གཏན་ཏུ་འཇིག་མི་སྲིད་པའི་བླ་རུང་སྒར།
ལྷ་ཆབ་སྦྱིན་པ ། ཨོ་གླིང་།
བསྟན་དང་སྟོན་པའི་ལྟ་བ་ཡང་དག་གིས།།
ཉམ་ང་གཉའ་ཆག་བཟོད་པའི་བཀའ་ཐུབ་ཅན།།
རང་བྱུང་རིག་པའི་ཐིག་ལེར་དྲོད་འབར་བའི།།
ཚད་ཐུབ་མཁས་པའི་ཚོགས་ལ་ཕྱག་འཚལ་ལོ།།
དགྲ་མགོ་གཟེངས་ཀྱིས་མཐོ་བའི་ཐོ་ཡོར་འདིས།།
ཆོས་ལྡན་རྒྱལ་ཁམས་སྣུབ་པའི་གྲབས་བྱས་ཀྱང་།།
སྡེ་བཞིའི་ཕུན་ཚོགས་ནོར་གྱིས་གཏམས་འགྱུར་བ།།
ཆོས་རྗེ་ཡིད་བཞིན་ནོར་བུའི་བྱིན་རླབས་ཡོད།།
ཕ་རྒྱུད་ཕུ་ནུའི་མིག་ཆུ་ངུ་ངག་དག།
མཐོང་དང་ཐོས་ཚེ་སྙིང་ཁམས་འགས་འགྱུར་ཀྱང་།།
ས་རྡོའི་བརྩིགས་གྱང་འགའ་རེ་བརླགས་པ་འདི།།
ཞིབ་ཏུ་བསམ་ན་དངངས་པའི་གནས་མ་ཡིན།།
ཕྱི་ཡི་བཀོད་པ་བརླག་པའི་ནག་ནོག་འདིས།།
ནང་གི་སྤང་རྟོགས་ཡོན་ཏན་སྣུབ་མི་སྲིད།།
བཙན་ཚོད་མ་ཟིན་རྡོ་ལ་ཕུར་བ་འདི།།
རྐྱེན་ངན་གྲོགས་སུ་འཁྱེར་བའི་གདེང་ཞིག་ཡོད།།
རིས་མེད་རིག་གྲོལ་འཕགས་ཚོགས་ངང་མོའི་སྡེ།།
རེ་ཞིག་རང་རང་སོ་སོར་སྤྱུགས་ནའང་།།
མཁས་པ་མི་བཞི་སྨད་དུ་བྲོས་གྱུར་ཏེ།།
བསྟན་པའི་མེ་རོ་གསོས་པའི་ཚུལ་ལ་ལྟོས།།
མཁའ་འགྲོ་སྟོང་ཕྲག་འདུ་བའི་དཀྱིལ་འཁོར་དེ།།
བླ་མ་བཀའ་དྲིན་ཅན་གྱི་ཐུགས་ལ་བཞེངས།།
ཐུགས་རྗེའི་ལྕགས་ཀྱུར་རིང་ཐུང་མི་མངའ་བ།།
རང་རང་སེམས་ན་ཡོད་པ་དེས་ཀྱང་མགུ།།
སྔོན་ཚེ་ཀླ་ཀློའི་དཔུང་ཆེན་དུ་མ་ཡིས།།
ཤཱཀྱའི་རྗེས་འཇུག་གཞོམ་པའི་ལོ་རྒྱུས་བཞིན།།
དེང་ན་དམར་ནག་དགྲ་བོའི་གདུག་རྩུབ་ཀྱིས།།
འདྲེ་ལག་རིང་མོ་བླ་མ་རུང་ལ་བསྲིངས།།
བླ་མ་རུང་ནི་མཁས་པའི་འབྱུང་གནས་ཤིག།
བླ་མ་རུང་ནི་མཁའ་འགྲོའི་འདུ་ར་ཞིག།
ཚུར་རྒོལ་དགྲ་ཡི་ལག་པ་རིང་ནའང་།།
ནམ་ཡང་གཞོམ་གཞིག་བྲལ་བའི་ངོ་བོ་ཉིད།།
དཀའ་ཐུབ་བཟོད་པའི་སྒམ་ཚུགས་མ་ཤོར་བ།།
ད་ཐེངས་བླ་མ་རུང་གི་ཉམས་ལེན་མཆོག།
