ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་སྙན་ངག་གྱེར་འདོན་འདུ་འཛོམས་ཐེངས་གཉིས་པ་དེ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཚོགས་ཏེ། སྐྱེ་དགུ་མདོའི་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་པ་དག་ལ་མྱ་ངན་རྗེས་དྲན་དང་། རྒྱ་དམར་གཞུང་གི་བཙོན་འོག་ལ་ཤོར་བའི་རྩོམ་པ་པོ་དག་གི་ཆེད་དུ་བསྒྲགས་གཏམ་དང་གྲགས་ཆེན་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་སྐུ་ཞབས་ཞོགས་དུང་ཐེའུ་རང་བཅས་ཀྱི་བརྩམས་ཆོས་དང་བསམ་བློའི་སྐོར་ལ་ཆེ་མཐོང་དང་ཤེས་རྟོགས་ཀྱི་ཆེད་དུ་བགྲོ་གླེང་བཅས་འཚོགས་འདུག
ཟླ་འདིའི་ཚེས་༩ ཉིན་དབུ་མའི་རྩོམ་སྒྲིག་པ་རྨོག་རུ་བསྟན་པ་དང་བོན་རྒྱ་བསྟན་འཛིན་རབ་རྒྱས་གཉིས་ཀྱི་བཀོད་སྒྲིག་འོག་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་སྙན་ངག་གྱེར་འདོན་འདུ་འཛོམས་ཐེངས་གཉིས་པ་དེ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་དཔེ་མཛོད་ཚོགས་ཁང་དུ་འཚོགས་ཡོད་པ་དང་། རྩོམ་པ་པོ་དགེ་ལུགས་སྤྱི་འཐུས་བེ་རུ་འཇིགས་མེད་དབང་རྒྱལ་ལགས་དང་། ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག ནོར་གླིང་བདེ་སྲུང་འགན་འཛིན་སྒྲོལ་དཀར་སྐྱབས། དགའ་བྱང་ཀླུ་འབུམ་སྤྲུལ་སྐུ་བསྟན་འཛིན་སྐལ་ལྡན། ཆབ་སྲིད་བཙོན་ཟུར་བག་བྲོ། ཨ་ཚོགས་བསྟན་འཛིན་འཇམ་དབྱངས། ནོར་གླིང་ཉམས་ཞིབ་པ་ལྷ་ལུང་རྒྱལ། སྙན་ངག་པ་ཨ་འཇམ། རས་པ། མེ་འོད། གཉན་པོ། བེ་རུ་དཔལ་ལྡན་རྣམ་རྒྱལ། གཉན་མདང་ཕོ་ཉ། ཁྲི་སྲོང་། བོན་རྒྱ་བློ་བཟང་བཀྲ་ཤིས། ཀླུ་བསམ་བློ་བ། རྫ་སྲས་བདེ་ཆེན། ཁྲག་འཐུང་། ཤེས་རབ་དགའ་ཚལ་གླིང་གི་མི་གསར་པའི་རུ་དཔུང་གི་ཚོགས་མི་སློབ་ཕྲུག་ཁ་ཤས་བཅས་མཉམ་འཛོམས་ཐོག ༼ཤེས་རབ་ཀྱི་ནམ་མཁར་ཕྱོགས་ཏེ། སྙན་ངག་གིས་མྱ་ངན་ཞུ་བ༽་ཞེས་པའི་བརྗོད་བྱང་འོག་ཟླ ༤ ཚེས་ ༡༤ ཉིན་གྱི་ས་ཡོམ་ཁྲོད་རྐྱེན་ལམ་ཤོར་བའི་བོད་རིགས་སྤུན་ཟླ་རྣམས་ལ་མྱ་ངན་རྗེས་དྲན་གྱི་སྙན་ངག་གྱེར་འདོན་དང་།
རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། ཐ་ན་རྒྱ་གཞུང་རང་གིས་གཏན་འབེབས་བྱས་པའི་སྐད་ཡིག་སྐོར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་གསར་རྙིང་། ལྷག་པར་ ༢༠༠༥ ལོའི་ཟླ ༥ པའི་ཚེས ༣ ཉིན་ནས་ལག་ལེན་དུ་བསྟར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཟེར་བ་སོགས་ཀྱང་རྩིས་མེད་རྡོག་རོལ་གྱིས་བཙོན་འཇུག་བཀག་ཉར་བྱས་པའི་རྩོམ་པ་པོ་དག་གི་ཆེད་དུ་རྩོམ་པ་པོ་སྤྱི་འཐུས་བེ་རུ་འཇིགས་མེད་དབང་རྒྱལ་ལགས་དང་། ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག ཆབ་སྲིད་བཙོན་ཟུར་གྲྭ་བག་བྲོ་གསུམ་ནས་བསྒྲགས་གཏམ་སྤེལ་ཡོད་པ་དང་།
གྲགས་ཆེན་རྩོམ་པ་པོ་སྐུ་ཞབས་སྒྲོལ་མ་སྐྱབས་ཀྱི་བསམ་བློ་དང་སྙིང་སྟོབས་བཅས་ཀྱི་སྐོར་ལ་ཁོང་གི་སློབ་གྲོགས་ཡིན་པ་ནོར་གླིང་ཉམས་ཞིབ་པ་ལྷ་ལུང་རྒྱལ་ལགས་ཀྱིས་སྒྲོལ་མ་སྐྱབས་ལགས་ཀྱི་མི་ཚེའི་བརྒྱུད་རིམ་དང་། བོད་ཕྱི་ནང་གཉིས་ནས་ཁོང་ལ་འཕྲད་པའི་གནོད་ཤུགས། མཐར་རྒྱ་མིའི་བཙོན་འོག་ལ་བཞུད་པའི་སྐོར་བཅས་ལ་བགྲོ་གླེང་གཏམ་བཤད་དང་དྲི་བ་དྲིས་ལན། ནོར་གླིང་ཉམས་ཞིབ་པ་ཨ་འཇམ་ལགས་ཀྱིས་གཞོན་སྐྱེས་རྩོམ་པོ་ཐེའུ་རང་ལགས་ཀྱི་བསམ་བློ་དང་སྙིང་སྟོབས་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན། རྩོམ་པ་པ་རས་པ་ལགས་ཀྱིས་སྐུ་ཞབས་ཞོགས་དུང་གི་བསམ་བློ་དང་མི་རིགས་ཀྱི་འདུ་ཤེས་ སྐོར་ལ་གཏམ་བཤད་དང་དྲིས་པ་དྲིས་ལན་དང་བཅས་པའི་བགྲོ་གླེང་དང་། གཞན་ཡང་ད་རེས་ཀྱི་ཚོགས་ཐོག་ནས་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་སྙན་ངག་གྱེར་འདོན་འདུ་འཛོམས་སྔ་ཕྱི་གཉིས་ཀྱི་སྐོར་གྱི་ལེགས་ཉེས་སྐོར་གླེང་བ་དང་། སྙན་ངག་གྱེར་འདོན་འདུ་ཐེངས་གསུམ་པ་འཚོག་སྟངས་བཅས་ཀྱི་སྐོར་བསམ་ཚུལ་བཏོན་འདུག
ཁྱེད་ཅག་ལ་ཐུགས་རྗེ་བླ་མེད་ཞུ།
ད་་ཆོག་གི་ད་ཆོག་་གི་་ཕྱོགས་དུང་མྱི་རེད། གཞན་པ་བཟུང་བ་དང་་བསད་པ་ཚང་མ་མྱི་རེད། མྱི་ཚང་མ་འདྲ་འདྲ་རེད་ཟེར་མཁན་ཡང་ཕྱོགས་དུང་ཁོ་རེད། གནམ་ས་གོ་འབྱེད་ཟེར་བ་དེའི་་ནང་ན་༢༠༠༨ ལོའི་ཞི་རྒོལ་སྐོར་རགས་བཤད་བྱས་དང་ལྷན་ན་ནང་བསྟན་ལ་ཟ་ཟུར་ནས་ངན་སྨྲས་བྱས་ཡོད་པ་དེ་ལས་གཞན་ཅིང་མེད་ཁ། ད་དུང་བོད་རྒྱ་ཁུངས་ཡིན་པར་ཡང་བསྒྲུབས་འདུག་ག དེ་ལས་ཡུལ་ཤུལ་རྒུད་སྐྱོབས་ལ་རོགས་སྐྱོར་བཤད་བཞིན་པའི་བརྙན་པར་དང་པར།ད་དུང་ཟིན་ཐོ་སོགས་ཕྱོགས་བསྒྲིགས་དང་དཔར་འགྲེམས་བྱེད་ཐུབ་ན་ཡག་པོ་རེད། ད་དུང་གལ་ཆེ་བ་ཞིག་ནི་བོད་རྒྱ་ཆེ་མི་དམངས་ཀྱི་གཏོང་ཕོད་ཞལ་འདེབས་གྲངས་ཀ་ཕྱོགས་བསྒྲིགས་བྱེད་ཐུབ་ན་ཧ་ཅང་ཡག་པོ་རེད།