རིག་འབྱུང་དོན་གྲུབ་བཀྲ་ཤིས།
དེ་རིང་དཔེ་སྒྲོམ་ཁ་ཕྱེས་ནས་སྔོན་གྱི་ཟིན་ཐོ་འགའ་ཕར་བསྔོགས་ཚུར་བསྔོགས་བྱས།དཔལ་འབྱོར་སྐོར་གྱི་ཟིན་ཐོ་ཆུང་ཆུང་འགའ་ཡང་དེ་རུ་འདུག ཟིན་ཐོ་དེ་ཚོ་གཙོ་བོ་དཔལ་འབྱོར་རིག་པའི་རྨང་གཞིའི་ཤེས་བྱ་དེ་འདྲ་རེད།རྨང་གཞིའི་ཤེས་བྱ་འདི་དག་གཞི་ལ་བཟུང་ནས་རྩོམ་ཐུང་ཞིག་བྲིས་ན། བོད་རིགས་ྐློག་མཁན་རེ་གཉིས་ལ་ཕན་ཐོགས་ཡོང་སྲིད་སྙམ་པའི་ཀུན་སློང་ཞིག་བློ་ལ་སྐྱེས།ཀུན་སློང་དེ་ཨུ་ཚུགས་ཀྱིས་བསྡམས་ནས་རྩོམ་ཐུང་འདི་བྲིས་བ་ཡིན།
འོན་ཀྱང་། རྩོམ་ཐུང་འདི་ཞིབ་ཚགས་ཤིག་མིན། མདོར་བསྡུས་ཤིག་ཡིན།
དཔལ་འབྱོར་རིག་པའི་རྨང་གཞིའི་ཤེས་བྱ་རེ་རེ་བཞིན་ཞིབ་ཚགས་པ་ཞིག་རྩོམ་ཐུང་འདིའི་ཁོངས་སུ་མེད། དཔལ་འབྱོར་རིག་པའི་སྐོར་ལ་དོ་སྣང་དང་སྤྲོ་སྣང་ཡོད་མཁན་ཞིག་ལ་མཚོན་ན། དཔལ་འབྱོར་རིག་པའི་སྐོར་གྱི་གཞུང་ལུགས་ཆ་ཚང་ཞིག་ལ་བལྟ་མ་ཐུབ་རུང་། རྨང་གཞིའི་ཤེས་བྱ་འགའ་བློ་ལ་ངེས་ན། དེས་ཀྱང་བློ་བསྐྱེད་གང་འཚམས་ཐོན་ངེས།དཔལ་འབྱོར་ཟེར་བའི་གནད་དོན་འདི་གླེང་ཡོང་དུས། གཙོ་བོ་ཞིག་འདང་ངེས་མེད་པ་(Scarcity)ཟེར་བ་འདི་ནས་འགོ་བཙུགས་ཀྱི་ཡོད། མི་རྣམས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ་ནང་བཞིན། དགོས་མཁོ་དེ་བསྐོང་བྱེད་ཀྱི་ཅ་དངོས་འདང་ངེས་ཡོད་མེད་ཀྱི་གནད་དོན་དེ་རེད།
མི་རྣམས་ཀྱི་འཚོ་བའི་དགོས་མཁོ་ཆེ་རུ་ཕྱིན། འདིའི་ཁོངས་སུ་སེམས་ཀྱི་དགོས་མཁོ་ཡང་ཚུད་ཡོད། དེ་བསྐོང་བྱེད་ཀྱི་ཅ་དངོས་འདང་ངེས་ཤིག་མ་རྙེད། དགོས་མཁོ་ཆེ་བ་དང་དེ་བསྐོང་བྱེད་ཆུང་བའི་དབང་གིས་དཔལ་འབྱོར་རིག་པའི་བསམ་ཚུལ་འདི་འགོ་འབུས་བ་རེད། དཔལ་འབྱོར་རིག་པ་བ་ཚོའི་བསམ་ཚུལ་དེ་ག་རེད་ཟེར་ན། རྒྱུ་དངོས་བེད་སྤྱོད་གཏོང་སྟངས་ཀྱི་སྐོར་རེད། དཔལ་འབྱོར་རིག་པ་བ་ཚོས་འདི་ལ་(Resource allocation)ཟེར། དེས་ན། རྒྱུ་དངོས་་བེད་སྤྱོད་གཏོང་སྟངས་འདི་གལ་ཆེན་རེད། རྒྱུ་དངོས་ཟེར་དུས། རྒྱ་ཆེ་ས་ནས་རང་བྱུང་གི་ནུས་བའི་འབྱུང་ཁུངས་ཁག་རེད། ཆུང་ས་ནས་ཁྱེད་ལ་ཡོད་པའི་ཁང་པ་དང་རླངས་འཁོར།
