སྨད་ན་ཡང་།།
གསེར་ཡིག་འཕྲིན་གྱིས་སྨད་དུ་བསུ་ན་ཡང་།།
འཆད་རྩོད་རྩོམ་པའི་སྒྲོག་གིས་བཅིངས་པ་ཡི།།
ཙོང་ཁའི་རྟ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།།
རྩོད་པའི་མེ་ལྕེའི་གསེབ་ཀྱི་ཆུའི་འཕྲུལ་འཁོར།།
ས་སྐྱ་བཀའ་བརྒྱུད་བར་གྱི་གསེར་ནག་རི།།
གཡར་མོ་ཐང་གི་གདོང་ལྔ་མཆེ་སྡེར་ཅན།།
ཙོང་ཁའི་སེང་གེ་ཁྱོད་ལ་ཕྱག་འཚལ་ལོ།།
རྨོངས་པའི་ཀླུ་སྲོག་རྣམ་དཔྱོད་རྨིག་པས་བཅད།།
ཤེས་བྱའི་རྒྱ་མཚོ་ཁྱབ་འཇུག་སྟོབས་ཀྱིས་བརྒལ།།
མིའུ་ཐུང་གོམ་ཆེན་སོར་མོས་ཚད་འཇལ་བ།།
ཙོང་ཁའི་ཕག་རྒོད་ཁྱོད་ལ་ཕྱག་འཚལ་ལོ།།
དཀའ་གནད་བྲག་རི་སྡུག་རུས་རྭ་ཡིས་གཏོར།།
ཤེས་བྱའི་བོངས་ཆེན་དཀའ་སྡུག་སྒལ་བས་འཁུར།།
རིག་གནས་རྒྱ་མཚོ་ལག་ལྡན་བཞིན་འཐུངས་པ།།
ཙོང་ཁའི་འབྲོང་ཡག་ཁྱོད་ལ་ཕྱག་འཚལ་ལོ།།
ཨ་མའི་མིག་ཆུས་ཤོག་བུ་བྲག་ཏུ་བརྩེགས།།
མ་བུ་ཁ་བྲལ་གདུང་བ་ཆོས་སུ་བསྒོམས།།
མི་རྟག་ནགས་ཀྱི་རྟག་བརྟན་དྲང་སྲོང་བ།།
ཙོང་ཁའི་གཅེས་ཕྲུག་ཁྱོད་ལ་ཕྱག་འཚལ་ལོ།།
མི་གསལ་གསལ་མཛད་དགུང་གི་ཉི་མ་སྟེ།།
ལམ་རིམ་མདོ་བཅས་ཡང་དག་རིག་པས་བསྟན།།
མུན་ནག་མཁའ་ལ་ཟླ་བའི་འོད་འགྱེད་མཁན།།
ཙོང་ཁའི་མར་མེ་ཁྱོད་ལ་ཕྱག་འཚལ་ལོ།།
ཤོག་བུ་རླུང་ཟད་ཡི་གེ་སྲོག་ཏུ་བསྡོས།།
ཡི་གེ་ཁེར་རྐྱང་དོན་གྱི་གྲོགས་མཛད་པ།།
མདོ་སྔགས་ལམ་ཆེན་ཕྱེས་པའི་ཤིང་རྟ་བ།།
ཙོང་ཁའི་གསེར་སྙུག་ཁྱོད་ལ་ཕྱག་འཚལ་ལོ།།
བྱ་རོག་སོ་རྟོག་བསྟན་བཅོས་མ་བརྩམས་པར།།
ཨ་ཁུ་སྟོན་པའི་ལོ་རྒྱུས་མ་བྲིས་པར།།
གཞུང་ལུགས་གནད་བརྒྱ་གྲོལ་བའི་པོ་ཏི་སྟེ།།
ཙོང་ཁའི་གླེགས་བམ་ཁྱོད་ལ་ཕྱག་འཚལ་ལོ།།
དབུ་ན་དགའ་བྱེད་ལྟ་བུའི་རལ་བ་མེད།།
གཙུག་ན་ཟླ་ཚེས་གསར་བའི་མཛེས་རྒྱན་མེད།།
གྲྭ་ལྭ་ཧྲལ་རྐྱང་འོག་གི་བཙུན་པ་ཁྱོད།།
དགའ་ལྡན་གསེར་ཁྲི་སྟེང་གི་ཉི་མ་ཡིན།།
༡༦/༡༡/༢༤ དགའ་ལྡན་ལྔ་མཆོད་དགོང་མོར་འགྲོ་ཞོར་ལས་ཞོར་དུ་ས་མཐའི་སྙན་ངག་པ་འབའ་སྲས་ཀྱིས་སྦྱར།
སྙན་ངག་པ་འབའ་སྲས་ཀྱི་སྙན་ངག་འདི་འདྲ་འབྲི་ཐུབ་མཁན་དཀོན་ཙམ་གདའ། བཀའ་དྲིན་ཆེ།
