བོང་སྟག་རི་ལུ།
༢༠༠༨ ལོ་ནི་བོད་མི་རིགས་ལ་མཚོན་ན། ཁྱོད་ཤི་ང་གསོན་དང༌། ཤི་འཐམ་རོ་འཐམ་གྱི་ལས་འགུལ་ཆེན་པོ་ཞིག་ལངས་པའི་ལོ་ཡིན་ལ། ལྷ་སའི་པོ་ཏ་ལའི་བར་སྐོར་གཙོ་བྱས་ཏེ་མདོ་དབུས་ཁམས་གསུམ་གྱི་བོད་མི་གནས་སྡོད་བྱེད་སའི་ས་ཆ་གང་རུང་ནས་ཚེ་སྲོག་གི་མཆོད་པ་མ་ཕུལ་ས་ཞིག་གཏན་ནས་མེད་པ་འདྲ། དེས་ན། ༢༠༠༨ ལོར་མི་རིགས་ཀྱི་བྱ་གཞག་རླབས་ཆེའི་དོན་དུ་ཚེ་སྲོག་གི་མཆོད་པ་ཕུལ་ཅིང༌། ངུ་འབོད་ཀྱི་སྐད་སྒྲ་མ་འཇགས་པའི་ཡར་སྔོན་ལ། ཨ་མདོའི་ཟི་ལིང་གྲོང་ཁྱེར་ནས་བོད་མི་རིགས་ལ་ཤ་ཞེན་རུས་ཞེན་ཆེ་ཟེར་བའི་བོད་ཀྱི་རྡུང་ལེན་པ་སྐོར་ཞིག་གིས་གླུ་སྐད་གཅིག་ལས་གཅིག་ལྷག་གིས་སྤྲོ་ཚོགས་རབ་དང་རིམ་པ་སྤེལ་བ་ནི་ཁོ་བོ་ཧ་ཅང་ཡིད་སྐྱོ་བའི་གནས་སོ།།
ད་ལོའི་ཟླ་ ༡༡ པའི་ནང་ཁོ་བོ་གཞུང་དོན་ཙག་ཙིག་ཞིག་གི་ཆེད་དུ་གནའ་མཁར་ཟི་ལིང་དུ་སོང་བ་ཡིན་ལ། སྐབས་དེར། ཨ་མདོའི་རྡུང་ལེན་སྤྲོ་ཚོགས་ཆེན་མོ་རབ་དང་རིམ་པ་སྤེལ་བའི་དུས་ལ་འཁེལ་བྱུང༌། ཡིན་ན་ཡང༌། ང་རང་སྤྲོ་ཚོགས་དེར་ཞུགས་འདོད་མ་བྱུར་བར་གྲོགས་པོ་ཁ་ཤས་དང་མཉམ་དུ་ཇ་ཁང་དཀྱིས་མ་ཞིག་ནས་སེམས་གཏམ་ལབས་རེས་བྱས་ཏེ་བསྡད་པ་ཡིན་ལ། དུས་དེར། རྡུང་ལེན་པ་ནམ་མཁའ་ཡིས་ང་རང་འབྱོར་ཡོད་པ་ཐོས་འཕྲལ་ཁ་པར་བཏང་ཡོང་ཞིང༌། ངེད་གཉིས་ཀྱིས་སྤྱིར་བཏང་གི་མགྲོན་ཁང་ཞིག་ཏུ་ཁ་བརྡ་མང་པོ་བྱས་ཤིང་སྐད་ཆ་དེ་དག་གི་ཁྲོད་ནས་ཁོའི་སེམས་གཏམ་མང་པོ་ཞིག་ང་ལ་དམར་རྗེན་རྗེན་དུ་ལབས་སོང༌། སྐབས་དེར་ངས་ཁོ་ལ། ཁྱེད་རང་རྡུང་ལེན་གྱི་སྤྲོ་ཚོགས་ཆེན་མོ་འདིར་མི་ཞུགས་དོན་ཅི། ཁེ་ཉིན་ད་དུང་སྒྲ་སྡུད་འཕྲུལ་ཆས་ལས་ཁྱེད་ཉིད་གཙོ་བྱས་ཏེ་ཨ་མདོའི་རྡུང་ལེན་པ་གྲགས་ཅན་མི་ཉེར་ལྔ་ཡོད་ཚུལ་བསྒྲགས་མྱོང་བ་མིན་ནམ་ཞེས་དྲིས་པ་ན། ཁོས་གདོང་ལ་མི་འདོད་པའི་རྣམ་འགྱུར་ཞིག་བསྟན་ཏེ། ད་ལོ་ནི་ང་ཚོ་བོད་མི་རིགས་ཤིག་ཡིན་ཕྱིན་གླུ་ལེན་པའི་ལོ་ཞིག་ཡིན་ནམ། ང་རང་ད་ལོའི་སྤྲོ་ཚོགས་འདི་དག་ལ་ཞུགས་པར་ཧ་ཅང་སུན་པོ་འདུག་ཟེར། འདི་ལྟར། གླུ་བ་ནམ་མཁའི་སྐད་ཆ་རེ་གཉིས་ཀྱིས་ངའི་སེམས་པ་བརྡབ་གསིག་ཡང་ཡང་གཏང་བ་མ་ཟད། ངོ་མ་འདང་རྒྱག་དགོས་པའི་སྐད་ཆ་ཁ་ཤས་ཀྱིས་ཁོ་བོའི་ཡིད་སེམས་དེ་བློང་བློང་བོར་བཟོས་སོང༌།
གླུ་བ་ནམ་མཁའ་ལ་མཚོན་ན། ཐེངས་འདིའི་སྤྲོ་ཚོགས་ཆེན་མོ་ལ་གདན་ཞུ་ཐེངས་མང་བྱས་ཀྱང་ཁོ་རང་སྤྲོ་ཚོགས་ལ་མ་ཞུགས་པ་དེས་རྡུང་ལེན་པ་རྒན་དར་མང་པོ་ཞིག་ལ་ཕོག་ཐུག་བཏང་ཡོད་ཚོད་རེད། ཡིན་ན་ཡང༌། དོན་དངོས་སུ་ཁོ་ལྟ་བུའི་རྒྱུ་འབྱོར་བ་དང་མཚན་སྙན་གྲགས་ཀྱི་མདུན་ནས་སྒམ་བརླིང་གི་འདུག་ཤེས་འཛིན་ཐུབ་མཁན་ཉུང་ཉུང་རེད། ལྷག་ཏུ། ཁོས་བླངས་པའི་གླུ་སྐད་རེ་རེ་ནི་ཁ་ནས་བླངས་པའི་སྡུག་སྨྲེ་དང་ལ་རྒྱ་ཙམ་མ་ཡིན་པར་ཡ་ཆུང་ཁོག་ལ་འཐིབས་པའི་སྡུག་གི་མུན་པ་དེ་ཡིན་ལ། མུན་པ་དེ་ནི་མི་རབས་ནས་མི་རབས་བར་ནམ་ཡང་སངས་ཐབས་བྲལ་བའི་འདས་སོང་གི་ལོ་རྒྱུས་རེད།
སྐབས་འདི་དང་དུས་འདི་འདྲ་ལ་ཐོན་དུས། དུས་རྒྱུན་ཁ་ནས་ལ་རྒྱ་གླེང་མཁན་དང་ངག་ནས་ལ་རྒྱ་ལེན་མཁན་གྱི་གླུ་བ་ཚོ་ལ་ཅི་བྱུང་སོང༌། ༢༠༠༨ ལོར་འཐིབས་པའི་ལྷ་སའི་དུད་སྨིག་དེ་ཁོ་ཚོའི་མ་མཐོང་བ་ཡིན་ནམ། ༢༠༠༨ ལོར་བཞུར་བའི་ཁྲག་གི་ཡུར་ཆུ་དེ་ཁོ་ཚོའི་མ་ཤེས་པ་ཡིན་ནམ། འོ་ན། ཁོ་ཚོ་ལ་སྣང་དོགས་སྤུ་ཙམ་ཡང་མེད་པར་ད་དུང་དམར་སེར་ཁྲ་གསུམ་གྱི་གར་སྟེགས་སྟེང་ནས་སྣང་བ་སྐྱིད་སྐྱིད་དང་འཛུམ་མདངས་ལྷུག་ལྷུག་གིས་གླུ་རེ་ལེན་དུས། ངའི་ཡིད་སེམས་གཏིང་ནས་སྐྱོ་ཀི་ ཨ་ཐང་གཏིང་ནས་ཆད་ཀི།