ནང་གི་ཅ་ལག། ལག་གི་དངུལ་སྒོར་སོགས་རེད། དེར་བརྟེན། དཔལ་འབྱོར་རིག་པའི་ནང་དུ་གཙོ་བོ་ཞིག་རྒྱུ་དངོས་བེད་སྤྱོད་གཏོང་སྟངས་ཀྱི་སྐོར་དེ་རེད། འདི་རྨང་གཞིའི་ཤེས་བྱ་གཅིག་རེད།
གནད་དོན་གཞན་ཞིག་ནི། གདམ་ཀ་(Choice)ཟེར་བ་འདི་རེད། དཔལ་འབྱོར་རིག་པ་བ་ཚོས་གདམ་ཀ་རྒྱག་སྟངས་ཧ་ཅང་གལ་ཆེན་ལ་བརྩི། གདམ་ཀ་དེ་ཡང་གཙོ་བོ་རྒྱུ་མཚན་དང་ལྡན་པའི་གདམ་ཀ་(Rational Choice)དེ་གལ་ཆེ།
གདམ་ཀ་རྒྱག་སྟངས་ལ་བརྟེན་ནས་ཁེ་དང་གྱོང་གི་གནས་སྟངས་དེ་འཕྲད་ཀྱི་ཡོད། དེ་ཡང་གཙོ་བོ་ལས་སྣོན་འཕར་མའི་ཁེ་བཟང་(Marginal Benefit)དང་ལས་སྣོན་འཕར་མའི་འགྲོ་སོང་(Marginal Cost)ཟེར་བ་འདི་གཉིས་རེད། དེ་ཡང་ལས་སྣོན་འཕར་མ་གཅིག་ལ་འགྲོ་སོང་ཇི་ཙམ་འགྲོ་གི་ཡོད་མེད་དང་ལས་སྣོན་འཕར་མ་རེ་རེའི་སྒང་ནས་ཁེ་བཟང་ཇི་ཙམ་ལེན་ཐུབ་ཀྱི་ཡོད་མེད་ཀྱི་གནད་དོན་དེ་རེད།
དཔེར་ན། ཁྱེད་ཀྱིས་གློག་ྐླད་༡༠༠བཟོས་བར་ཆ་ཞོག
གློག་ྐླད་འཕར་མ་རེ་བཟོ་བར་ཨ་སྒོར་༤༠༠འགྲོ་གི་ཡོད་པར་ཆ་ཞོག འོན་ཀྱང་། ཁྱེད་ཀྱིས་གློག་ྐླད་རེ་རེར་གོང་ཚད་ཨ་སྒོར་༥༠༠བྱས་ན་བཙོང་བ་རེད། གློག་ྐླད་འཕར་མ་གཅིག་གི་སྒང་ནས་ཁེ་བཟང་ཨ་སྒོར་༡༠༠རེ་ལོན་པ་རེད། ཨ་སྒོར་༡༠༠དེ་ལས་སྣོན་འཕར་མའི་ཁེ་བཟང་(Marginal Benefit)རེད། འདིའི་སྐབས་ཀྱི་འཕར་མའི་གོང་ཚད་དེ་གཏན་འཇགས་གོང་ཚད་( Fixed Cost)ཡིན་པར་ཆ་བཞག་ཡོད། གལ་སྲིད་ཁྲོམ་ར་སྤྱི་ཡོངས་ནས་གློག་ྐླད་ཀྱི་རིན་གོང་ཨ་སྒོར་༣༥༠ལ་མར་ཆགས་པ་ཡིན་ན།
ཁྱེད་ཀྱི་གློག་ྐླད་རེ་རེའི་ལས་སྣོན་འཕར་མའི་འགྲོ་སོང་ (Marginal Cost)དེ་ལས་སྣོན་འཕར་མའི་ཁེ་བཟང་(Marginal Benefit)ལས་ཆེ་བ་ཆགས་པ་རེད། དེས་ན། གློག་ྐླད་རེ་རེའི་སྒང་ནས་ཁྱེད་ལ་གྱོང་ཨ་སྒོར་༥༠རག་པ་རེད། རྒྱུ་མཚན་འདི་འདྲར་བརྟེན།
འགྲོ་སོང་དང་ཁེ་བཟང་གཉིས་ཀ་ཁ་འདོམས་མ་ཐུབ་རུང་། ལས་སྣོན་འཕར་མའི་ཁེ་བཟང་(Marginal Benefit)དེ་ག་དུས་ཡིན་རུང་ལས་སྣོན་འཕར་མའི་འགྲོ་སོང་(Marginal Cost)གི་སྒང་ན་མེད་ན་ཚོང་དེ་གྱོང་ཆག་གི་ཡོད་པ་རེད། དེར་བརྟེན། ཚོང་ལས་ཆུང་ཙག་ནས་འགོ་བཙུགས་ཏེ། ཅ་དངོས་རེ་རེའི་ལས་སྣོན་འཕར་མའི་འགྲོ་སོང་དང་ལས་སྣོན་འཕར་མའི་ཁེ་བཟང་གཉིས་ལ་བརྩིས་རྒྱག་རྒྱུ་གལ་ཆེ། འདི་ཡང་རྨང་གཞིའི་ཤེས་བྱ་གཅིག་རེད།