ཙོང་ཁའི་ཕག་རྒོད། ཨ་ལ་ལ། སྙན་ངག་མཁན་ལ་ཅི་ཡང་རྒྱན།། ཡིན་རྒྱུ་རེད། སྔོན་དགེ་སློང་ཞིག་གིས་དགེ་སློང་གཞན་ཞིག་ལ་ཁྱེད་སྤྲེའུ་ལྟར་གཟུགས་པོ་བདེ་བོ་འདུག་ལབ་པས་སྐྱེ་བ་ལྔ་བརྒྱར་སྤྲེའུར་སྐྱེས་པའི་ལོ་རྒྱུས་ཤིག་ཀྱང་མཐོང་མྱོང་།
རྗེ་ཙོང་ཁ་པའི་བསྟོད་རྩོམ་ཞིག་ལ་རྡོ་སྦིས་དགེ་བཤེས་ཀྱི་སྤོས་ཀྱི་རྫིང་བུ་ཧ་ལས་པའི་སྙན་མོ་ཡོད།
ལོར་༽ཞིག་ཤོར་འདུག དགོངས་དག
བླ་མ་ཙོང་ཁ་པ་མ་གཤེགས་གོང་ན། དགའ་ལྡན་གསེར་ཁྲི་ཞེས་པ་ཞིག་ཡོད་མི་སྲིད་སྙམ།
སྔར་དགྲ་བཅོམ་པ་ཡང་། སྔར་གྱི་བག་ཆགས་ཀྱི་དབང་གིས། དགེ་སློང་སྤྲེའུ་ལྟར་འཆོང་པ་ཡང་ཡོད་ཅེས་པ་ནི། དགེ་སློང་དགྲ་བཅོམ་པས། ཉོན་སྒྲིབ་སྤངས་ཟིན་ན་ཡང་། ཤེས་སྒྲིབ་ཀྱི་བག་ཆགས་ལྷག་མ་ཡོད་པའི་དཔེ་སྟོན་པ་ཙམ་མོ།
ཡང་།
ཚིག་རྩུབ་གཅིག་གིས། སྐྱེ་བ་ལྔ་བརྒྱ་དང་། ལྔ་བརྒྱ་བླངས་ཚུལ་ལན་མང་པོར་གསུངས་སྟངས་ལ་བལྟས་ན། འདིའི་ལྔ་བརྒྱ་ནི། མང་ཚིག་ཙམ་ལས། ལྔ་བརྒྱ་ཏག་ཏག་ཙམ་ལ་བརྩིས་ན་ནི། ངའི་དད་པ་ལ་ཡང་ཅུང་ཟད་གནོད་བཞིན་འདུག་པས་་་་་་་་ ད་དུང་དཔྱད་པར་འཚལ།། །།
རྗེ་ཙོང་ཁ་པར་དབུས་ནས་ཆེ་མཐོང་ཐོབ་སྟེ་གངས་ཅན་མཁས་པའི་གཙུག་རྒྱན་གྱི་མཚན་གསོལ་བ་ལས་ཨ་མདོ་ནས་མཚན་སྙན་རྒྱས་པ་གང་ཡང་མིན་པས་བླ་བཙགས་ཞབས་རྡུང་བའི་ཕྲ་མའི་རིགས་འདིར་ཧ་ཅང་སུན།
སློབ་དཔོན་པདྨ་འབྱུང་གནས་མཆོག་དང་། འཇམ་མགོན་བླ་མ་ཙོང་ཁ་པ་མཆོག་གཉིས་ཀྱི་དྲིན་ལན་ནི། དུས་ནམ་ཡང་གསབ་ཐབས་མེད་པ་འདྲའོ།།
ཟླ་ཚེས་ལོ་གྲངས་རྒྱ་ནག་རྗེས་སུ་རྒྱུག།
དབུ་ལམ་ཟེར་ནས་རྒྱ་ནག་འོག་ལ་སྒུར།།
སྟོབས་ཆེན་ཟེར་ནས་རྒྱ་ནག་ཡུལ་དུ་ཉུལ།།
བོད་ཀྱི་ཡུལ་ལ་བཀྲ་ཤིས་ག་ནས་ཡོང་།།
འབའ་སྲས་བཙན་བྱོལ་དུ་ཡོད་རུང་ཁོས་རྒྱ་ནག་གི་རྩི་ལུགས་སུ་བྱས་པའི་ཨ་མདོའི་ལོ་ཟླ་བརྩི་ལུགས་དེ་གཞིར་བཟུང་ནས་ལྔ་མཆོད་དྲན་ལུགས་འདི་ཤེས་ཡོན་ཅན་ཞིག་གིས་གནང་སྟངས་མིན།
རོང་ཕྲུག་ནི་རོང་ཕྲུག་རང་རེད།
དགའ་ལྡན་ལྔ་མཆོད་ཐོག་ཁའི་རྩེ་ལ་སྦར།།
ཐུག་པ་ཞིམ་པོ་ཁོག་མའི་གཏིང་ནས་རྙེད།།
འབྲོག་རི་ཆེན་པོའི་གཏམ་རྒྱུད་བཟློས་པ་ནི།།
སོར་བཅུའི་འདབ་མ་སྙིང་ཀར་ཟུམ་པའི་རྒྱུ།།