བཅག་བཅག་བཅོམ་བཅོམ་རྡུལ་གྱི་འཚུབ་མ་དེ།།
འཛམ་གླིང་ཀུན་ཏུ་མཐོང་ཞིང་གླེང་གི་ཡོད།།
འཆར་གཞི་ལྡན་པའི་དགྲ་བོའི་ཚུར་རྒོལ་ལ།།
ཡ་ལན་མ་སྤྲད་པ་ནི་རྒྱལ་ཁ་ཉིད།།
རང་ཚུགས་མ་ཤོར་གཞན་སེམས་མ་དཀྲོག་ཅེས།།
བླ་མའི་བདམས་པ་ཟབ་མོ་དེ་གའོ།།
རི་དང་ར་བ་ཁང་ཁྱིམ་གཏོར་ཤུལ་ན།།
ཐལ་སྦྱོར་མཚོན་ཆ་ཅན་གྱི་ལྷ་མི་རྣམས།།
འཁྲབ་ལྡན་དཔུང་གི་གཡུལ་ངོར་བཞུགས་པ་འདིས།།
ཆོས་ཀྱི་རྩ་བ་སྙིང་ལ་ཟུག་པ་མཚོན།།
ཀྱེ་མ་མཐུ་དང་རྩལ་གྱི་དབང་ཕྱུག་དག།
ད་ཐེངས་བླ་མ་རུང་ལ་ལན་གཅིག་གཟིགས།།
ཆོས་ཀྱི་བྱ་བར་གྲོགས་དན་མི་མཛད་ན།།
ཨོ་རྒྱན་ཆེན་པོའི་བཀའ་བསྒོས་དམ་ཚིག་གང་།།
མདོར་ན་བོད་ཁམས་ཧྲིལ་གྱིས་གཏོར་བ་དང་།།
སྒོས་སུ་བླ་མ་རུང་ལ་ཤིན་ཏུ་སྡང་།།
དྲག་སྦྱོར་འབྱུང་བོའི་མིག་ལ་གང་གནོད་པ།།
དོན་དམ་གདོང་དམར་བོད་ཀྱི་སྲོག་དབང་ཉིད།།
བླ་མ་རུང་གི་བསམ་གཏན་ཁང་ཆུང་དག།
འདྲེ་མོའི་ལྕགས་ལག་རིང་མོས་གཞོམ་བྱས་ཏེ།།
ཏིང་འཛིན་སྒོམ་ཆེན་རེ་རེ་ཕྱིར་དབྱུང་བ།།
མཐོང་བའི་གཟུགས་ནི་དམྱལ་བ་མངོན་གསུམ་སྟེ།།
ཁྱེད་ནི་མི་འཇིགས་རྡོ་རྗེའི་དཀྱིལ་འཁོར་ཡིན།།
ཁྱེད་ནི་སྒྱུ་འཕྲུལ་ལྷ་ཡི་ཞིང་ཁམས་ཡིན།།
ཁྱེད་ནི་རྟག་བརྟན་མཁའ་འགྲོའི་བྲོ་ར་ཡིན།།
ཇི་སྲིད་བསྐལ་བའི་བར་དུ་གནས་པར་ཤོག།
ཅེས་པ་ནི་བླ་རུང་སྒར་ལ་དགྲ་བོའི་ལྕགས་འཁྲབ་འཁོར་ལོ་དང་། འཁྲབ་ལྡན་དཔུང་དམག་གིས་ཁེངས་ཤིང་། ཆེས་ཉམ་ཆུང་བའི་གྲྭ་བཙུན་སྟོང་ཕྲག་མང་བོར། སློབ་སྦྱོང་དང་ཉམས་ལེན་གྱི་འཕྲོ་བཅད་དེ་བཙན་དབང་དང་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་གིན་པའི་པར་རིས་དང་བརྙན་ཐུང་དུ་མ་མཐོང་འཕྲལ། སེམས་ལ་སྨྲ་མི་ཤེས་པའི་སྡུག་བསྔལ་གྱི་ཚོར་བ་ཞིག་སྐྱེས་ཏེ་གདུང་སེམས་མཉམ་སྐྱེད་ཀྱི་ཚུལ་དུ་ཡི་གེ་འདི་ཙམ་འབྲི་བ་པོ་ནི་ལྷ་ཆབ་སྦྱིན་པའོ།། ཨོ་གླིང་སེ་ནའེ་རུ་ཕྱི་ཟླ་ཚེས་ལ། ༢༠༡༦ ༡༢ ༢།