དེ་ནས་དཔལ་འབྱོར་རིག་པའི་རྨང་གཞིའི་ཤེས་བྱ་གཞན་ཞིག་ནི། བློས་བཏང་གི་གོང་ཚད་(Opportunity Cost)ཟེར་བ་འདི་རེད། འདི་ལས་སླ་བོའི་སྒང་ནས་བརྗོད་ན། ང་ཚོས་ལས་ཀ་གཅིག་བྱེད་དུས། ལས་ཀ་གཞན་ཞིག་མཚམས་འཇོག་དགོས་ཐུག་གི་ཡོད་པ་རེད། ལས་ཀ་ཚང་མ་དུས་མཉམ་ལ་ཡོང་རྒྱུ་ནི་ཧ་ཅང་དཀའ་མོ་རེད། དཔེར་ན། ད་ལྟ་ངས་དཔེ་མཛོད་དུ་རྩོམ་ཐུང་འདི་འབྲི་བཞིན་ཡོད་པ་རེད། ངས་གྲོགས་པོ་ཚོ་དང་མཉམ་དུ་ཇ་ཁང་ལ་འགྲོ་རྒྱུའི་ལས་ཀ་དེ་མཚམས་འཇོག་བཞག་ནས་ལས་ཀ་འདི་བྱེད་ཀྱི་ཡོད་པ་རེད། ད་དུང་ཁ་གསལ་བོའི་སྒོ་ནས་བརྗོད་ན། ངས་གྲོགས་པོ་ཚོ་དང་མཉམ་དུ་ཇ་ཁང་ལ་འགྲོ་རྒྱུ་དེ་བློས་བཏང་བ་རེད། དེ་བློས་བཏང་ནས་དཔེ་མཛོད་དུ་རྩོམ་ཐུང་འདི་འབྲི་བཞིན་ཡོད་པ་རེད། དེར་བརྟེན། གྲོགས་པོ་ཚོ་དང་མཉམ་དུ་ཇ་ཁང་ལ་འགྲོ་རྒྱུ་མཚམས་བཞག་པ་དེ་ལ་བློས་བཏང་གི་གོང་ཚད་ (Opportunity Cost)ཟེར་གྱི་ཡོད་པ་རེད། གལ་སྲིད་འདི་ཚོང་གི་རྣམ་པར་བསྒྱུར་ན་གནས་སྟངས་ཅུང་ཙམ་འགྱུར་གི་རེད། དཔེར་ན། ཁྱེད་ཀྱི་ལས་ཀའི་ཉིན་རེའི་གླ་ཆ་དེ་ཨ་སྒོར་༡༢༠ཡིན་པར་ཆ་ཞོག དེ་རིང་ཁྱེད་ལས་ཀར་མ་ཕྱིན་པར་ནང་དུ་བསྡད་པ་རེད། ལས་ཀར་འགྲོ་རྒྱུ་བློས་བཏང་ནས་ནང་དུ་བསྡད་པ་རེད། དེ་རིང་ནང་དུ་བསྡད་ཙང་ཁྱེད་ལ་ཡོང་སྒོ་ཡོད་མ་རེད། དེར་བརྟེན། ཁྱེད་ཀྱི་བློས་བཏང་གི་གོང་ཚད་(Opportunity Cost)དེ་ཨ་སྒོར་༡༢༠རེད། ཅི་ཙམ་གྱིས་བློས་བཏང་གི་གོང་ཚད་ཆེ་ན། དེ་ཙམ་གྱིས་ཁྱེད་ལ་གྱོང་ཆེ། ཅི་ཙམ་གྱིས་བློས་བཏང་གི་གོང་ཚད་ཆུང་ན། དེ་ཙམ་གྱིས་ཁྱེད་ལ་ཁེ་བཟང་ཆེ།
བློས་བཏང་གི་གོང་ཚད་འདིའི་སྐོར་གླེང་དུས། གནད་དོན་གཞན་གཉིས་ཀྱང་ཞོར་ལ་གླེང་དགོས་ཐུག་གི་ཡོད། དེ་ནི་(Accounting profit)དང་(Economic profit)ཟེར་བ་འདི་གཉིས་རེད། དཔེར་ན། ཁྱེད་རང་གཙུག་ལག་སློབ་ཁང་གི་དགེ་རྒན་ཞིག་ཡིན་པར་ཆ་ཞོག
ཁྱེད་ཀྱིས་དགེ་རྒན་གྱི་ལས་ཀ་དེ་གཡུགས་ནས་ཟ་ཁང་ཞིག་སྒོ་ཕྱེས་བ་རེད། ཁྱེད་ཀྱི་ཟ་ཁང་གིས་གཙོ་བོ་མོག་མོག་བཙོང་བ་རེད། ཉིན་རེར་ཁྱེད་ཀྱིས་མོག་མོག་སྡེར་མ་༤༠བཙོང་བ་རེད། མོག་མོག་སྡེར་མ་རེ་ལ་ཨ་སྒོར་༥རེ་ཡིན།
