རྩོམ་པ་པོ། གཉན་ཆེན།
ལུས་ཀྱི་ཟུངས་ཤུགས་དགུན་ཁའི་སྡོང་སྐམ་བཞིན། །
ཡན་ལག་ལྔ་བོ་ཡལ་ག་རྙིད་པའི་མདངས། །
ཤ་སྐྱིའི་གཉེར་མ་སྡོང་བུའི་ཤུན་སྐོག་དབྱིབས། །
རུས་ཀོང་ཟད་པོ་འཁུར་བའི་འཆི་ཁ་མ། །
མིག་གི་རྒྱལ་མོ་གཤོག་ཆད་བྱ་ལེབ་བཞིན། །
འཕུར་འདོད་སྐྱེས་ཀྱང་གནམ་འཕང་མི་ཆོད་པའི། །
སྔོ་སྐྱའི་མིག་ཀོང་སྐྱོ་ཉམས་ཤར་བའི་ནང་། །
འཆི་ཁའི་འཁྲེངས་སེམས་ནག་པོའི་མཆི་མ་འཁྱིལ། །
རྒས་པའི་ཕུང་བོ་བཞག་སྟེ་དབང་ཤེས་བསྡུ། །
ཕྲ་རགས་ཤེས་པ་རྟེན་ནས་འབྲལ་ཐག་ཆོད། །
འཕྲལ་བའི་རྐྱེན་བྱེད་འབྱུང་བཞི་འཁྲུགས་པའི་རླབས། །
མགོ་ནས་རྐང་མཐིལ་བར་དུ་གློག་བཞིན་འཁྱུག །
འཆི་བའི་འཇིགས་པ་སྨྱོ་འབོག་འཕར་བ་བཞིན། །
སེམས་ཀྱི་དྲན་སྣང་ངེས་མེད་རྨི་ལམ་དཔེ། །
དབུགས་ཀྱི་རྒྱུ་བ་འགག་པའི་དངངས་ཚབས་སྐབས། །
བསྐྱབས་དང་སྐྱོབ་པའི་སྟོན་པ་ཡོད་མ་ཡིན། །
འཆི་ཁའི་སེམས་པ་དུང་བའི་མི་ལ་ཆགས། །
འབྲལ་ཁའི་རྣམ་ཤེས་ཕུང་བོའི་རོ་ལ་ཆགས། །
འཆི་གསོན་གང་ལ་ཆགས་པའི་འཇིག་རྟེན་ན། །
འཆི་ཁའི་སྐྲག་སྣང་ལྟ་བུའི་འཇིགས་རྔམ་མེད། །
ལུས་ཀྱི་རྩ་ཕྲན་རེ་རེ་འདར་སིག་སིག །
སྙིང་གི་དཀྱིལ་འཁོར་འཕར་ལྡིང་འཁོལ་ལྷོག་ལྷོག །
འཇིགས་དངངས་སེམས་པ་དར་ལྕོག་གཡོ་ལྷབ་ལྷབ། །
ལུས་ཀྱི་འགུལ་སྐྱོད་ཐམས་ཅད་བག་འཁུམ་འཁུམ། །
ཕྱི་ཤུན་པགས་པ་ཆུ་སྐམ་ཉ་མོའི་གཟུགས། །
ནང་གི་རྣམ་ཤེས་སྐར་མདའ་བཞིན་དུ་ཡལ། །
ཤི་ཁའི་འཆར་སྣང་ཐོག་ཆར་འབབ་པ་བཞིན། །
སྐད་ཅིག་གློག་གི་འཁྱུག་སྟབས་འཇིགས་སུ་རུང་། །
སྐྱིད་པའི་འཚོ་བ་དྲན་ན་འཆི་འདོད་མེད། །
དགྱེས་པའི་འཁོར་ཚོགས་མཐོང་ན་བྲལ་འདོད་མེད། །
