གོང་དཀར་ངག་རྣམ། སཱ་ར།
(༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ངོ་༢༧འཁོར་བའི་དུས་དྲན་དུ་ཕུལ།)
(༡) << ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དམ་དབྱིན་སྐད་ནང་(Secular ethics) ཞེས་པ་འདི་དུས་ནམ་ཞིག་ལ་གསར་དུ་གསུངས་མིན་ལ་དཔྱད་པ། >>
ང་ཚོས་༸གོང་ས་མཆོག་གིས་བཞེད་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་དགོངས་ཚུལ་ལ་སློབ་སྦྱོང་བྱེད་པ་དང་། དེའི་སྐོར་ལ་དབྱེ་ཞིབ་དང་འགྲེལ་བརྗོད་སོགས་བྱེད་པའི་སྐབས་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་བལྟ་རྒྱུ་ནི་སྔ་ཕྱི་བར་གསུམ་དུ་འདོར་ཐབས་མེད་པའི་གནད་དོན་ཞིག་ཆགས་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། ཁོང་གིས་སྤོབས་པ་དང་སྙིང་སྟོབས་ཆེན་པོའི་ཐོག་ནས་དུས་ནས་དུས་སུ་རང་ཉིད་ཀྱི་ཆོས་སྲིད་ཀྱི་གཞི་རྩའི་ལྟ་གྲུབ་དང་། ཆོས་ལུགས་ཀྱི་འདུ་ཤེས་འཛིན་སྟངས། སྲིད་དོན་དང་། ཁོར་ཡུག ཚན་རིག འགྲོ་བ་མིའི་བཟང་སྤྱོད་སོགས་ཀྱི་དགོངས་པར་སྒྱུར་བཅོས་མཛད་ཡོད་པའི་དོན་དངོས་ཀྱི་གནས་ཚུལ་མང་པོ་ཞིག་ང་ཚོའི་མཐོང་ཆོས་སུ་ཡོད་པས་སོ།།
དེ་ཡང་༡༩༧༣ ལོར་༸གོང་ས་མཆོག་ཐོག་མར་ནུབ་ཕྱོགས་ཀྱི་ཡུལ་གྲུར་ཐོག་མར་ཞབས་སོར་འཁོད་ཐུབ་པ་བྱུང་ཡོད་པ་དང་། སྐབས་དེ་དུས་ཁོང་གིས་སྤྱི་སེམས་ཀྱི་སྐོར་གསུང་བཤད་གནང་བ་ལས་བོད་དོན་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྐོར་གསུངས་མེད། སྤྱི་སེམས་ཀྱི་དགོངས་པ་དེ་ནི་ཉིད་བོད་བརྒྱུད་ནང་པའི་ལྟ་སྤྱོད་ཀྱི་གཞུང་ལུགས་ནང་གསུངས་པའི་གཞན་ཕན་བྱང་ཆུབ་ཀྱི་སེམས་ཞེས་པ་དེའི་མན་ངག་གི་སྙིང་པོ་ཚུར་བཞེས་ཏེ་བསྩལ་བ་ཞིག་དང་། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྤྱིའི་བདེ་སྡུག་ལ་སེམས་འཁུར་བྱེད་དགོས་རྒྱུའི་དོན་དངོས་དང་མཐུན་པའི་རྣམ་གཞག་ལ་གཞི་མཛད་དེ་གསུངས་པ་ཞིག་ཡིན་སྙམ།
དེའི་སྟེང་དུ་གང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་གྱི་མཐུན་འབྲེལ་(Religious Harmony)གནང་རྒྱུ་དང་། ཐ་མ་གང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་ཆེད་དུ་རང་དབང་གི་མགྲིན་ཚབ་པ་ཞིག་མཛད་དེ་མདོར་ན་གཞི་རྩའི་མཛད་འགན་གསུམ་([1]Three main commitments ཞེས་པ་རིམ་བཞིན་གསུང་རྒྱུའི་འགོ་ཚུགས་འདུག སྐབས་སུ་བབ་པ་ནི་རྩ་བའི་མཛད་འགན་གསུམ་ལས་དང་པོ་དེའི་སྐོར་ཡིན།