ཟླ་གཅིག་གི་ནང་ཚུན་ལ་ཁྱེད་ཀྱིས་མོག་མོག་སྡེར་མ་༡༢༠༠བཙོང་བ་རེད། མོག་མོག་སྡེར་མ་༡༢༠༠ལ་ཨ་སྒོར་༦༠༠༠ཙམ་རེད། ཨ་སྒོར་༦༠༠༠དེ་ཡོང་སྒོ་རེད། མོག་མོག་བཟོ་བྱེད་ཀྱི་ཤ་དང་སྣུམ། ཙོང་། གྲོ་ཕྱེ། སོགས་ཚང་མར་ཁྱོན་བསྡོམས་འགྲོ་སོང་ཨ་སྒོར་༢༠༠༠ཙམ་ཕྱིན་པ་རེད། ཡོང་སྒོའི་ནང་ནས་འགྲོ་སོང་ཕར་ཕུད་པའི་རྗེས་སུ་ཁྱེད་ལ་ཁེ་བཟང་ཨ་སྒོར་༤༠༠༠བྱུང་བ་རེད། དཔྱལ་འབྱོར་རིག་པའི་ཐོག་ནས་ཨ་སྒོར་༤༠༠༠འདི་ལ་(Accounting profit) ཟེར་གི་རེད། འོན་ཀྱང་། འདི་ཁྱེད་ཀྱི་ཁེ་བཟང་རེད་དམ། ད་དུང་དྲི་བ་ལྷག་ནས་ཡོད། དཔལ་འབྱོར་རིག་པའི་སྒང་ནས། ཁྱེད་ཀྱི་བློས་བཏང་གི་གོང་ཚད་(Opportunity Cost)ལ་རྩིས་རྒྱག་གི་རེད།
འདི་རུ་ཁྱེད་ཀྱི་བློས་བཏང་གི་གོང་ཚད་ (Opportunity Cost) ཟེར་དུས་ཁྱེད་རང་དགེ་རྒན་ཡིན་པའི་སྐབས་ཀྱི་ཟླ་རེའི་གླ་ཆ་དེ་ལ་ཟེར་གྱི་ཡོད་པ་རེད། ཁྱེད་རང་དགེ་རྒན་ཡིན་པའི་སྐབས་ཀྱི་ཟླ་རེའི་གླ་ཆ་དེ་ཨ་སྒོར་༥༠༠༠ཡིན་པར་ཆ་ཞོག དེས་ན།
དོན་དངོས་སུ། ཟ་ཁང་དེ་བཟུང་ནས་ཁྱེད་ལ་གྱོང་རག་ཡོད་དམ་ཁེ་རག་ཡོད་དམ། འདི་གཙོ་བོ་(Economic profit)ཡི་སྒང་ནས་བཙལ་གྱི་ཡོད་པ་རེད། (Economic profit)ཟེར་དུས། ཟ་ཁང་གི་ཡོང་སྒོ་ཨ་སྒོར་༦༠༠༠ནས་འགྲོ་སོང་ཨ་སྒོར་༢༠༠༠དེ་མར་འཐེན། དེའི་ནང་ནས་ད་དུང་དགེ་རྒན་གྱི་ཟླ་རེའི་གླ་ཕོགས་ཨ་སྒོར་༥༠༠༠དེ་ཡང་མར་འཐེན། མཐའ་མའི་ལྷག་གྲངས་དེ་ཨ་སྒོར་-༡༠༠༠རེད། ཨ་སྒོར་༡༠༠༠འདི་མོ་གྲངས་རེད། འདིས་ག་རེ་གསལ་བཤད་གནང་གི་ཡོད་རེད་ཟེར་ན།་ ཁྱེད་ཀྱི་ཟ་ཁང་གི་བློས་བཏང་གི་གོང་ཚད་(Opportunity Cost)དེ་ཟ་ཁང་གི་ཁེ་བཟང་ལས་ཆེ་བ་ཡིན་པ་སྟོན་གྱི་ཡོད་པ་རེད། དེར་བརྟེན།ཟ་ཁང་གི་ཚོས་ལས་དེ་གཉེར་ནས་ཁྱེད་ལ་གྱོང་རག་འདུག་པ་གསལ་སྟོན་བྱེད་ཀྱི་ཡོད་པ་རེད། བློས་བཏང་གི་གོང་ཚད་(Opportunity Cost) ཟེར་བའི་རིག་པ་འདི་ལས་དོན་ཆེ་ཆུང་ཚང་མའི་སྒང་ལ་རྒྱས་འགེབས་བྱས་ཆོག་པ་ཞིག་རེད་འདོད། འདི་ཡང་དཔལ་འབྱོར་རིག་པའི་རྨང་གཞིའི་ཤེས་བྱ་གཅིག་རེད། འདི་ཙམ་ཡིན།
སྐྱོན་བརྒྱབ་པ་ཡིན། དོགས་པ་ཞིག་གི་དབང་གིས་ཡིན།