རྒྱུ་དངོས་ལོངས་སྤྱོད་བསམ་ན་བསྐྱུར་འདོད་མེད། །
མི་འདོད་འཆི་བའི་ལམ་ལ་ཕྱིར་ལྡོག་མེད། །
སྐྱེ་བའི་མཐའ་མ་འཆི་བའི་ལམ་ཡིག་དེ། །
དབུགས་ཐོག་སེམས་ཅན་ཀུན་ལ་ཆ་སྙོམས་ཡིན། །
བླ་སྤྲུལ་དཔོན་པོ་སུ་ལའང་ངོ་སོ་མེད། །
ཆེ་ཆུང་ཚང་མ་འཆི་ཁ་འདྲ་འདྲ་ཡིན། །
ཞེན་ཆགས་ཕྱིར་མིག་འཇིག་རྟེན་ཁམས་ལ་འཕངས། །
རྣམ་ཤེས་ཕྲ་མོ་ཕྱི་མའི་ཞིང་ལ་བཞུད། །
བར་དོའི་འཇིགས་པ་སྒྱུ་མའི་མིག་འཕྲུལ་བཞིན། །
སྔར་བྱས་ནག་པོའི་ལས་རྣམས་འཆར་བཞིན་འོང་། །
འཆི་བ་ན་བ་བྱམས་དང་སྙིང་རྗེ་མེད། །
འཆི་ཁའི་འཇིགས་སྣང་སྐྱེ་བོ་ཀུན་ལ་འབྱུང་། །
འཆི་བ་མི་རྟག་སྐད་ཅིག་འཇིགས་ཆེན་པོ། །
འཆི་ཁའི་དཔའ་བོ་དོན་གྱིས་དཔའ་བོ་ཡིན། །
འཆི་དང་ན་བའི་སྡུག་བདེན་ཚེར་མའི་རྩེ། །
འཆི་གསོན་སུ་ལ་ཟུག་ན་ཨ་ཙ་མ། །
འཆི་མེད་སེམས་དཔའི་འཆར་སྣང་སྐྱིད་པོ་དེ། །
འཆི་བ་མི་རྟག་སྒོམ་ན་འོང་བར་ངེས། །
སྐྱེས་དངོས་ཐམས་ཅད་སྐྱེ་ནས་རྒུད་པ་ཡིན། །
ཉི་མ་དམར་བོ་ཤར་ནས་ནུབ་པ་བཞིན། །
འཆར་ནུབ་སྐྱིད་སྡུག་འགྱུར་ལྡོག་དངོས་པོའི་གཤིས། །
བཅོས་ཐབས་མེད་པའི་གནས་ལུགས་ཐོག་ཏུ་འབབ། །
༢༠༡༦ ༡༢ ༣ ཉིན། དགོང་མོ་ཉལ་ཁར་ཤར་མར་སྤེལ།
མི་ཚེ་རིང་ཐུང་གང་ཡིན་ཡང་། །
སྐྱེ་བ་འཆི་བ་འགོ་འཇུག་གཉིས། །
སྐྱེས་བའི་རྐྱེན་གྱིས་འཆི་བ་རེད། །
མི་འཆི་བསམས་ན་སྐྱེ་བ་སྤོངས། །
༄༅། གཉེན་ཆེན་ལགས་ནས།
འཆི་བ་མི་རྟག་པའི་སྐོར་གྱི་སྩོམ་ཡིག་དེ་་་་དཔེ་ཡག་པོ་བྲིས་འདུག་
དངོས་འབྲེལ་རེད་།
རྗེ་བཙུན་མི་ལས་ཀྱང། ང་ད་ལྟ་ཡོད་ལ་ད་ལྟ་མེད། ང་སྔ་དྲོ་ཡོད་ཀྱང་ཕྱི་དྲོ་མེད།
ང་དེ་རིང་ཡོད་ལ་སང་ཉིན་མེད་། འཆི་བ་མི་རྟག་བྲལ་མེད་མཉམ་དུ་ཡོད་་་ཅེས་གསུངས་ཡོད།