བླ་རུང་ཡུལ་གྱི་འཁྲེང་སེམས།
ཞོ་ར་བསྟན་པ།
འདི་ནས་བྱང་ཕྱོགས་ས་ལུའི་སྨན་ལྗོངས་ཕྱུག་མོ།།
གངས་རིའི་མེ་ཏོག་འཛུམ་པའི་གཡང་གི་ར་བ།།
གསེར་ལྗོངས་ལྔ་རིག་ཞིང་ས་གཤིན་པོའི་གྲོང་ནས།།
སྐྱོ་བའི་གཏམ་ཞིག་རྒྱ་མཚོའི་རླབས་ཀྱིས་སྐྱེལ་བྱུང་།།
མི་ཁ་གཏམ་ཡན་རྒོད་པོའི་སྤྱི་ཚོཊ་འཚོ་བར།།
ཡིད་ཆེས་བློས་འགེལ་བྱེད་པའི་ཞིང་ས་མིན་ཡང་།།
གློག་གི་བརྡ་འཕྲིན་རླུང་གི་གཤོག་པས་བཏེཊ་ནས།།
དུས་ཀྱི་རྒུད་པའི་གཏམ་ངན་གླིང་ལ་ཁྱབ་ཐལ།།
ཡ་རབས་ཡིད་སེམས་ཅན་གྱི་དགེ་འདུན་སྡེ་ལ།།
སྔ་འདང་ཕྱི་འདང་གཡོ་སྒྱུའི་རྟོག་པ་མེད་ཀྱང་།།
གནམ་རྡོ་མགོ་ལ་ཟཊ་པའི་ལན་ཆཊ་ལྕི་མོ།།
ཀུན་རྟོག་བློ་ལས་འདས་པའི་ཆག་སྒོ་ཆེན་པོ།།
བཙན་དབང་བཀའ་ཡིས་གནམ་སའི་འབྲེལ་ཐག་བཅད་ཅིང་།།
ཞུ་འབུལ་ཞུ་བ་སྔོན་མོའི་ཆུ་ལ་གཡུགས་ནས།།
ཐལ་རྡུལ་སྐྱ་མོས་ས་དང་བར་སྣང་གང་སྟེ།།
ངུ་ངག་དབྱངས་རྟས་ཕྱོཊ་བཞིའི་རི་ལུང་ཁྱབ་ཐལ།།
བགྲེས་པའི་ན་ཚོད་འཛིན་པའི་གནས་བརྟན་ཕོ་མོས།།
ཐུཊ་ཞེན་ཕྱི་མིག་གཉོམ་པོ་ཕྱིར་ལ་ལྷུང་བཞིན།།
སྙིང་ལ་གས་ཚག་ཤོར་བའི་རྨ་ཁ་བསྐྱོར་ནས།།
དམིཊ་པའི་གཏད་སོ་མེད་པའི་ལམ་ཞིག་བསྙེཊ་ཐལ།།
ལང་ཚོའི་གང་བུ་འཛུམ་པ་བཙུན་མའི་སྡེ་ལ་།།
དམར་པོའི་དམག་གི་ལྭ་བ་བཙན་གྱིས་གཡོཊ་ནས།།
འགྲོ་འདུག་ལས་ལ་མ་དབང་ལྕཊ་རིའི་ར་བར།།
བོད་རྒྱའི་མཛའ་གླུ་ལེན་པའི་བཙན་ཁྲིམས་བཀལ་ཡོད།།
ལྷད་མེད་རང་གཤིས་འཇམ་པོ་འོ་མའི་མཚོ་ལ།།
གཡོ་འཕྲུལ་བྱུས་ངན་སྟོང་གི་སྐྱུར་རྩི་གཏོར་བས།།
ཆོས་རིག་ཡུལ་སྲོལ་སྐད་ཡིག་བག་ལ་ཞ་བའི།།
བོད་མིའི་སྲོག་ལ་རྒོལ་བའི་སྲིད་དོན་ནག་པོ།།
སྔོན་ཆད་རྒྱ་རིཊ་ཁ་ཐབས་སྐྱོ་བའི་དུས་སུ།།
ཉི་ཧོང་བཙན་པོས་མནར་གཅོད་རྣོ་ངར་ཅན་པོ།།