༡༩༩༩ ལོར་སྤྱི་སེམས་[2]( Universal Responsibility)ཞེས་པའི་ནང་དོན་ལས་གྲུབ་པའི་དེབ་ཁ་བྱང་དུ་(Ehics For the New Millenium)སྟོང་ལོ་གསར་པའི་བཟང་སྤྱོད།) ཅེས་པ་དེ་གསར་རྩོམ་མཛད། དེབ་འདི་ནི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་བྲིན་ཁ་རྒྱུགས་བཞིན་ཡོད། དེ་སྔོན་བོད་མིའི་རང་དབང་ཞེས་པའི་གསར་ཤོག་ནང་དུ་གནས་ཚུལ་འཁོད་པ་ལྟར་ན་ཨ་རིའི་གཙུག་ལག་སློབ་གྲྭ་ག་གེ་མོ་ཞིག་གིས་སློབ་གཞིར་བདམས་པའི་གནས་ཚུལ་ཡང་བྱུང་འདུག ཡིན་ནའང་། གསར་ཤོག་འདིའི་འདོན་ཐེངས་གང་ཡིན་ད་ལྟར་དྲན་སོས་ཀྱི་མི་འདུག
དེ་ནས་ཉིས་སྟོང་བཅུ་གཉིས་ལོར་ཆོས་དང་མ་འབྲེལ་བའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་(BEYOND RELIGION ethics for a whole world) ཞེས་པ་དེ་གསར་དུ་ཐོན་ཡོད་པ་འདི་ནི་དེ་སྔ་ཉིས་སྟོང་ལོར་ཐོན་པའི་སྟོང་ལོ་གསར་པའི་བཟང་སྤྱོད་ཅེས་པའི་དེབ་དེའི་རྒྱས་བཤད་ཆགས་ཡོད་པ་འདྲ། དེར་བརྟེན། ཁོ་བོས་རྩོམ་ཡིག་འདིའི་ནང་དབྱིན་སྐད་ནང་ཡོད་པའི་༸གོང་ས་མཆོག་གི་དཔེ་དེབ་འགའ་དང་བོད་སྐད་ནང་གསུངས་པའི་ནང་དོན་ཁག་ལ་དབྱེ་ཞིབ་བྱས་ཏེ་སྨྲ་རྒྱུའི་འདུན་པ་བྱུང་།
ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་དགོངས་ཚུལ་དེ་ཡུ་རོབ་ཏུ་ཕེབས་པའི་རྗེས་ནས་གསུངས་པ་དེའི་ཁུངས་ནི་[3]༢༠༡༣། ༣། ༡༢ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་སློབ་ཏུ་འཁོད་པར་གཞིགས་ན་(དཔེར་ན། གོང་དུ་ཞུས་པ་ལྟར་དེ་སྔ་ཕྱི་ལོ་ ༡༩༧༣ ལོར་ངོས་རང་ཐོག་མར་ཡུ་རོབ་ཏུ་བསྐྱོད་སྐབས་རྟ་ར་བ་འདས་པོ་དེ་ཉིད་ཀྱང་ཡོད། སྐབས་དེར་ངོས་རང་ཡུ་རོབ་ཀྱི་ཡུལ་གྲུ་མང་པོ་ཞིག་ཏུ་བསྐྱོད་པ་ཡིན། སྐབས་དེར་བོད་ཀྱི་ཆབ་སྲིད་ཀྱི་གནས་ཚུལ་སྐོར་ཚིག་གཅིག་ཀྱང་བཤད་མེད། གཙོ་བོ་སྐབས་དེར་སྤྱི་སེམས་(Universal responsibility)ཞེས་པ་དེ་བཤད་པ་རེད། སྐབས་དེར་ཁོང་ཚོ་འགའ་ཞིག་གིས་ངོས་ནས་ཆབ་སྲིད་ཀྱི་སྐོར་གང་ཡང་བཤད་མ་སོང་བས། ཆབ་སྲིད་ཀྱི་སྐོར་བཤད་དགོས་ཀྱི་འདུག་ཅེས་བརྗོད་མཁན་བྱུང་ཡོད། སྐབས་དེར་རྟ་ར་བ་ལགས་ཀྱིས་བོད་ཀྱི་ཆབ་སྲིད་ཅེས་སྐད་ཆ་ཤོད་ཀྱི་མེད་ཀྱང། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དེ་ཆབ་སྲིད་ཆེན་པོ་ཞིག་རེད།ཅེས་བརྗོད་ཀྱི་འདུག)ཅེས་གསུངས་པ་འདི་ཡིན།