དཔེར་ན། ཨ་སྒོར་ ༦༠༠༠ ལས་ ༢༠༠༠ འཐེན་རྗེས། ཤུལ་དུ་ ༤༠༠༠ ལས་ལྷག་མེད། དེའི་སྟེང་ནས་ད་དུང་ཡང་ ༥༠༠༠ འཐེན་དགོས་ན་ ༡༠༠༠ ལྷག་མེད་ཐོག ༡༠༠༠ ཆད་ཡོད།
འདི་ཚིག་བེད་སྤྱོད་གཏོང་ཕྱོགས་ཀྱི་ཐད་ནས་ཅུང་མ་འགྲིག་པ་འདྲ། དཔེར་ན། ༼ མཐའ་མའི་ལྷག་གྲངས་ ༽ ཟེར་བ་དེ་རེད། མཐའ་མའི་ལྷག་གྲངས་ཀླད་ཀོར་ཡིན་པས་མི་ཚོད། ཕར་ཆད་པའི་ཁ་གསབ་ལ་ཨ་སྒོར་ ༡༠༠༠ ཡིན་སྟབས། དེ་ཚིག་གིས་སྟོན་ཐུབ་མི་འདུག
སྐྱོན་བརྒྱབ་པར་བཀའ་དྲིན་ཆེ། རྩོམ་གྱི་གོ་བ་ལོན་ནས་སྐྱོན་བརྒྱབ་ན་དགའ་བསུ་ཡོད། རྩོམ་གྱི་གོ་བ་མ་ལོན་ནས་སྐྱོན་བརྒྱབ་ན་ཡང་དགའ་བསུ་ཡོད། གཉིས་ཀ་ལ་དགའ་བསུ་ཡོད།
དེ་ནས་ཁྱེད་ལ་གསལ་བཤད་ཐུང་ཐུང་ཞིག་ཞུ་གི་ཡིན། ངེད་ཀྱིས་གོང་གི་རྩོམ་གྱི་ཁོངས་སུ་ཁ་གསལ་བོ་བཤད་ཡོད། ཨ་སྒོར་༤༠༠༠ནས་༥༠༠༠འཐེན་ན། ལྷག་མ་ཨ་སྒོར་༡༠༠༠རེད། འདི་མོ་གྲངས་རེད་ལབ་འདུག་ག མོ་གྲངས་ཀྱི་གོ་བ་ལོན་ཡོད་ན། འདི་ལ་མགོ་རྙོག་མེད། འདི་རྩིས་རིག་དང་འབྲེལ་བ་ཡོད། རྩིས་རིག་གི་ཁོངས་སུ་ལྷག་གྲངས་ལ་རིགས་གཉིས་ཡོང་གི་རེད། དཔེར་ན། ༡༠༠ ནས་༥༠འཐེན་ན། ལྷག་གྲངས་༥༠རེད། ༥༠ནས་༡༠༠འཐེན་ན། ལྷག་གྲངས་༥༠རེད། འོན་ཀྱང་། རྗེས་མའི་ལྷག་གྲངས་༥༠འདི་མོ་གྲངས་རེད།
གནས་སྐབས་ལ་འདི་ཙམ་ཡིན།
“མོ་གྲངས་”ཟེར་བ་འདི་གོ་བདེ་བོ་མེད་ན་ཆད་གྲངས་ཞེས་བེད་སྤྱོད་བཏང་ན་ཡང་མི་འགྲིག་པ་ཨེ་ཡོད་དྲན། རྗེས་ལ་མཇལ་ཡོང་།
ཨ་ཤུ་རེ་གོ གོང་གི་མཆན་ཐུང་དེའི་མགོ་རུ་དངོས་གནས་བཤད་ན་སྐྱོན་བརྒྱབ་པ་མིན་ཞེས་འབྲི་འདོད་ཡིན་ཡང་། ལག་ནོར་ཤོར་ནས་ ༼ ཡིན་ ༽ བྲིས་འདུག ངའི་ལག་བཙོག་གཏུབ་རྒྱུ་བོ་འདི། ཡིག་རྡོག་འགའ་བྲིས་ཀྱང་ནོར་ནོར་བ་རེད།
དེ་མིན་མོ་གྲངས་ཟེར་བ་དེ་ཆད་གྲངས་ལ་གོ་བ་ལེན་གྱིན་ཡོད་ན་དེ་གས་འཐུས་སོ། །
ངོ་མས་ཡིན། མཐོང་མ་ཐག་ཀློག་འདོད་མ་བྱུང་ཐལ། སྤྱིར་ཀློག་འདོད་མ་བྱུང་བ་མ་རེད། སྐད་ཡིག་འདྲེས་མས་སྦགས་འདུག་པས། ཀློག་རྒྱུར་ཚེགས་ཀ་སྐྱེས་པ་མ་ཟད། སེམས་པའི་གཏིང་ནས་ཐང་ཆད་སོང་། རིག་འབྱུང་ལགས། འདི་ལྟར་འབྲི་བ་ལས་དབྱིན་ཇི་གཅིག་པོས་བྲིས་བཞག་ན་མི་ཡག་གམ།
ཨ་རོ། བསྟན་འཛིན་ཤེས་རབ་ལགས།