རྡུང་ལེན་པ་ནམ་མཁའ་ཡི་སྐད་ཆ་དེ་དག་ལ་ཉན་རྗེས། ངས་ཀྱང་རང་ཉིད་ལ་ཞིབ་བཤེར་དང་ཚང་རྩིས་ཐེངས་ཤིག་བྱེད་རན་པའི་དུས་ལ་སླེབས་བྱུང༌། ངས་རང་གི་གྲོགས་མོ་ཡིན་པའི་གསར་སྐྱེས་གླུ་མ་ཞིག་ལ་ད་ལོའི་ལོ་གསར་གྱི་དགོང་ཚོགས་ཆེན་མོའི་སྟེང་བོད་ཀྱི་དམངས་གླུ་ལེགས་པོ་ཞིག་ལེན་ཐུབ་མིན་ལ་ཐབས་བཀོད་ཡག་པོ་འཐེན་དགོས་ཞེས་བརྗོད་པ་ཡིན། ད་ལྟ་བསམ་ན། སྐད་ཆ་དེ་ནི་ངས་འགན་མ་ཁུར་བའི་སྐད་ཆ་ཞིག་ཡིན་ལ། ལྷག་ཏུ། ༢༠༠༨ ལོར་མྱ་ངན་གྱི་ཆག་འཇིག་ཐེབས་པའི་མི་རིགས་ཤིག་ལ་མཚོན་ན་ངོ་མ་གླུ་ལེན་པའི་དུས་ཚོད་ཅིག་ཡིན་ནམ།
ང་ཚོའི་ཕ་དང་ཨ་ཁུ། གྲོགས་དང་སྤུན་ཟླ། ཚ་བོ་དང་ཚ་མོ་གང་མང་ཞིག་གིས་རང་སྲོག་འབེན་ལ་བཞག་ནས་བུད་སོང་བའི་ཁ་སང༌། ང་ཚོའི་གྲོགས་དང་གྲོགས་མོ། སྤུན་དང་ན་ཟླ། གཅེས་ལོ་གཅེས་མོ་གང་མང་ཞིག་གིས་རྣམ་ཤེས་ཁྲག་ལ་བརྫུས་ནས་བུད་སོང་བའི་ཁ་སང༌། ཁ་སང་གི་ནམ་ཟླ་དང༌། ཁ་སང་གི་བྱས་ཉེས། ཁ་སང་གི་ཆག་འཇིག ཁ་སང་གི་གོད་ཆག་ཡོད་ཚད་བསམ་ན་ང་ཚོའི་ཤ་དང་རུས་པའི་གཏིང་ལ་ཟུག་གཟེར་ཡང་ཡང་རྒྱག་ཅིང༌། སེམས་དང་བསམ་པའི་གཏིང་ནས་སྡུག་གི་མུན་པ་འཐིབས་ཡོད། སྐབས་འདིར། ཕ་མེད་མ་མེད་ཀྱི་དྭ་ཕྲུག་ཚོའི་ངུ་སྐད་མ་འཇགས་པའི་ཡར་སྔོན་ལ། སྤུན་དང་ན་ཟླ་ཚོའི་ཆོ་ངེ་མ་འཇགས་པའི་ཡར་སྔོན་ལ། ཕུ་ནུ་མིང་སྲིང་ཚོའི་མིག་ཆུ་མ་བསྐམས་པའི་ཡར་སྔོན་ལ། ཨ་མདོའི་ཟི་ལིང་གྲོང་ཁྱེར་ནས་མཆེད་པའི་སྤྲོ་ཚོགས་ཀྱི་དབྱངས་རྟ་རེ་རེ། སུ་ཞིག་གི་སེམས་ངོགས་སུ་འཐིམས་དགོས་ཡ།