གོང་གི་བཀའ་སློབ་དུམ་བུ་དེ་ལས་ང་ཚོས་ག་རེ་ངེས་ཐུབ་ཅེ་ན། བདུན་ཅུ་དོན་གསུམ་གྱི་སྔོན་དུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་དགོངས་པ་དེ་ཕལ་ཆེར་མེད་པ་དེ་རེད། འོ་ན། དགོངས་པ་དེར་ཇི་ལྟར་བྱུང་འདུག་གམ་སྙམ་ན། ཐོག་མར་ཡུ་རོབ་ཏུ་ཕེབས་པ་འདི་ནི་རང་ཉིད་(world citizen འཛམ་གླིང་གི་མི་སེར་) ཞིག་གི་ངོ་བོ་ཡིན་པའི་ངོས་འཛིན་གསལ་པོ་ཞིག་ཡོད་པ་དེའི་ཐོག་ནས་འཛམ་གླིང་གི་ས་ཕྱོགས་འདྲ་མིན་གྱི་སྐོར་རྣམས་མཁྱེན་འདོད་བྱུང་བ་ཞིག་ཡིན་པ་དང་། དེ་ལྟར་ཡུལ་གྲུ་དེ་དག་ལ་ཞབས་ཀྱིས་བཅགས་པའི་ཚེ་དངོས་ཡོད་གནས་ཚུལ་ཞིག་གསལ་པོར་མཁྱེན་རྟོགས་བྱུང་བ་ནི། ཡུལ་གྲུ་དེ་དག་གི་ནང་ཚན་རིག་དང་འཕྲུལ་ཆས་སོགས་ཀྱི་ཕྱི་དངོས་པོའི་ཡར་རྒྱས་ཧ་ལས་པ་ཞིག་ཡོད་ཀྱང་། མི་སྒེར་དང་ཐུག་འཕྲད་གནང་དུས་ནང་སེམས་ནང་ད་དུང་རེ་དོགས་དང་། དངངས་སྐྲག་གིས་ཁེངས་ནས་ཡོད་པའི་སྣང་ཚུལ་ཞིག་ཡོད་པ་དེ་རེད།
(༢) ༸གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པར་གོ་བ་ཇི་ལྟར་བཞེད་ཚུལ།
༸གོང་ས་མཆོག་གི་སྔ་ཕྱིའི་གསུང་བཤད་ཁག་ལ་བལྟས་ན་ཡོངས་གྲགས་ཀྱི་གནད་དོན་གཅིག་ནི་ཁོང་རང་ཉིད་ཀྱིས་བཞེད་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གོ་བ་དེ་རྒྱ་གར་ཀྱི་རྩ་ཁྲིམས་འཁོད་པ་ལྟར་ཡིན་པ་ལས་ནུབ་ཕྱོགས་པས་འཛིན་པའི་ལྟ་ཚུལ་ལྟར་མིན་པ་དེ་རེད། གང་ཡིན་ཟེར་ན། ནུབ་ཕྱོགས་པའི་སྤྱི་ཚོགས་ཁྲོད་དུ་(Secular ethics)ཞེས་པ་འདི་ནི་ཆོས་ལུགས་ཀྱི་ཁ་གཏད་ལངས་པའམ་ཆོས་ལུགས་ལ་ངོ་རྒོལ་གྱི་ཚུལ་དུ་ལྟ་སྟངས་ཤིག་ཆགས་ཡོད་པས་སོ།།
འོ་ན་རྒྱ་གར་གཞུང་གི་རྩ་ཁྲིམས་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པར་གོ་བ་ག་རེ་ལེན་གྱི་ཡོད་དམ་ཞེ་ན། ང་ཚོས་དེའི་སློབ་ཚན་དང་པོ་(Rethinking of secularism ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསྐྱར་ཞིབ།)ཅེས་པ་དེའི་ཐོག་ནས་བཤད་ན། དེའི་ནང་འདི་འདྲ་ཞིག་གསུངས་ཡོད། [4](དེང་དུས་ཀྱི་རྒྱ་གར་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ལྡན་པའི་རྩ་ཁྲིམས་ཤིག་ཡོད་པ་དང་། དེ་ལྟར་གནས་རྒྱུར་རྒྱ་གར་བ་རྣམས་ཀྱི་སྤོབས་པ་བྱེད་ཀྱི་ཡོད། རྒྱ་གར་ནང་ (Secular ethics )ཞེས་པའི་དོན་ནི་ཆོས་ལུགས་དང་ཁ་བྲལ་འགྲོ་བ་ཞིག་མིན་པ་མ་ཟད་ཆོས་ལུགས་ཁས་མི་ལེན་མཁན་ཚོར་ཡང་གུས་ཞབས་བྱེད་རྒྱུ་ཞིག་ཡིན།)