དགོངས་འཆར་གནང་བར་བཀའ་དྲིན་ཆེ། ཁྱེད་ཀྱི་བསམ་ཚུལ་ལ་ངས་ཀྱང་མོས་མཐུན་ཞུ་གི་ཡོད། འོན་ཀྱང་།
ངེད་ཀྱི་རྩོམ་ཐུང་འདིའི་སྐོར་ལ་ཚིག་འགའ་ཞུ་གི་ཡིན།
དང་པོ། དཔལ་འབྱོར་རིག་པའི་ཐ་སྙད་མང་པོ་ཞིག་བོད་སྐད་དུ་གཏན་འབེབས་བྱས་མེད་པའི་དཀའ་ངལ་འདིས་དཔལ་འབྱོར་རིག་པའི་སྐོར་ལ་རྩོམ་འབྲི་དུས་ང་ལ་དཀའ་ངལ་འཕར་མ་ཞིག་འཁྱེར་ནས་ཡོང་གི་འདུག
གཉིས།
རྩོམ་ཐུང་འདིའི་ནང་གི་དབྱིན་ཡིག་གི་ཐ་སྙད་འདི་ཚོ་ཡང་ང་རང་སྒེར་གྱིས་བསྒྱུར་བའི་ཁུལ་ཡིན། ཐབས་ཟད་འུ་ཐུག་ནས་ལས་ཀ་འདི་འདྲ་བྱེད་དགོས་ཐུག་གི་འདུག
གསུམ།
ཐ་སྙད་དེ་ཚོ་བོད་ཡིག་ཏུ་སྔ་མོ་ནས་གཏན་འབེབས་བྱས་ཚར་ཡོད་ན། ངས་ཀྱང་དབྱིན་ཚིག་འདི་ཚོ་མཉམ་དུ་སྦྱར་ན་མི་འདོད་གི། རྩོམ་ཐུང་འདིའི་ཆེད་དུ་བོད་ལ་ཡང་འབྲེལ་བ་བྱས་བ་ཡིན།
བོད་ཡིག་གི་ཐོག་ན་མེད་གི་ཟེར། དེར་བརྟེན། འདི་འདྲ་མ་བྱེད་ཐབས་མེད་ཆགས་པ་རེད།
བཞི།
དཔལ་འབྱོར་རིག་པའི་སྐོར་ལ་རྩོམ་ག་དུས་འབྲི་ན་ཡང་། ང་ལ་ཐ་སྙད་དེ་ཚོ་བོད་ཡིག་གི་ནང་མ་རག་པའི་་དཀའ་ངལ་འདི་འཕྲད་ཡོང་གི་འདུག ཁྱེད་ཚོས་ང་ལ་སྡུག་ན། ངས་དཀའ་ངལ་དེ་ཚོ་སུ་ལ་བཤད་དགོས་རེད་དམ།
ང་ཡང་འུ་ཐུག་ནས་འདི་འདྲ་འབྲི་གི་ཡོད།
ལྔ་། རྩོམ་ཐུང་འདིའི་ཁོངས་སུ་དབྱིན་ཡིག་གི་ཐ་སྙད་འགའ་བོད་ཡིག་དང་མཉམ་སྦྱར་བྱས་བ་འདི་མ་འགྲིག་པ་དང་ནོར་བ་ཡིན་ན། དེ་ལ་དགོངས་དག་ཞུ་གི་ཡིན། དེ་ལ་གཤེ་གཤེ་གཏོང་མཁན་ཡོད་ན་ཡང་བརྩི་བཀུར་ཞུ་གི་ཡིན། དེ་ཙམ་ཡིན།
ཡ ཡ ཡ ད་འགྲིག་གི སྐུ་ཞོགས་ཚང་གིས་དབྱིན་ཡིག་མཐོང་མ་འདོད་པ་དེར་ཡང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། དོན་བཀྲས་བོད་དབྱིན་ཤན་སྦྱར་དུ་བྲིས་པ་དེར་ཡང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། འདི་ལྟར་བྲིས་པའི་དགེ་མཚན་ནི་ང་ཚོས་བོད་སྐད་ཐོག་གི་སྐད་དོད་དེ་ཚོ་མ་ཚིག་དང་བསྡུར་ཆོག་པ་རེད་ལ། ཡིག་བསྒྱུར་བ་ཚོར་མཚོན་ན་ཡང་འདིའི་ཐོག་ནས་ཕན་ཚུན་ལ་བློ་བསྐྱེད་སྟེར་ཐུབ་པ་རེད། དཔལ་འབྱོར་རིག་པར་སྦྱངས་མྱོང་མེད་པའི་མི་ང་ལྟ་བུ་ཞིག་གིས་་་opportunity cost