ད་ལྟ་གདོང་དམར་བོད་པའི་ལས་ལ་བཀོལ་བ།།
གནའ་བོའི་ཞང་ཚན་ཚང་གི་ཁྲེལ་ལ་གཟིཊ་དང་།།
ཡབ་མྱེས་མགོ་རྟིང་སློག་པས་སྙིང་ཁམས་མ་ཚིམ།།
རྒྱལ་རབས་བརྒྱུད་པ་བཅད་པས་བློ་བ་མ་རང་།།
ཕ་ནོར་ཁྱིམ་གཞིས་འཕྲོག་པས་འདོད་པ་མ་ཁེངས།།
རིཊ་བརྒྱུད་རྩ་གཏོར་གཏོང་བའི་ཧམ་པར་ལྟོས་དང་།།
སྤུ་རྒྱལ་བཙན་པོའི་རལ་གྲི་ས་ལ་ལྷུང་ཞིང་།།
སྟོང་བཙན་འགར་གྱི་མདུང་གི་ཡུ་བ་ཆག་ནས།།
ཐུ་བྷོད་རྟ་དམག་བཙན་པོའི་དཔུང་རྡང་འཐོར་བས།།
ལྟས་ངན་སྟོང་གི་ཆོ་འཕྲུལ་འདི་ལྟར་མཐོང་སོང་།།
གྲྭ་ཤག་དྲོན་མོའི་མལ་ཐབ་གཡས་ལ་བཞག་ཅིང་།།
དབང་ལུང་མན་ངག་གདམས་པ་གཡོན་དུ་བསྐྱུར་ཏེ།།
དམ་ཚིག་དུང་བ་ཅན་གྱི་འབྲེལ་ཐག་བཅད་ནས།།
སྲན་ཕུང་དབྱུག་པས་བརྡུང་བཞིན་ཕྱོཊ་བཞིར་གཏོར་སོང་།།
བྱ་བྱེད་སྤྲོས་མེད་འཚོ་བ་ངན་ངོན་བརྟེན་ནས།།
སྒོ་གསུམ་ཉེ་བར་ཞི་བའི་ལས་ལ་འབད་ཀྱང་།།
ཞི་བའི་ལས་ལ་དྲག་པོས་སྡང་ཟུག་སྟོན་པའི།།
ཀླ་ཀློའི་དཔུང་གིས་བླུན་པོའི་རང་གཤིས་ངོམ་ཐལ།།
རེ་བའི་རྨུ་ཐག་ཆད་པའི་མྱ་ངན་ཁུར་ནས།།
མཆི་མའི་མཆོད་པ་བཤམས་པའི་གཡུལ་ལ་ཞུཊ་དུས།།
རྒྱལ་བསྟན་ཁུར་ལ་དབང་བའི་ལྷ་དང་སྲུང་མ།།
བྱམས་བརྩེའི་འཛུམ་དཀར་ཤིག་སེ་གང་ན་བཞུཊ་ཡོད།།
མཚོ་སྐྱེས་རྡོ་རྗེའི་མདུན་ནས་ཁས་ལེན་གནངཞིང་།།
དམ་ཚིག་རྡོ་རྗེ་མནའ་ཆུ་ལྕེ་ལ་བླངས་པའི།།
མཐུ་སྟོབས་རྫུ་འཕྲུལ་མངའ་བའི་ཁ་ཕོ་ཅན་གྱི།།
བསྟན་སྲུང་རྒྱ་མཚོའི་ཚོཊ་ཀྱང་ཁྲེལ་གཞུང་མི་འདུག།
ཉན་ན་རྣ་བར་འཇེབས་པའི་ཆོས་ལྡན་ཞིང་ཁམས།།
ཆོས་མིན་སྲིད་མིན་སྲིད་པ་བར་དོར་ལུས་པས།།
གངས་རི་དཀར་པོའི་ཁ་དོག་ཁྲག་གིས་ཚོས་དུས།།
འུ་ཐུག་མིག་ཆུ་འདོན་ལས་ཐབས་གཞན་མི་འདུག།
ཚེ་སྔོན་ལས་ལ་ལོག་ལྟས་ལེ་བདའ་མ་བྱས།།
བཙན་པོའི་བཀའ་ལ་བཀུར་བསྟིའི་སྙིང་སྟོབས་བསྐྱེད་ཀྱང་།།