འདིའི་ཐོག་ནས་ང་ཚོས་༸གོང་ས་མཆོག་གིས་བཞེད་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་ངོ་བོའམ་རང་བཞིན་ཅི་འདྲ་ཞིག་ཡིན་མིན་ལ་གོ་རྟོགས་གསལ་པོ་རྙེད་དགོས་པ་དང་། འོན་ཏེ། སྐབས་འདིར་ཤེས་དགོས་པ་ཞིག་ནི་འོ་ན་ཁོང་གིས་དགོངས་པ་དེ་འགྲེལ་བཤད་གནང་སྐབས་གཞི་རྩའི་རྒྱབ་ལྗོངས་གང་དང་གང་ཡོད་མེད་ལ་བསམ་གཞིག་གཏིང་གཟབ་བྱེད་དགོས་རྒྱུ་གལ་ཆེ་བས་དེའི་སྐོར་རགས་ཙམ་བཤད་ན། དེ་ཡང་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་(BEYOND RELIGION ethics for a whole world) ཅེས་པའི་དེབ་ཀྱི་ནང་༸གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་གཞི་རྩའི་གནད་དོན་གཉིས་ཡོད་པར་བཞེད་འདུག དེ་གཉིས་ནི་དབྱིན་སྐད་དུ་(common experience ཐུན་མོང་གི་ཉམས་མྱོང་དང་། ) དང་། (common sense ཐུན་མོང་གི་བསམ་ཤེས་གཉིས་པོ་དེ་རེད།
དང་པོ་ནི་འགྲོ་བ་མི་རྣམས་གཞི་རྩའི་ཆ་ནས་མི་གཅིག་གྱུར་དང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། གཉིས་པ་ནི་འགྲོ་བ་མི་རྣམས་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་(Social animal)ཡིན་པ་དང་གཅིག་ལ་གཅིག་བརྟེན་གྱི་ངང་ཚུལ་ལས་མ་འདས་པ་དེ་རེད། ལྟ་ཚུལ་འདི་གཉིས་ཀར་དེང་རབས་ཀྱི་སེམས་ཁམས་རིག་པ་དང་། ཀླད་ཁམས་རིག་པ། གསོ་བ་རིག་པ་སོགས་ཀྱི་ཞིབ་འཇུག་གི་གྲུབ་དོན་ཐོག་ནས་གསལ་པོ་ཆགས་ཀྱི་ཡོད།
ལྷག་པར་ཉེ་བའི་ཆར་ཚན་རིག་གི་གྲུབ་དོན་གསར་ཤོས་གཅིག་ནི་འགྲོ་བ་མི་རྣམས་ཀྱི་གཞི་རྩའི་རང་བཞིན་བྱམས་བརྩེ་དང་ལྡན་པར་བཤད་པ་དང་། ༸གོང་ས་མཆོག་ཉིད་ཀྱིས་གསུངས་གསལ་ལ་ཞིབ་འཇུག་དེ་གྲུབ་དོན་འདི་གཟིགས་པ་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུར་རེ་བ་ཞིག་བསླེབས་བྱུང་ཞེས་གསུང་བཞིན་པ་འདི་ཡིན། དེའི་དོན་དབྱིན་སྐད་ནང་འདི་ལྟར་རེད།
[5] I am committed to promoting human happiness, the most important contributing factor to which is peace of mind. And the best way to achieve that is to cultivate compassion. All the major religious traditions advocate love and compassion. Meanwhile, scientists have revealed evidence that basic human nature is compassionate—so there is real hope
(༣) ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལྟ་བའི་ཐོག་ནས་འཇིག་རྟེན་ཞི་བདེ་སྐྲུན་ཐབས་དངོས།
