རྩོམ་པ་པོ། གཉན་ཆེན།
གཅིག དོན་དག་བྱུང་སྟངས་ཀྱི་རིམ་པ།
ཁ་སང་དེ་རིང་དྲ་ཐོག་ན་འུར་གྱིན་པ་ནི་རྒྱ་ནག་གི་གྲོང་ཁྱེར་ཧྲེང་ཧེ་ནས་རེད་ཟེར་བའི་རྒྱ་མོ་གཞོན་ནུ་མ་ཞིག་དང་ས་ཁུལ་གང་ཡིན་དང་སུ་ཡིན་ངོ་མི་ཤེས་པའི་བོད་རིགས་དྲ་ཉུལ་བ་གཉིས་ཀྱི་དབར་ཁ་རྩོད་ཤོར་ཏེ་དྲ་ཐོག་གི་ཡིག་ངག་གཉིས་ཐོག་ནས་རྩོད་པ་རྒྱག་བཞིན་པ་མཐོང་བྱུང་། སྤྱིར་བཏང་ཁོང་གཉིས་ཁ་རྩོད་ཤོར་དགོས་པའི་རྩ་བའི་རྩ་དོན་མི་ཤེས་མོད། སྡིགས་སྟངས་ཀྱི་ཐོག་ནས་རྒྱ་མོས་སྡིགས་བཞིན་པ་ནི་དེང་དུས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་གལ་ཆེར་བརྩི་བའི་ཁྲིམས་ལུགས་དང་འགལ་བ། ནམ་རྒྱུན་རྒྱ་དཔོན་རྣམས་ཀྱི་ཁ་ན་སྐྱོར་བཞིན་པའི་མི་རིགས་འཆམ་མཐུན་གྱི་སྲིད་བྱུས་དང་འགལ་བ། བོད་མི་རིགས་ཀྱིས་གོ་ན་སྙིང་ན་ཞིང་བསམ་ན་ཞེ་ཁྲོ་བའི་མི་རིགས་དབྱེ་འབྱེད་ཀྱི་སྐད་ཆ་རྫབ་ཆེན་རེ་འགའ་ཐོན་ཡོད་པ་དེ་རེད། སྤྱིར་བཏང་མི་རིགས་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བའི་དབར་ཁ་རྩོད་ཚིག་རྩོད་ཡོང་བ་ནི་སྤྱི་ཚོགས་ཤིག་གི་ཆོས་ཉིད་རེད། འོན་ཀྱང་མོས་ཆེད་མངགས་བོད་མི་རིགས་ཀྱི་སེམས་ལ་ན་ཟུག་གཏོང་བའི་ཚིག་ངན་བེད་སྤྱོད་བཏང་སྟེ་སྡིགས་ཡོད།
སྡིགས་སྟངས་དེ་ནི་ལོ་རྒྱུས་ཐོག་གི་མི་སེར་སྤེལ་བའི་རང་ལུགས་པ་དང་རྒྱལ་ཁབ་སྟོབས་ཆེན་ཚོས་རྒྱལ་ཁབ་སྟོབས་ཆུང་ལ་བཙན་འཛུལ་བྱས་སྐབས་བེད་སྤྱོད་གཏོང་བའི་ཁྱད་གསོད་བྱེད་པའི་ཚིག་ཅིག་ཆགས་ཡོད། དཔེར་ན་ ༼མན་ཛི༽ལྟ་བུའི་ཚིག་འདི་སྔོན་མ་སོག་པོའི་ཡོན་རྒྱལ་རབས་སྐབས་སོག་པོས་རྒྱ་ནག་ལ་སྡིགས་སྟངས་ཀྱི་ཚིག་ངན་ཞིག་དང་། ཆིན་རྒྱལ་རབས་སྐབས་མན་ཇུའི་མི་རིགས་ཀྱིས་ཧན་མི་རིགས་ལ་སྡིགས་སྟངས། ཡང་ཧན་མི་རིགས་ཀྱིས་འ་ཞ་སོགས་བོད་ཤར་ཕྱོགས་པ་ཚོར་སྡིགས་སྟངས། དེ་ནས་ཟི་ཁྲོན་རྒྱ་མི་ཚོས་བོད་མི་ལ་སྡིགས་སྟངས་སོགས་དུས་རབས་མི་འདྲ་བ་དང་། ཆབ་སྲིད་ཀྱི་ལོ་རྒྱུས་མི་འདྲ་བའི་ངོ་བོའི་ཐོག་ནས་བཙན་པོས་གཉོམ་ཆུང་ལ་སྡིགས་སྟངས་དེ་རྒྱ་མི་རིགས་ཀྱི་ཁ་ན་རྒྱུན་འབྱམས་སུ་ཡོད་པ་ཞིག་ཡིན་འདུག ༼ཆོའོ་སན་ཏིན༽་ཟེར་བའི་རྒྱ་མོ་དེས་བོད་མི་རིགས་ཀྱི་སེམས་ལ་ཕོག་ཐུག་བཟོ་བའི་ཚིག་ངན་བེད་སྤྱད་པ་ལ་བརྟེན་ནས་མི་རིགས་དབར་ལ་འགལ་ཟླ་སློང་བའི་དྲ་ཐོག་གི་རྩོད་ཉོག་ཡོང་བཞིན་ཡོད།
གཉིས་པ། མི་རིགས་དབར་ལ་འགལ་ཟླ་སློང་བའི་ཚིག་ངན་སྨྲས་པ།
རྒྱ་མོས་བོད་མི་སྤྱི་ལ་གཤེ་བའི་ཚིག་ངན་ག་རེ་བཤད་པ་རེད་ཟེར་ན།
༡༽ ”ཁྱེད་ཅག་ཀླ་ཀློ་ལྟ་བུའི་མི་སེར་ཚོར་རྒྱ་ཡིག་བཀོལ་བའི་ཐོབ་ཐང་ཡོད་མ་རེད།
༢༽ ཁྱེད་རང་བོད་པ་ཚོ་ལ་ཐོབ་ཐང་ཞིག་ཡོད་པ་ནི་མི་ཚེ་གང་བོར་རྒྱ་མི་རིགས་ཀྱི་རྐང་འོག་ཏུ་རྫི་རྒྱུ་དེ་རེད།
༣༽ གླེན་པ་ཁྱེད་ཅག་གིས་ཀྲུང་གོའི་རུས་པ་དམུར་རྒྱུ་དང་ཁྲག་འཇུབ་རྒྱུ་ལས་ཅི་ཡང་ཤེས་ནི་མ་རེད་ལ་འཇོན་གི་ཡང་མ་རེད། གཞན་རྟེན་འབུ་སྲིན་དང་ཀྲུང་གོའི་རྐང་འདྲེན་པ་ནམ་ཡང་ཁྱེད་ཅག་རེད།
༤༽ མི་རིགས་ཐ་ཤལ་བ་ཁྱེད་རང་ཚོ་མགྱོགས་མྱུར་ངང་ཀྲུང་གོའི་ས་ཁྲ་སྟེང་ནས་མེད་པར་བཟོ་རྒྱུ་ཉག་ཅིག་རེད་ཟེར”།མོའི་ཁ་ནས་ཐོན་པའི་གནད་འགག་ཅན་གྱི་ཚིག་འགའ་ཟུར་དུ་བཏོན་ནས་བོད་སྒྱུར་གནང་ཡོད་པ་གོང་གི་དེ་རེད། ཚིག་འདི་དག་ནི་ཅི་ཙམ་བསམ་ན་ཁྲིམས་དང་སྲིད་ཇུས་གང་ལའང་འགལ་བའི་མི་རིགས་རྒྱབ་འགལ་གྱི་བྱ་སྤྱོད་ཉག་ཅིག་ལས་བདེན་པ་དང་དག་སྣང་གི་ལྟ་དགོས་པའི་ཆ་ཕྲ་མོ་ཙམ་ཡང་མ་མཐོང་ངོ་།
གསུམ་པ། བྱ་སྤྱོད་འདིས་མཚོན་སྟངས་ཅི་ཞིག་རེད།
ང་ཚོས་ག་རེ་མཐོང་གི་ཡོད་པ་རེད་ཟེར་ན་འདི་ལྟ་བུའི་རྒྱ་ནག་གི་མི་སེར་དཀྱུས་མ་རྒྱ་མོ་ཞིག་གི་ཁ་ནས་ཡིན་རུང་གྲངས་ཉུང་མི་རིགས་ལ་དམའ་འབེབ་མཐོང་ཆུང་བྱེད་པའི་རྣམ་འགྱུར་སྟོན་སྟངས་འདིས་མོ་གཅིག་བུ་མ་ཡིན་པར་རྒྱ་མི་རིགས་སྤྱིའི་ནམ་བཞག་རྒྱུན་དུ་གྲངས་ཉུང་མི་རིགས་ལ་འཛིན་པའི་སེམས་ཁམས་ཤིག་མཚོན་པ་དང་དེའི་རྒྱབ་ལྗོངས་ན་ཡོད་པའི་གུང་ཁྲན་ཏང་གི་སློབ་གསོའི་སྲིད་ཇུས་དང་། ཀྲུང་གོའི་སྤྱི་ཚོགས་ནང་ན་ནམ་རྒྱུན་བྱུང་བཞིན་པའི་མི་རིགས་དབྱེ་འབྱེད་ཀྱི་རྣམ་པ་ཤུགས་ཆེར་ཡོད་པ་གསལ་བོར་བསྟན་པ་རེད་སྙམ།