ཤ་གསེང་ན་རུས་པ་མེད་པའི་བོད་ཀྱི་གླུ་བ་ཚོ།
རུས་གསེང་ན་ན་ཟུག་མེད་པའི་བོད་ཀྱི་གླུ་བ་ཚོ།
དྲ་གྲོགས་ཚོར་ཞུ་རྒྱུར། བོང་སྟག་རི་ལུའི་རྩོམ་ཡིག་འདིའི་ནང༌། ཡི་གེ་ཁ་ཤས་ཁྱོན་ནས་གསལ་པོ་ཞིག་ཀློག་མ་ཐུབ་པའི་དབང་གིས་འདི་ནས་ཚིག་གི་མགོ་མཇུག་གསབ་ཡོད། གཞི་རྩའི་ནང་དོན་དང་ཚིག་བརྗོད་གཞན་ལ་བཅོས་སྒྲིག་གང་ཡང་མ་ཞུས་པར་མ་ཕྱི་སོར་འཇོག་གིས་བཀོད་ཡོད་པ་ཐུགས་འཇགས་འཚལ་ཞུ།
དྲ་གྲོགས་ཚོར་ཞུ་རྒྱུར། བོང་སྟག་རི་ལུའི་རྩོམ་ཡིག་འདིའི་ནང༌། ཡི་གེ་ཁ་ཤས་ཁྱོན་ནས་གསལ་པོ་ཞིག་ཀློག་མ་ཐུབ་པའི་དབང་གིས་འདི་ནས་ཚིག་གི་མགོ་མཇུག་གསབ་ཡོད། གཞི་རྩའི་ནང་དོན་དང་ཚིག་བརྗོད་གཞན་ལ་བཅོས་སྒྲིག་གང་ཡང་མ་ཞུས་པར་མ་ཕྱི་སོར་འཇོག་གིས་བཀོད་ཡོད་པ་ཐུགས་འཇགས་འཚལ་ཞུ།
སྡིངས་ཆ་ག་གེ་མོ་ཞིག་གི་སྟེང་གློག་འོད་འདྲ་མིན་དང་ལྷན་གླུ་གཞས་གཏོང་བ་ཙམ་གྱིས་དེ་སྤྲོད་སྐྱིད་གཏོང་གི་ཡོད་པའི་ངེས་པ་མེད་པར་སེམས། གཅིག་བྱས་ན་དེ་ནི་གླུ་བ་སོ་སོའི་སེམས་གཏིང་གི་ཚོར་བ་དང་གཞི་གཅིག་ཏུ་འབྲེལ་བའི་ཉེ་སྔོན་བོད་ཀྱི་དོན་རྐྱེན་དེ་གླུ་གཞས་ཀྱི་རྣམ་པར་བརྫུས་ཏེ་འཛམ་གླིང་མི་མང་ལ་རྒྱང་སྒྲོག་བྱེད་རྒྱུའི་གོ་སྐབས་ཡག་ཤོས་ཤིག་ལ་བསམ་གྱི་ཡོད་སྲིད། མ་ཟད་གཞས་ཚིག་དང༌། གཞས་གདངས། དེ་བཞིན་གླུ་བ་སོ་སོའི་ཉམས་འགྱུར་གྱི་ཟབ་ས་ནས་གླུ་བ་སོ་སོའི་དགའ་སྐྱོ་ཆགས་སྡང་གི་ཡག་ཉེས་འཚོལ་དགོས་པ་ལས། གཞས་བཏང་བ་ཙམ་གྱིས་ཁོང་ཚོའི་ཤ་གསེང་ན་རུས་པ་མེད་པ་དང༌། རུས་གསེང་ལ་ན་ཟུག་མེད་པ་ཁ་ཚོན་བཅད་ནས་བཤད་ན་ཐལ་དྲགས་པར་སེམས།
རེད་ཡ། རྒྱུགས་པ་ལེབ་རྡུང་མ་བྱས་ན་དགའ། ཚོགས་ཐོག་དེ་ནས་གངས་ཅན་པ་ལྟ་བུའི་གཞས་ཤིག་བཏང་ན་གཞས་པ་དེའི་སེམས་ཁོང་གི་ན་ཟུག་ཕྱིར་བཏོན་ན་མ་ཡིན་ནམ། ནམ་མཁས་ཀྱང་གོ་སྐབས་དེ་བཟུང་ནས་རང་གི་སེམས་གཏིང་གི་གཞས་ཤིག་བཏང་ལ་ལེགས། ཡིན་ན་ཡང་། ཚོགས་ཐོག་དེ་ནས་ཏང་ལ་བསྟོད་གླུ་མ་གཏོགས་ལེན་མི་ཆོག་པ་ཡིན་ཚེ་ནམ་མཁར་རྒྱབ་སྐྱོར་བྱེད་རྒྱུ་རང་རེད།
ལྷོ་ཕྱོགས་ནས་དུས་འཁོར་དབང་ཆེན་སྐབས་སུ། གོང་ས་མཆོག་གིས་ངེད་ཅག་བོད་པ་ཚོས་སྲམ་ལྤགས་གཟུགས་ལྤགས་གྱོན་པར་དད་དོད་ཆེན་པོ་ཡོད་པར་བསྙད་དེ་བོད་མི་མང་ལ་བཀའ་སློབ་ཅིག་གནང་ཡོད། དེའི་ལེགས་ཚོགས་ལ་བརྟེན་ནས་བོད་ནང་གི་བོད་མི་ཕལ་ཆེ་བས་སེམས་ཅན་གྱི་ལྤགས་པ་མི་གྱོན་པར་རང་རང་གིས་གཡར་དམ་བྱས་ཡོད་ཀྱང་། རྒྱ་གཞུང་གིས་བོད་ཀྱི་བརྙན་འཕྲིན་ཁག་གི་ལས་བྱེད་པ་ཚོར་རྒྱ་སྒོར་ཁྲི་གཅིག་རེ་བྱིན་ཏེ་སྲམ་པགས་ཉོ་དགོས་པ་དང་། ཉོས་ནས་སྲམ་ལྤགས་གཟིགས་ལྤགས་གྱོན་པར་བཙན་བཀའ་བཏང་འདུག ངས་བལྟས་ན་དེང་སང་རྡུང་ལེན་འགྲན་ཚོགས་མང་པོ་ཞིག་སྤེལ་ཟིན་དང་སྤེལ་བཞིན་པ་འདི་ཡང་། རྒྱ་གཞུང་གིས་འགྲོ་སོང་བཏང་བའི་ཐོག རྩ་འཛུགས་བྱས་པ་ཞིག་ཀྱང་ཡིན་སྲིད།
རེད་ཡ་དངོས་ནས་རེད་། མགོ་ལ་མེ་ཤོར་ན་རྐང་བའི་མེ་གསོད་དགོས་ངེས་བ་མེད་ཁུ་། ད་ལོ་ལྷགས་པར་དུ་གླུ་བ་ཚོས་གླུ་ལེན་ཞོར་དང་ཧེ་འདེབས་ཞོར་བྱེད་དགོས་བ་རེད་། དེ་ལས་གླུ་ལེན་ཞོར་མིག་ཆུ་འདོན་ཞོར་བྱས་དེ་སོ་སོའི་སེམས་གཏིང་ན་ཕྱིར་དོན་ན་འགྲིག་། རྟ་རྒྱུག་ཞོར་མེ་ཏོག་ལེན་ཞོར་། ཟེར་བའི་དཔེ་ལྟར་རེད་། རེད་པ། གསལ་ཐག་ཆོད་པ་ཞིག་ལ་ད་ལོ་ལོ་གསར་ཡོད་ནི་མ་རེད་།