ཁོ་བོས་གོང་དུ་བཤད་པ་ནི་༸གོང་ས་མཆོག་གིས་བཞེད་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་ངོ་བོ་དེ་ཇི་འདྲ་ཞིག་ལ་གོ་དགོས་མིན་དེ་ཡིན་པ་ལས་དེའི་ནང་དེ་ཐབས་ལམ་ཇི་ལྟ་བུའི་ཐོག་ནས་གོང་འཕེལ་གཏོང་ཐབས་ཀྱི་སྐོར་ལ་དགོངས་བཞེད་ཇི་ལྟར་མཛད་ཀྱི་ཡོད་མེད་བཤད་མེད་པས། ས་བཅད་འདིའི་ནང་དེའི་སྐོར་ཤོད་ཀྱི་ཡིན། ང་ཚོས་ཤེས་གསལ་ལྟར་༸གོང་ས་མཆོག་ཉིད་སྐུ་ན་ཆུང་དུས་ནས་ཚན་རིག་གི་ཤེས་བྱར་ཐུགས་དབྱིངས་ཡོད་པ་དང་རིམ་བཞིན་དེང་དུས་ཀྱི་ཚན་རིག་པ་མང་དག་ཅིག་དང་མཉམ་དུ་བགྲོ་གླེང་གནང་རྒྱུའི་གོ་སྐབས་བྱུང་ནས་ཚན་རིག་དང་ནང་དོན་རིག་པའི་དབར་ཕན་ཚུལ་ཤེས་རྒྱ་སྤེལ་རེས་བྱེད་རིན་ཡོད་པའི་གནས་ཚུལ་མང་པོ་ཞིག་གཟིགས་ཡོད།
དཔེར་ན། དེང་དུས་ཀྱི་རྡུལ་ཕྲན་རྣམ་གཞག་དང་། འཇིག་རྟེན་ཁམས་ཀྱི་རིག་པ། ཀླད་ཁམས་རིག་པ་སོགས་ཀྱི་རྣམ་གཞག་རྣམས་ནི་ནང་པ་ཞིག་གི་ངོས་ནས་ངེས་པར་དུ་ཤེས་དགོས་པ་དང་ཤེས་ན་དགེ་མཚན་ཆེ་བ་དང་། ཡང་ཚན་རིག་པ་རྣམས་ཀྱིས་ནང་པའི་སེམས་ཁམས་རིག་པ་([6]Science of mind ) དང་། རྟེན་འབྱུང་གི་ལྟ་གྲུབ་ལ་དོ་སྣང་བྱས་ན་ཕན་ཐོགས་ཡོད་པའི་ཚུལ་རྣམས་ལེགས་པར་གཟིགས་པ་སོགས་རེད།
ལྷག་པར་དུ་ཚན་རིག་པས་བརྟག་དཔྱད་བྱས་འབྲས་སུ་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་དང་ལྡན་པ་ཞིག་ཡིན་པར་བརྗོད་པ་བརྟེན་ནས་རང་བཞིན་དེ་གོང་འཕེལ་གཏོང་བར་ངེས་པར་དུ་ཆོས་ལུགས་ལ་ལྟོས་མི་དགོས་པར་ཆོས་དང་མ་འབྲེལ་བའི་ལམ་གྱི་ཐོག་ནས་འགྲོ་རྒྱུ་དང་དེ་ནི་འགྲོ་ཐུབ་པ་ཞིག་ཡིན་པའི་དངོས་དོན་དེ་གཟིགས་ནས་ད་གཟོད་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་དགོངས་པའི་འགོ་ཚུགས་པ་ཞིག་རེད་སྙམ།
རང་ཉིད་མི་ཞིག་ཡིན་པའི་ཆ་ནས་མིའི་གཞི་རྩའི་རིན་ཐང་གོང་འཕེལ་གཏོང་ཐབས་ཀྱི་ཐོག་ནས་བདེ་སྐྱིད་འཚོལ་རྒྱུ་དེ་ཨང་དང་པོ་དང་། ཆོས་ལུགས་ཀྱི་གནད་དོན་རིམ་པ་གཉིས་པ་དེ་ཡིན་པའི་དཔེ་མཚོན་སྙིང་རྗེ་པོ་བཞག་གནང་ཡོད་པ་དེ་འོག་ཏུ་སྐད་གཉིས་ཤན་སྦྱར་ཐོག་ཏུ་འགོད་རྒྱུ།
[7]” While we can live without tea, we can’t live without water. Likewise we are born free of religion, but we are not born free of the need for compassion.”
ཇ་མེད་པར་ང་ཚོ་འཚོ་གནས་ཐུབ་ཀྱང་། ཆུ་མེད་པར་ང་ཚོ་འཚོ་གནས་ཐུབ་ཐབས་མེད་པ་བཞིན་ང་ཚོ་འཇིག་རྟེན་ཐོག་སླེབས་ཙམ་ཉིད་ནས་ཆོས་ལུགས་ལ་དད་མོས་ཅན་ཞིག་མིན་ནའང་སྐྱེས་ཙམ་ཉིད་ནས་སྙིང་རྗེ་མེད་པར་གནས་ཐབས་མེད།