སྐྱོ་གདུང་སྡུག་གིས་མནར་བའི་སྨྲེང་སེམས་ལྕི་མོས།།
ཙི་ནའི་ཡུལ་ལ་ཀི་སྒྲ་ཐེངས་གསུམ་ཤོར་སོང་།།
སྟོབས་ལྡན་ཆོས་ཉིད་བཙན་པོའི་ཆོ་འཕྲུལ་ཞིག་གིས།།
རང་བྱུང་རིག་པའི་སྣང་བ་གཅོང་གིས་ཟིན་པའི།།
གདུང་བའི་མིག་ཆུའི་ཞལ་འདེབས་ལྷག་མ་འདི་ཡང་།།
ཞི་བདེ་རྒྱ་མཚོ་ཆེན་པོའི་ངོཊ་ནས་འཐོར་སོང་།།
གསེར་རྟ་བླ་རུང་སྒར་ལ་རྒྱ་ནག་གཞུང་གིས་བཙན་དབང་གིས་གཏོར་སྐྱོན་བཏང་སྟེ་གྲྭ་བཙུན་མང་པོ་མཐའ་རུ་སྤྱུགས་པའི་ངང་ཚུལ་བློ་ཡིས་མ་བཟོད་པར་ཨོ་གླིང་སིག་ནེའི་བྱང་ཕྱོགས་མཚོ་ངོགས་ས་ཁུལ་ནས། ཕྱི་ལོ་ ༢༠༡༦/༡༡/༣ཉིན་སྨྲེང་སེམས་ཡི་གེར་བཏབ་པའོ།།
གསེར་རྟ་བླ་རུང་སྒར།
གཟུངས་ཕྱུག་སྐྱིད། (ཨོ་གླིང་།)
ཕ་ཆོས་གསེར་ནག་བུམ་པ་ཕྱག་ཟུང་གིས་བསྣམས་ཤིང་།།
ཡུམ་སྐད་ཤེལ་དཀར་མེ་ལོང་མཛེས་རྒྱན་ལ་སྤྲོས་པ།།
ཤེས་རབ་མཛེས་པ་མ་བཅོས་རང་བྱུང་གི་བཀོད་པ།།
གསེར་རྟ་ཆོས་སྡེ་ཆེན་མོའི་ཞི་འཇམ་ལ་སྦྲུམ་ཡོད།།
ཀུན་སྤྱོད་རལ་བ་ཞིག་པ་དབང་བསྒྱུར་གྱི་བྱེད་པོ།།
ཁྲིམས་ཀྱི་སྐ་རགས་ལྷོད་པ་བག་མེད་ཀྱི་ལྟ་བ།།
དམར་ནག་དགྱ་ཁ་ནག་པོ་རྣོ་ལྕགས་ལ་བརྒྱུས་ནས།།
གངས་རིའི་ཞི་འཇགས་དཀྲོགས་པའི་ཐབས་ཇུས་ལ་རྔམ་སོང་།།
བསིལ་ལྡན་ཁ་བ་དཀར་པོའི་ཁྲིམས་གཙང་གི་གཞིས་ཀ།
ཆོས་གོས་དམར་སེར་དགོད་པ་མེ་ཏོག་གི་འཛུམ་བག།
མི་འདོད་གཞན་དབང་ནག་པོའི་དུག་རླངས་ཀྱིས་བཏུམས་དུས།།
ཡིད་ཀྱི་མཚོ་མོ་སྐྱོམ་པའི་རླབས་རྒྱུན་དེ་མ་འཇགས།།
བཙན་པོའི་རྒྱལ་མཁར་བསྐལ་བའི་འཐོར་རླུང་གིས་ཁྱེར་ཅིང་།།
ཆོས་སྲིད་ཉི་ཟླ་མི་འདོད་སྤྲིན་ནག་གིས་གཡོགས་ཀྱང་།།
ཁྱེད་ལ་བསྐལ་བས་གནང་བའི་བརྡ་ཐབས་ཤིག་ཡོད་པས།།
བཟོད་སྒོམ་བརྩེ་ཆེན་ཐུགས་ཀྱི་ཏིང་འཛིན་དེ་མ་གྲོལ།།
ཕྱི་བཀོད་རི་རབ་ཁང་ཁྱིམ་རྡུལ་ཕྲན་གྱི་གྲུབ་རྫས།།