བཞི་བ། མགོར་རྐང་བ་བཞག་ན་ཡ་ལན་མེད་པ་ནི་ཤི་བཞིན་པའི་རྟགས་རེད།
ང་ཚོའི་རྒྱལ་ས་ཤོར་སོང་། ང་ཚོའི་རང་དབང་འཕྲོག་སོང་། ད་ང་ཚོ་མི་རིགས་བཙན་པོ་ཞིག་གི་གཉའ་གནོན་འོག་ན་ཡོད་པ་བདེན་པ་རེད། ང་ཚོའི་གནས་བབ་ནི་གཞན་དབང་གི་འོག་ན་འབུ་སྲིན་ལྟ་བུའི་ཐོབ་ཐང་ཞིག་མ་གཏོགས་མེད་ཀྱང་གཞན་གྱིས་ཁ་ཟས་དང་རྡོག་བརྫིས་གཏོང་སྐབས་ངེས་པར་དུ་འཕག་འཚག་ཞིག་ཡོད་དགོས། འགྲོ་བ་མི་ཞིག་ཡིན་ན་རང་ཉིད་ལ་མཆེད་ཁུངས་དང་། ས་ཁུངས་རིགས་རུས་གང་དུ་གཏོགས་པའི་ཁུངས་ཤིག་ངེས་པར་དུ་ཡོད་ལ། དེ་ལ་ཤ་ཞེན་དང་བརྩི་མཐོང་། ལ་རྒྱ་ཡོད་པ་ནི་ཆོས་ཉིད་ཀྱི་གྲུབ་པ་ཞིག་རེད། རང་གི་རིགས་ལ་དམའ་འབེབས་མཐོང་ཆུང་བྱེད་པ་དང་བརྙེས་སྨོད་ཟུར་ཟ། སྤྱི་ཚོགས་ནས་ཟུར་འབུད་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་ནི་འགྲོ་བ་མིའི་རིགས་ཀྱི་རྒྱུན་ལྡན་འཚོ་སྟངས་ཤིག་ཡིན། འགྲོ་བ་མིའི་སྤྱི་ཚོགས་ནང་གི་ཆེས་གཟབ་ནན་དང་ཕོག་ཐུག་ཤོར་མི་ཉན་པ་ནི་ཆོས་ལུགས་ཀྱི་གནད་དོན་དང་མི་རིགས་ཀྱི་གནད་དོན་འདི་གཉིས་ཡིན། འདི་ལ་ལག་པ་འཆང་གི་ཡིན་ཟེར་ན་གྱོད་སྒོ་ཕྱེ་བ་རེད། ལྷག་པར་དུ་མི་རིགས་ཤིག་དམིགས་འབེན་དུ་བཟུང་ནས་ས་ཁྲའི་སྟེང་ནས་མེད་པར་བཟོ་རྒྱུ་ཡིན་ཟེར་བའི་སྐད་ཆ་དེ་ནི་རང་དགར་འཇོག་ཐུབ་མེད་པ་ཞིག་རེད།
ད་རེས་ཀྱི་ཁ་རྩོད་འདི་ནི་སྤྱིར་བཏང་གི་མི་སེར་དཀྱུས་མའི་རྩོད་ཉོག་ཞིག་ཡིན་ནའང་། ཆེས་དམའ་རིམ་ནས་བསླངས་པའི་རྩོད་གཞི་འདིས་གྲངས་ཉུང་མི་རིགས་རྨོངས་གཉིད་ལས་སད་དགོས་པའི་བརྡ་ཞིག་བསྟན་ཡོད། རྒྱལ་ཁབ་ཞིག་ཡིན་ན་འདྲ། མི་རིགས་ཤིག་ཡིན་ན་འདྲ། མི་སྒེར་བ་ཞིག་ཡིན་ན་འདྲ། མི་རིགས་ཤིག་ལ་དམིགས་སུ་བཀར་ནས་དགྲར་འཛིན་གྱི་བསམ་བློ་ཡོད་པ་དེས་ཆབ་སྲིད་ཀྱི་གནད་དོན་ཞིག་སྟོན་གྱིན་ཡོད། གང་ན་དགྲར་འཛིན་གྱི་བསམ་བློ་ཡོད་པ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས། དེ་ནི་ང་ཚོའི་སྟངས་ཡིན་ལ་རང་ཉིད་མུ་མཐུད་དུ་གསོན་དགོས་ན་མགོར་རྐང་བ་འཇོག་དུས་མ་མཐའ་ཡང་ཀུ་འདེབས་ཤེས་དགོས་པ་དེ་གཞན་ལ་སྤྲོད་པའི་བརྡ་ལན་ཡིན། །
༢༠༡༦ ༡༡ ༢༢ ཉིན། །
གཉན་ཆེན་ལགས་ཀྱིས་ཁ་གསལ་པོ་ཡག་པོ་ཞིག་བྲིས་འདུག་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ། གོང་ནས་རྫ་ཚེ་ལགས་ཀྱིས་ཀྱང་བྲིས་འདུག་མོད། འོན་ཀྱང་རྒྱ་མོས་གང་བཤད་གཅིག་ཀྱང་བྲིས་མི་འདུག་པས་སྙིང་བོར་ཟད་དོ། དེ་འདྲའི་རྩོམ་ཀློག་པར་ཆུད་ཚོད་ཆུད་ཟོས་སུ་བཏང་བ་ཙམ་མོ། །
རང་བྱུང་མ་རེད། གཞན་བྱུང་རང་རེད། གཞན་ལ་ཕན་མ་ཐོགས་ན་ཡང་གནོད་མ་བསྐྱལ་དང་།
གཞན་གྱིས་བསྟོད་སྨད་དགའ་སྡུག་སྙིང་བོས་དབེན། འོན་ཀྱང་རྒྱ་མོས་སྨས་པའི་ཚིག་རྣམས་ནི། གདུག་རྩུབ་ཆེ་བའི་འཁྱོགས་བཤད་ཐལ་དྲག་པས། བོད་མི་དཀྱུས་མས་བཟོད་པ་ཇི་ལྟར་སྒོམ། །
་མོ་མཛེས་མ་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དགོངས་དག་ཡང་ཞུ། གང་ཡིན་ཟེར་ན་ང་ཚོ་བོད་པ་མང་པོ་ཞིག་གི་རང་གི་མིང་ཡང་བོད་ཡིག་གིས་མི་འབྲི་བར་ཁྱོད་ཚོའི་རྒྱ་ཡིག་བཀོད་བཞིན་པ་དང་བོད་ཡིག་ལས་རྒྱ་ཡིག་ལ་དུང་བ་འདུག དེ་ན་ཁྱོད་ཀྱིས་བཤད་པ་འདི་གནད་ལ་འཁེལ་འདུག ཐུགས་རྗེ་ཆེ་རྒྱ་མོ་མཛེས་མ་ལགས། མ་ཚད་བོད་ཀྱི་ཆོས་བ་ཚོ་ཡང་རྒྱ་ཡུལ་དང་རྒྱ་སྒོར་ལ་དགའ་བས་རང་ཚུགས་ཤོར་ཡོད།
རྒྱ་མོ་དེ་རང་ཅག་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་རྣམས་ཀྱིས་སྙིང་རྗེའི་ཡུལ་ཡིན་པས་ཁོང་ཁྲོ་བྱ་མི་རུང་། མོས་སྡིག་པ་ཚབས་ཆེན་བསགས་པར་བྱམས་པ་དང་སྙིང་རྗེ་ལྷག་པར་སྐྱེད་འོས།