༸གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གཞི་རྩའི་གནད་དོན་དབྱིན་སྐད་དུ་(common experience ཐུན་མོང་གི་ཉམས་མྱོང་དང་།) དང་། (common sense ཐུན་མོང་གི་བསམ་ཤེས་གཉིས་པོ་ཡང་དེང་རབས་ཀྱི་སེམས་ཁམས་རིག་པ་དང་། ཀླད་ཁམས་རིག་པ། སྨན་བཅོས་རིག་པ་སོགས་ཀྱི་ཞིབ་འཇུག་ཐོག་ནས་ར་འཕྲོད་གསལ་པོ་ཡོང་གི་ཡོད། གནད་དོན་དེ་གཉིས་ཀྱི་སྟེང་དུ་ཚན་རིག་གི་གྲུབ་དོན་ཞེས་པ་ཞིག་ཁ་སྣོན་མཛད་དེ་མདོར་ན་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གཞི་རྩར་དོན་ཚན་གསུམ་ཡོད་པར་བཞེད་བཞིན་འདུག
གོང་དུ་བཤད་པ་ལྟར་མགོན་པོ་གང་ཉིད་ཆུང་དུས་འཕྲུལ་ཆས་བརྒྱུད་ཚན་རིག་ལ་ཐུགས་སྣང་ཤུགས་ཆེན་ཡོད་པའི་ཁར་ཕྱིས་སུ་བཙན་བྱོལ་ནང་ཕེབས་རྗེས་དེང་རབས་ཀྱི་ཚན་རིག་པ་གྲགས་ཅན་མང་པོ་དང་ལྷན་དུ་ཞིབ་འཇུག་གི་ལམ་ནས་མཛད་པ་སྐྱོང་བཞིན་པ་འདི་ཡང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་ཐད་ཀར་འབྲེལ་བ་ཞིག་ཏུ་ཤེས་ཐུབ།
འདིར་ང་ཚོས་འགྲོ་བ་མིའི་གཞི་རྩའི་རིན་ཐང་ཞེས་པར་ངོས་འཛིན་ལེགས་པོ་ཞིག་འཐོབ་རྒྱུ་ཤིན་ཏུ་གལ་ཆེ། ༸གོང་ས་མཆོག་གིས་ག་དུས་ཀྱང་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་མཐོར་གཏོང་ཚུལ་སྐོར་གསུང་དུས་དེ་དག་ནི་གཞན་གང་ཡང་མིན་པར་ང་ཚོར་སྐྱེས་ཙམ་མམ་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་ཚོར་བ་ཞིག་ཡོད་པ་དེ་ལ་གོ་དགོས་ཀྱི་ཡོད། གོང་ས་མཆོག་གི་ངོས་འཛིན་འདི་ལ་ད་བར་ཚན་རིག་གི་ཞིབ་འཇུག་ཐོག་ནས་དན་རྟགས་གསལ་པོ་རག་བཞིན་པ་ནི་དཔེར་ན་ཁོང་ཁྲོའི་རྫས་ཀྱིས་མིའི་(ནད་འགོག་མ་ལག་Immuen system) ལ་གནོད་སྐྱོན་གཏོང་བ་ལྟ་བུ་རེད།
འོ་ན་ཚན་རིག་གི་ཞིབ་འཇུག་ཇི་ལྟར་བྱེད་ཀྱི་ཡོད་དམ་ཞེ་ན། ནང་པའི་གཞུང་གི་དཔྱད་པ་བྱེད་སྟངས་དང་ཚན་རིག་གི་དཔྱད་པ་བྱེད་སྟངས་དབར་ལ་མཐུན་པའི་ཆ་དང་མ་མཐུན་པའི་ཆ་སྣ་མང་ཞིག་ཡོད་པ་གོར་མ་ཆག སྤྱིར་གཞུང་ཆེན་མོའི་ནང་རྗེས་དཔག་ལོང་བ་བརྒྱུད་པ་ཞེས་ཆོས་དེ་ཡོད་དང་མེད་འཇོག་བྱེད་ཀྱི་བློ་ཚད་མར་གཉིས་གསུང་གི་ཡོད་པ་ལས་རྗེས་དཔག་ནི་ལོང་བ་བརྒྱུད་པ་སྟེ། དཔྱད་ཡུལ་དེ་ཇི་ལྟར་ཡིན་མིན་དེ་མཐར་མངོན་སུམ་ཚད་མས་ར་འཕྲོད་དགོས་ཀྱི་ཡོད་པ་དང་། དཔྱད་པ་བྱེད་པའི་གནས་སྐབས་སུ་ལུང་ལ་མ་བརྟེན་པར་རིགས་པ་འབའ་ཞིག་ལ་གཏུག་དགོས་པ་གཉིས་ནི་ངས་བྱས་ན་དེང་རབས་ཚན་རིག་དང་ནང་པའི་ཚན་རིག་དབར་གྱི་མཐུན་ཆ་གལ་ཆེ་ཤོས་དེ་ཡིན་པ་འདྲ།