འཕྲུལ་འཁོར་གཤེད་མ་སྟོང་གི་སོ་ཁ་ལ་དྲངས་ཀྱང་།།
ནང་གི་ཀུན་རྟོག་འོད་ཟེར་སྣང་སྟོང་གི་གཞལ་ཡས།།
ཤིན་སྦྱངས་བྱང་ཆུབ་སེམས་ཀྱི་ཚུགས་ཐུབ་ལ་གནས་ཡོད།།
འཁོར་འདས་འཇིག་རྟེན་རྒུད་པ་རྫས་ལུད་ཀྱིས་བསྐྱེད་ཅིང་།།
སྲིད་པའི་གངས་རི་བཤུམ་པ་རྒྱ་མཚོ་རུ་ཟགས་ཀྱང་།།
རྒྱ་ཆེན་དམ་ཆོས་ཟབ་མོའི་ཡང་དག་གི་ལྟ་བ།།
རྟག་བརྟན་ཞི་བ་ཆེན་པོའི་གཞི་དབྱིངས་སུ་འཕགས་ཡོད།།
2016/12/2
རིག་གནས་ཀྱི་མཁར་རྫོང་། བླ་རུང་སྒར །
འདྲེ་གླེན་པ །ཨོ་གླིང་།
བླ་རུང་སྒར་ནི་སློབ་གྲྭ་ཞིག་ཡིན །
ནང་པའི་གཙུགས་ལག་སློབ་གྲྭ་ཞིག་ཡིན །
མི་རིགས་དབྱེར་མེད་དང་ཕོ་མོ་ཁྱད་མེད་ཀྱི་སློབ་གྲྭ་ཞིག་ཡིན།
བླ་རུང་གིས་མིའི་རིགས་ལ་བྱམས་པ་དང་བརྩེ་བ །
བཟོད་པ་བརྩལ་ཡོད །
བོད་གངས་ཅན་ལྗོངས་སུ །
བླ་རུང་སྒར་གྱིས་བསྟན་པའི་མེ་རོ་གསོས་ཡོད །
སྐད་ཡིག་གི་མེ་ཕུང་སྤར་ཡོད །
ཤེས་རིག་གི་རི་དཔུང་དྲངས་ཡོད །
མཁས་མང་གི་གདན་དུ་བཏིང་ཡོད །
བླ་རུང་གི་འཟི་འོད་།
མི་རིགས་ཧྲིལ་བོའི་ཤ་གསེང་རུས་གསེང་དུ་ཟུག་ཡོད །
བླ་རུང་སྒར་ནི་ཞི་བདེའི་དར་ཆ་ཞིག་ཡིན །
དམག་འཁྲུག་གི་གཡུལ་ས་ན་ཀུ་ཡངས་དང་བཟོད་སྒོམ་གྱི་སྐྱོད་པའི་དར་ཆ་ཞིག་ཡིན །
བཙན་འཛུལ་དང་དྲགས་ཤུགས་ཁྲོད་ན་འཚེ་མེད་ཀྱི་ཏིང་འཛིན་ལ་གནས་པའི་དར་ཆ་ཞིག་ཡིན །
རྡུང་གཏོར་འཕྲོག་བཅོམ་གྱི་ཐལ་རྡུལ་གསེང་ན་རེ་བ་དང་བྱམས་བརྩེས་འཚོ་བའི་དར་ཆ་ཞིག་ཡིན །
གསེར་རྟ ། བླ་རུང་སྒར །
ཨཱཡེ་སཱེས་སཱེས་ཀྱི་ཁྲག་དྲི་འཛམ་གླིང་ཤར་ནུབ་དུ་ཐུལ་ཡང་མི་རིགས་ཧྲིལ་བོས་ཞི་བདེ་ལ་སྨོན་པའི་དུས་སྐབས་འདིར་ཁྱེད་རང་གཏན་ཏུ་ཡལ་མི་སྲིད།
12/8/ 16 གནས་མཆོག་རི་སྔོན་པོ་ནས །
༅༅། བླ་རུང་སྒར་ནི་ཆོས་བྱེད་ས་ཞིག་རེད།
བྱེད་དང་མ་བྱས་ས་སོང། ཨ་ནི་དམག་ཆས་གཡོགས་སོང།