ཟེར་བ་དེ་བསྒྱུར་དགོས་ཐུག་པ་ཡིན་ན། ཕལ་ཆེར་ངས་གོ་སྐབས་ཀྱི་རིན་གོང་་་ཟེར་ནས་བསྒྱུར་ས་རེད། ད་དེ་རིང་ཁོས་འདི་ནས་བོད་དབྱིན་ཤན་སྦྱར་དུ་བཀོད་པས། གོ་སྐབས་་་ཟེར་བའི་དབྱིན་སྐད་འདིའི་གོ་དོན་ངོ་མ་དེ་ཐད་ཀར་བསྒྱུར་རྒྱུའམ་གོ་རྒྱུ་མ་ཡིན་པར། ཚིག་དེ་གའི་ལྡོག་ཕྱོགས་ལྟ་བུ་ནས་གོ་བ་ལེན་དགོས་པ་ཡང་ཤེས་པར་གྱུར་བ་རེད། གང་ལྟར། གནས་སྐབས་རིང་ཐ་སྙད་འདི་དག་གི་གོ་དོན་བོད་སྐད་ཐོག་གཏན་འབེབས་དང་ཡོངས་ཁྱབ་ཞིག་མ་ཡོང་བར་འདི་འདྲ་བྱེད་དགོས་རྒྱུ་རེད། སྐུ་ཞོགས་ལགས་ཀྱིས་འདིའི་ཐད་གུ་ཡངས་ཏོག་ཙམ་གཏོང་དགོས་རྒྱུ་རེད་ཡ།
འདྲེ་རིག་ལྡན་ལགས་ནས་དགོངས་འཆར་གནང་བར་བཀའ་དྲིན་ཆེ། ཁྱེད་རང་ལ་ཏན་ཏན་ཡིག་བསྒྱུར་གྱི་ཉམས་མྱོང་ཡག་པོ་ཡོད་རེད་དྲན།
ངེད་ཀྱིས་གོང་དུ་བསྒྱུར་བའི་དཔལ་འབྱོར་རིག་པའི་ཐ་སྙད།
ལས་སྣོན་འཕར་མའི་ཁེ་བཟང་།(Marginal Benefit)
ལས་སྣོན་འཕར་མའི་འགྲོ་སོང་།(Marginal Cost)
གཏན་འཇགས་གོང་ཚད། ( Fixed Cost)
བློས་བཏང་གི་གོང་ཚད། ( Opportunity Cost)
འདི་ཚོའི་འགྱུར་གྱི་སྐོར་ལ་བསམ་ཚུལ་མི་མཐུན་པ་ཡོད་ན་གསུངས་རྐྱང་གནང་རོགས། དེ་ལ་དགའ་བསུ་ཞུ་གི་ཡོད།
གཤེ་གཤེ་གཏོང་མཁན་ཚོས་ཀྱང་མུ་མཐུད་དུ་གཤེ་གཤེ་བཏང་ན་འགྲིག། གཤེ་གཤེ་གཏོང་སའི་སྒོ་མོ་ཡང་ཕྱེས་ནས་ཡོད། དེ་ཙམ་ཡིན།
རིག་འབྱུང་ལགས། འདི་འོད་ཟེར་གྱི་དྲ་ཚིགས་ནས་མཐོང་བྱུང་། འདི་བཟོ་བཅོས་ཡག་པོ་ཞིག་གནང་ནས་འགོད་རོགས། མི་གང་མང་མང་གིས་མཐོང་ནས་དྲིལ་སྒྲོག་བྱེད་གལ་ཆེན་པོ་རེད་འདུག
གསེར་རྟ་བླ་རུང་དགོན་སྡེས་སྐྱེ་རྒུའི་ས་ཡོམ་ཏུ་དགེ་འདུན་པས་ཉམ་ཐག་མང་ཚོགས་ལ་རོགས་རམ་བྱས་ཚུལ་དང་ས་ཡོམ་གྱི་གནས་ཚུལ་ངོ་མ་ངོ་སྤྲོད་གནང་བའི་བརྙན་འཁོར་ཞིག་རེད་འདུག
འོད་ཟེར་དྲ་ཚིགས་ལས་གསལ་བ་ལྟར་ན། ཉིན་འདི་ཤས་རིང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་མི་སྣ་དགོན་སྡེར་སླེབས་པ་དང་། སྐྱེ་རྒུའི་ས་ཡོམ་རོགས་སྐྱོབ་ལ་ཕེབས་མཁན་དགེ་འདུན་པ་མང་པོ་འབོད་ནས་འདྲི་རྩད་བྱེད་ཀྱིན་འདུག
རྟོག་ཞིབ་བྱེད་པའི་ནང་དོན་གཙོ་བོ་གཉིས་ཡོད་པ་སྟེ།