ལྔ་མཆོད་ལ།
ཐོག་ཁའི་སྒང་ལ་མར་མེའི་ཕྲེང་བ་སྤོར། །
ལག་གཉིས་ཐལ་སྦྱར་བར་ན་སྤོས་རྐང་བཟུང་། །
དམིགས་མེད་བརྩེ་བ་ཚིགས་བཅད་བཞི་མའམ། །
དམིགས་བརྩེ་མ་དེ་ཁ་ལྕེ་རྩེ་ནས་འདོན། །
ཐམས་ཅད་སྙིང་གི་ཁོང་ནས་འདི་ལྟར་ཁྱོད་ལ་ཅིའི་ཕྱིར་དད།།
མཁས་པའི་སྤྱན་གཉིས་ཁྱོད་ཀྱི་གསུང་ཚིག་རེ་རེར་ཅིའི་ཕྱིར་བཅེར།།
བདག་གཞན་ཁྱོད་ཞལ་མ་མཇལ་ཕངས་སེམས་འཁུར་གྱིས་ཅིའི་ཕྱིར་མནན།།
སླར་ཡང་གངས་ཅན་ལྗོངས་སུ་ཁྱོད་ཀྱི་སྤྲུལ་སྐུ་ཅིའི་ཕྱིར
དཔེ་ཡག་པོ། འདུག
རང་གི་སྲོལ་རྒྱུན་བཟུང་བ་ནི་ཤེས་ཡོན་ཅན་གྱི་གནང་སྟངས་རང་རེད།
ཙོང་ཁ་བ་དང་ར༧རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་བ་སོགས་ནི་བོད་ཀྱི་དཔྲལ་བའི་མིག་ལྟ་བུའི་དམིགས་བུ་ལྟ་བུ་ཡིན།
ཁོང་ཅག་ཨ་མདོ་བ་སོང་ཙང་། མི་སྣ་འདི་འདྲ་ཁྱད་འཕགས་བྱུང་བ་རེད། ཨ་མདོ་བ་སྡུག་རུས་དང་རིག་པ། རང་ཚུགས་བརྟན་པ་སོགས་གཞན་གྱིས་བསྒྲུན་དུ་མེད་པ་ཡིན།
དེ་འདྲ་སོང་ཙང་། ག་དུས་ཡིན་ནའང་འདྲ་འདྲའི་ནང་ནང་གི་མ་འདྲ་བ་འབྱུང་གི་ཡོད་པ་རེད། ་
འབའ་སྲས་ཟེར་བ་འདིས་དངོས་ནས་སྙན་ངག་སྐྱུག་གི་འདུག
གངས་ཅན་བསྟན་པའི་སྲོལ་འབྱེད་པདྨ་འབྱུང་།།
དེ་དོན་རྒྱུད་ལ་སྦྱོར་མཛད་ཨ་ཏི་ཤ།།
དེ་ལ་འཁྲུལ་བ་སེལ་མཛད་བློ་བཟང་གྲགས།།
རྣམ་གསུམ་དབྱེར་མེད་ཚད་མའི་ལུང་གིས་གྲུབ།།
ཅེས་བ་འདི་མཁས་པ་སུའི་གསུང་རེད་དམ་ཤེས་མཁན་འདྲ་ཡོད་ན་གསུང་རོགས་མཛོད། །
གངས་ཅན་བསྟན་པའི་སྲོལ་འབྱེད་པདྨ་འབྱུང་།།
དེ་དོན་རྒྱུད་ལ་སྦྱོར་མཛད་ཨ་ཏི་ཤ།།
དེ་ལ་འཁྲུལ་བ་སེལ་མཛད་བློ་བཟང་གྲགས།།
རྣམ་གསུམ་དབྱེར་མེད་ཚད་མའི་ལུང་གིས་གྲུབ།།
འདི་ནི།
བསྟན་པའི་སྲོག་འཛུགས་ཞི་འཚོ་པད་འབྱུང་གཉིས། །
སྲོལ་གཏོད་བཀའ་བརྒྱུད་ས་སྐྱའི་བླ་བརྒྱུད་བྱོན། །
སྲོལ་འཛིན་ཇོ་བོ་བློ་བཟང་གྲགས་པ་ལ། །
རྒྱུན་དུ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །
གྲུབ་པའི་དབང་ཕྱུག་པད་མ་འབྱུང་གནས་དང་། དེ་ཡི་རྣམ་འཕྲུལ་རྒྱལ་བ་ཙོང་ཁ་པ། ཞེས་འདུག་པས་ཀུན་གྱིས་ཕྱག་མཆོད་མཉམ་པར་བྱ་འོས།