ངག་ནས་དམར་གླུ་ལེན་བཅུག། འདི་ནི་བརྕན་བསྐུལ་མ་གཏོགས་།
རང་དབང་ཅན་ལེན་མ་རེད།
སྐྱོ་དང་མ་སྐྱོ་སྐྱོ་སོང། རང་དབང་མེད་པ་སྐྱོ་སོང།
རང་དབང་མེད་པའི་བཙན་བསྐུལ། རྒྱ་ནག་དམར་པོས་བྱས་སོང།
དཀར་པོ་ནག་པོར་བཟོ་བ། ནམ་ཡང་ནག་པོ་ཆགས་མི་སྲིད།
དྲང་བདེན་རྗུན་བཟོ་བྱས་པ། ནམ་མ་ཡང་དྲང་པོ་ཆགས་མི་སྲིང།
བཙོ་མ་གསེར་གྱི་མདོག་འཆང།།
ལྔ་རིག་ནང་བསྟན་གླིང་དུ།།
སྡོམ་བཙུན་སྟོང་ཕྲག་མང་པོས།།
འཛམ་གླིང་ཞི་བདེར་སྨོན་སོང།།
ཞང་པོ་སྲིན་པོ་འདྲ་བས།།
རབ་ཏུ་དུལ་བའི་བསྟི་གནས།།
ཐལ་བའི་མདོག་ཏུ་བསྒྱུར་ནས།།
གྲྭ་བཙུན་སྟོང་ཕྲག་ཕུད་སོང།།
ལུས་ཀྱི་ཞི་བདེ་བརླག་ཀྱང།།
སེམས་ཀྱི་ཞི་བདེ་བརྟན་ཡོད།།
འབྱུང་བྱའི་མིག་ལ་ཉི་མ་མུན།།
སྲིན་པོའི་སེམས་ལ་དམ་ཆོས་དགྲ།།
སླར་ཡང་ཞི་བའི་བསྟི་གནས།།
བསྐྱར་དུ་དར་བའི་གསོལ་སྨོན།།
བོད་སྐྱོང་མགུར་ལྷའི་ཚོགས་ལ།།
ཇ་ཆང་ཚོགས་ཀྱིས་མཆོད་ཡོད།།
འབྱུང་བྱའི་མིག་ལ་ཉི་མ་མུན།།
སྲིན་པོའི་སེམས་ལ་དམ་ཆོས་དགྲ།།
འདི།
འབྱུང་བྱའི་མིག་ལ་ཉི་ཟེར།།
སྲིན་པོའི་སེམས་ལ་ཆོས་དགྲ།།
ཁྱུང་སེས་འདིར་སེམས་གཡེང་འདུག ཧཧ།།
སྔར་གྱི་ནལེན་ཌ་དེ་ཡང་། །
ད་ལྟ་བླ་རུང་སྒར་དུ་ཡོད། །
དིང་གི་བོད་ནང་གདན་ས་དེ། །
བླ་རུང་སྒར་གྱིས་འཛིན་བཞིན་ཡོད། །
་
སེམས་ཤུགས་མ་ཆག་སེམས་ཤུགས་སྤོར། །
བཟོད་སེམས་མ་ཤོར་བཟོད་སེམས་བརྟན། །
བོད་དད་ས་ཡ་མང་པོ་དང་། །
ཛམ་གླིང་ཡོངས་རྫོགས་རྒྱབ་སྐྱོར་འདུག །
ལྷ་ཆབ་སྦྱིན་པ་ལགས་ཀྱི་རྩོམ་ནང་གི་ཤོ་ལོ་ཀ་འདིའི་ཚིགས་རྐང་གསུམ་པར་མཁས་པ་མི་བཞི་ཞེས་པ་དེ་མི་གསུམ་རེད་སྙམ།
རིས་མེད་རིག་གྲོལ་འཕགས་ཚོགས་ངང་མོའི་སྡེ།།
རེ་ཞིག་རང་རང་སོ་སོར་སྤྱུགས་ནའང་།།
མཁས་པ་མི་བཞི་སྨད་དུ་བྲོས་གྱུར་ཏེ།།
བསྟན་པའི་མེ་རོ་གསོས་པའི་ཚུལ་ལ་ལྟོས།།