འདིའི་ཐད་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་འབྲིང་བའི་ནང་འདི་འདྲ་ཞིག་གསུངས་འདུག [8](ནང་པའི་གཞུང་སྤྱི་དང་ལྷག་པར་དཔལ་ན་ལེནྜ་སོགས་ཀྱི་མཁས་མཁས་དབང་ཁག་གིས་དོན་གང་ཞིག་ལ་དཔྱོད་པ་ན་མངོན་སུམ་གྱི་མྱོང་བ་ནི་རིགས་པ་དང་ལུང་ལས་ཀྱང་གལ་གནད་ཆེ་བའི་རྩ་དོན་དུ་བཟུང་བར་མ་ཟད།)ཅེས་གསུངས་པ་ལྟ་བུ་རེད། རྒྱུ་མཚན་དེར་བརྟེན། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གཞི་རྩའི་གནད་དོན་གཉིས་ཀྱི་ཐོག་ཏུའང་ཚན་རིག་པ་རྣམས་ཀྱིས་མངོན་སུམ་གྱི་མྱོང་བའི་ཐོག་དངོས་ར་འཕྲོད་ཀྱི་ཡོད།
༸གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལམ་ནས་འཛམ་གླིང་ཞི་བདེ་སྤེལ་ཐབས་དངོས་ནི་ཁོང་གི་དེང་རབས་ཚན་རིག་པ་དང་གོ་སྡུར་གནང་བཞིན་པའི་དམིགས་ཡུལ་གཉིས་ཡོད་པ་དེའི་ཐོག་ནས་ཤེས་གསལ་ལྟར་རེད། དམིགས་ཡུལ་དང་པོ་ནི་དེང་རབས་ཚན་རིག་གིས་དཔྱད་པ་བྱ་ཡུལ་ནི་གཟུགས་ཅན་གྱི་དངོས་པོ་ཤ་སྟག་ཡིན་པ་ལས་དཔྱོད་མཁན་གྱི་རང་བཞིན་དང་། བདེ་སྡུག་གི་ཚོར་བ་སོགས་ཀྱི་ཐོག་ཏུ་ཉམས་ཞིབ་དཔྱིས་ཕྱིན་པ་བྱེད་ཐུབ་མེད་པས་དེང་རབས་ཀྱི་ཚན་རིག་གི་ཤེས་ཡོན་ནང་སེམས་ཀྱི་རྣམ་གཞག་ནས་མང་པོ་ཞིག་ཁ་སྣོན་བྱེད་དགོས་པ་དང་། དེ་ལྟར་ཚན་རིག་དང་དེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་འཛམ་གླིང་ཐོག་ཆ་ཚང་བའི་ཤེས་ཡོན་གྱི་སྒྲོམ་གཞི་ཞིག་གཏན་འབེབས་བྱེད་ཐུབ་རྒྱུ་དེ་རེད།
དམིགས་ཡུལ་གཉིས་པ་ནི། དེང་རབས་ཚན་རིག་གི་ཤེས་ཡོན་གྱི་ར་བའི་ནང་སེམས་ཀྱི་རྣམ་གཞག་རྣམས་རྒྱ་བསྐྱེད་དེ་མིའི་རིགས་ཀྱི་སེམས་ཀྱི་དཀའ་སྡུག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ལ་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུ་དེ་ཡིན། ཚན་རིག་གིས་ད་བར་གཟུགས་ཅན་གྱི་ཤེས་བྱའི་གནས་ལུགས་ངོ་སྤྲོད་པ་ཙམ་ལས་འགྲོ་བ་མིའི་ནང་གི་རིན་ཐང་གོང་འཕེལ་ཐད་ལ་དོ་འཁུར་གཏན་ནས་བྱེད་ཀྱི་མེད། གང་ལྟར་མིའི་སྤྱི་ཚོགས་དེ་བཟང་སྤྱོད་ཀྱིས་མི་ཕོངས་པ་བྱ་རྒྱུ་དེ་ཁོང་གི་དམིགས་ཡུལ་གཉིས་པ་དེ་ཆགས་ཡོད།
