ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
བཀའ་ཁྱབ་ནན་པོའི་དངུལ་ལོར་གསར་བརྗེའི་འོག།
ཁྲིམས་འགལ་ནག་ཚོང་རྩ་མེད་གཏོང་ལ་དམིགས།།
གང་ལྟར་གནས་སྐབས་མི་མང་དཀའ་ངལ་འཕྲད།།
ང་ཚོ་བོད་རིགས་བལ་ཚོང་ཚོང་ལས་གནོད།།
ཅ་ཅོ་འར་འུར་མེད་པའི་བཅོས་བསྒྱུར་ལ།།
ཆ་ཤས་རྒྱབ་སྐྱོར་ཡུལ་མིའི་དགའ་བསུ་ཞུས།།
ཇུས་གཏོགས་ཆེ་བའི་ཆབ་སྲིད་ཚོགས་པ་འགས།།
ཉེ་རིང་ཆགས་སྡང་འོག་ནས་སྐྱོན་བརྗོད་གླེང་།།
ལྟ་བ་བརྟན་པོའི་གཞུང་གི་བཀའ་ནན་འོག།
འཐོམ་ཞཱ་རྒྱོན་པའི་མི་ཚོ་གྱོང་གུན་རག།
ད་ནས་བཟུང་ཏེ་དུས་ཡུན་ཟླ་དྲུག་རིང་།།
ནང་མིའི་འགྲོ་སོང་གཏོང་ལ་བསྲི་ཚགས་དགོས།།
དཔལ་འབྱོར་རིག་པས་ལམ་སྟོན་གཞུང་གི་སྒྲུབས།།
ཕན་གནོད་ཇི་ཆགས་རིམ་པས་ཐ་གསལ་ཐུབ།།
བོང་བ་གསེར་གཟིགས་མིན་པའི་རེ་བ་ཡོད།།
མ་དངུལ་ཚད་བཟོས་སྤྱི་སྒེར་ལས་དོན་འགག་།
རྩ་བ་དངུལ་ཁྲིམས་འོག་ཏུ་སྤྱི་ཚོགས་འཚོ།།
འཚོ་བ་བཟང་ཞན་ཡུལ་གྱི་དཔལ་འབྱོར་རག།
ཛ་དྲགས་ཆེ་ནས་དངུལ་ལོར་གསར་བརྗེའི་འོག།
ཝ་སྤྱང་འདྲ་བའི་དངུལ་རྫུན་ནག་ཚོང་རིགས།།
ཞ་ར་འོན་པ་ཇི་བཞིན་ལག་སྟོང་བཟོས།།
བཟང་པོའི་ཡུལ་མི་ཉམས་ཆུང་བློ་རེ་བདེ།།
འུར་གཏམ་སྤེལ་མཁན་ཆབ་སྲིད་མི་སྣ་འགས།།
ཡིན་ལུགས་མིན་ལུགས་རང་གི་འདོད་དོན་སྤེལ།།
རེ་བའི་ནང་དུ་ལྷག་པའི་ཉམས་ཆུང་ཚོ།།
ལ་རྒྱ་བརྟན་པོས་གཞུང་གི་བཀའ་གསུང་སྒྲུབས།།
ཤ་ཚ་ཆེ་བའི་འབྱོར་ལྡན་མང་དག་གིས།།
སོ་སོའི་བསགས་དངུལ་མི་མང་ཞལ་འདེབས་ཕུལ།།
ཧང་ལས་ཧོན་འཐོར་མེད་པའི་དངུལ་བརྗེས་འོག།
ཨེ་ཊེམ་ཡོངས་རྫོགས་དངུལ་མེད་སྟོང་པར་ལྷག།
༅༅། ཁྱོད་ཀྱི་གསམ་ཚུལ་བཤད་དང་མ་བཤད་མེད།
རྒྱ་གར་གཞུང་གི་གསལ་བསྒྲགས་གནང་བ་བཞིན།
མ་བརྕི་མ་མཐོང་མདོག་མདོག་མ་སྟོན་དང།
རྗིགས་གཏམ་ཇི་ཙམ་བཤད་ཀྱང་ཕན་པ་མེད།
༅༅། ང་བཙན་པོས་གདུང་རྒྱུད་འཕྲུལ་མེད་རེད།
བོད་གངས་ཅན་ལྗོངས་ཀྱི་བོད་མི་ཚོ།
ང་དགའ་དུས་སྙིང་གཏམ་བཤད་ས་དང།
ང་སྡུག་དུས་སྐྱོ་གླུ་ལེན་ས་ཡིན།
སེམས་མ་སྐྱོ་ང་ཚོའི་ལས་དབང་རེད།
ཉི་མ་སྤྲིན་པའི་འོག་ནས་གསལ་ཞིག་ཡོང།
གཏམ་ཨ་ཕས་མ་བཤད་ཨ་མས་བཤད་།
ཁྱི་བདག་པོའི་མ་བཀག་མགྲོན་པོས་བཀག་།
ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
བདེན་གཏམ་འདི་རུ་བཤད་ཡོད་དོ་།
རི་མགོ་མཐོན་པོའི་དར་ལྕོག་དེ་།
བྱང་རླུང་བྱུང་ན་ལྷོ་ལ་ཁྱེར་།
ལྷོ་རླུང་བྱུང་ན་བྱང་ལ་ཁྱེར་།
ནུབ་རླུང་བྱུང་ན་ཤར་ལ་ཁྱེར་།
ཤར་རླུང་བྱུང་ན་ནུབ་ལ་ཁྱེར་།
ཧོབ་རླུང་རྒྱུགས་ན་དར་ཤིང་ཆག་།
ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
བདེན་གཏམ་ངོ་བཤད་ཡོད་དོ་།