1、གསེར་རྟ་བླ་རུང་དགོན་པས་གནོད་ཕོག་མི་སེར་ལ་རང་ཐག་རང་གིས་བཅད་ནས་རྒྱ་སྒོར་ཁྲི་310སྤྲད་པ་ལས་སྲིད་གཞུང་ལ་རྩིས་འབུལ་ཞུས་ནས་སྲིད་གཞུང་གིས་སྤྲད་མ་མ་བཅུག་པ་དེ་ནི། སྲིད་གཞུང་ལ་རྔམ་རྫིག་སྐུལ་བར་ངོས་འཛིན་པ་རེད།
2、གསེར་རྟ་བླ་རུང་དགོན་གྱི་དགེ་འདུན་པས་རོགས་སྐྱོབ་གནས་ཚུལ་པར་ལེན་བྱས་པ་དང་། རོགས་སྐྱོབ་མི་སྣ་དང་གནོད་ཕོག་མི་སེར་ལ་བཅར་འདྲི་བྱས་ནས་སྐར་མ་40ཡོད་པའི་དངོས་འགོད་གློག་བརྙན་ཞིག་བཟོས་ནས་དྲ་ཐོག་ཏུ་བཀལ་། བརྙན་འཁོར་བཟོས་ནས་བཀྲམས་པ་དེ་ཡང་སྲིད་གཞུང་ལ་འགོག་རྒོལ་བྱེད་པའི་སྤྱོད་ཚུལ་ཞིག་ལ་ངོས་འཛིན་འདུག བརྙན་འཁོར་དེའི་ནང་ས་ཆ་དངོས་ལ་ཡོད་པའི་མི་མང་པོ་ཞིག་གིས་ས་ཡོམ་ནང་འདས་གྲོངས་མི་གྲངས་ཆིག་ཁྲི་ཡོད་པ་ཁས་ལེན་ཡོད་པ་དེ། སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་འདས་གྲངས་ལས་ལྡབ་ཁ་ཤས་མང་བས། དོན་དེར་བདའ་འདེད་ཚ་ནན་བྱེད་ཀྱིན་འདུག
གསེར་རྟ་བླ་རུང་དགོན་གྱིས་ས་ཡོམ་སྐོར་བཟོས་པའི་གློག་བརྙན་དྲ་ཚིགས་གཤམ་འདི་རེད།ttp://www.tudou.com/programs/view/BlEku3KEyXk
http://www.tudou.com/programs/view/BlEku3KEyXk དྲ་ཚིགས་འདི་ད་ལྟ་རྒྱ་གཞུང་ནས་བཀག་ཚར་འདུག ལྟས་ངན་དེ་ཚོ་དེ་འདྲའི་མགྱོགས་པ་ལ། བོད་པ་རྣམས་ཀྱིས་ཚན་རིག་ལག་རྩལ་མང་ཙམ་སྦྱོང་དགོས་ངེས་རེད་འདུག
དོན་གྲུབ་བཀྲ་ཤིས། བཀའ་དྲིན་ཆེ། ཧ་ཅིང་ཕན་ཐོག་ཡོད་ཁུ། མུ་མཐུད་ནས་དཔལ་འབྱོར་རིག་པའི་སྐོར་ལ་བསྒྱུར་རྩོམ་རེ་སྤེལ་རོག་ཞུ།
ཉིད་ཀྱི་བརྩམས་ཆོས་ཞིབ་བཀླགས་བྱས་ཟིན། ཡག་པོ་འདུག
ཞོར་ནས་དེ་རིང་རྒྱལ་སྤྱིའི་ཨ་མའི་ཉིན་མོ་བརྩི་སྲུང་གི་ཉིན་འདིར། རྒན་དགེ་འདུན་རབ་གསལ་དང་།
དོན་གྲུབ་བཀྲ་ཤིས་གཉིས་ཀྱིས་འཇིག་རྟེན་གྱི་ཨ་མ་ཡི་མི་ཚེའི་རིན་ཐང་དང་བྱམས་བརྩེ། དཀའ་སྡུག་སྙིང་སྟོབས་ཀྱི་སོགས་ཐད་གཏམ་བཤད་གལ་ཆེན་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རིག་འབྱུང་ལགས། དོན་དངོས་གང་བཤད་རུང་མ་བཤད་རུང་མ་འཇོན་པ་རེད་འདུག དག་སེལ་ག་ཚོད་གནང་རུང་དྲྭ་ཐོག་བྲིས་ཟིནཔ་རེད།
ཚང་ལས་དོ་སྣང་ཡོད་རིགས་ལ་དམིགས་གསལ་ཕན་པ་གང་ཡང་མི་འདུག་དེ་ལས་གྲོགས་པོ་གཉམ་དུ་ཇ་ཐུང་ན་ལེགས་།