དེ་ཡང་(རྡུལ་སྙེད་འཇིག་རྟེན། The Universe In a Single Atom) ཞེས་པའི་ནང་འཁོད་དོན་(ཕྱོགས་གཞན་ནས་བཤད་ན་ཚན་རིག་ནི་དངོས་སུ་གང་མྱོང་བ་མ་གཏོགས་དེ་ལས་བརྒལ་ཏེ་གཟུགས་ཅན་ལས་འདས་པའི་གནས་ཚུལ་དང་། མིའི་རིན་ཐང་སོགས་ལ་ཐེ་བྱུས་བྱེད་ཀྱི་མེད། འོན་ཀྱང་། ནང་ཆོས་ནང་ལ་གནད་དོན་དེ་གསུམ་ཀར་ཞིབ་དཔྱོད་བྱ་རྒྱུ་གལ་ཆེན་པོ་ཡིན།) ཞེས་གསུངས། དམིགས་ཡུལ་འདི་གཉིས་འགྲུབ་པར་ད་ལྟ་ཚན་རིག་པ་ཚོས་སེམས་ཁམས་རིག་པའི་གནད་དོན་འཚོལ་བར་རེ་བའི་ཡུལ་གཅིག་པུ་དེ་ནི་རྒྱ་གར་གྱི་ཞི་ལྷག་གི་རྣམ་གཞག་ཡོད་པའི་རིག་གཞུང་སྤྱི་དང་ལྷག་པར་ན་ལེནྜའི་ཆོས་བརྒྱུད་ནང་ལྷག་པའི་རིག་གཞུང་འདི་ཁོ་ན་ཆགས་ཡོད་པ་གསལ་པོ་རེད། རྒྱུ་མཚན་དེའི་ཕྱིར་༸གོང་ས་མཆོག་གིས་ནང་པའི་གཞུང་གི་བརྗོད་བྱའི་ཁོངས་ནས་ནང་པའི་ཚན་རིག་དང་། ནང་པའི་ལྟ་གྲུབ་གཉིས་ལོགས་སུ་ཕྱེ་སྟེ་སྔར་མེད་པའི་ལམ་ཁ་གསར་པ་ཞིག་གསར་གཏོད་མཛད་ཡོད།
མདོར་ན་སློབ་དཔོན་འཕགས་པ་ལྷས། བཞི་བརྒྱ་པར། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ།། ཐ་མལ་རྣམས་ལ་ལུས་སྐྱེས་སོ།། ཞེས་གསུངས་པ་ལྟར་འགྲོ་བ་མིར་རང་ཆས་སུ་ཕྱི་ལུས་ཀྱི་སྡུག་བསྔལ་ཞིག་དང་། ནང་སེམས་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་གཉིས་ཡོད་པ་དང་། དེ་ཡང་མཆོག་རྣམས་ལ་ལུས་ཀྱི་སྡུག་བསྔལ་མེད་ཀྱང་སེམས་ཀྱི་སྡུག་བསྔལ་དང་། ཐ་མལ་པ་སྟེ་སྐྱོ་བ་རྣམས་ལ་ནི་ལུས་ཀྱི་སྡུག་བསྔལ་ཡོད་པས། ལུས་ལ་བརྟེན་པར་སྡུག་བསྔལ་སེལ་རྒྱུར་ཚན་རིག་གིས་ཕན་ཐོགས་ཤུགས་ཆེན་འབྱུང་བཞིན་ཡོད་ཀྱང་། སེམས་ཀྱི་སྡུག་བསྔལ་ནི་སེམས་ཉིད་ཀྱིས་སེལ་དགོས་པ་ཆོས་ཉིད་རིགས་པའི་ཐོག་ནས་བསྒྲུབས་ཏེ་སེམས་ཀྱི་རྣམ་གཞག་ལ་གོ་རྟོགས་ལེགས་པོ་ཞིག་བསྐྱེད་པའི་སྒོ་ནས་འགྲོ་བ་མིའི་སྤྱི་ཚོགས་ཧྲིལ་པོ་ཞི་བདེས་ཁྱབ་པར་བྱ་རྒྱུ་དེ་ནི་ཁོང་གི་ཐུགས་རེ་ཡིན་པར་མངོན་ནོ།།
དཔྱད་གཞིའི་ཁུངས།
ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས།
ནང་ཆོས་ངོ་སྤྲོད་སེམས་ཀྱི་དཔལ་ཡོན།
བདེ་སྐྱིད་ཀྱི་ཐབས་ནུས། Art of Happiness
རྡུལ་སྙེད་འཇིག་རྟེན། The Universe In a Single Atom
སྟོང་ལོ་གསར་པའི་བཟང་སྤྱོད། Ethics for New Millennium
འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད། Beyond Religion
ས་རཱ་མཐོ་སློབ་ཏུ་གནང་བའི་གསུང་བཤད།
ཤེས་བྱ་དུས་དེབ།
ལམ་གཙོའི་སྒྲོན་མེ།
གྲུབ་མཐའ་རིན་ཆེན་ཕྲེང་བའི་བཀའ་འཁྲིད།
[1] http://www.dalailama.com/biography/three-main-committments འདི་ནི་༸གོང་ས་མཆོག་གི་དྲ་ཚིགས་ལས་གསལ།
[2] universal responsibility ཞེས་པ་འདི་ནི་བོད་སྐད་ཀྱི་སྤྱི་སེམས་ཞེས་པར་གོ་དགོས་པ་དེ་ཡང་༸གོང་ས་མཆོག་ཉིད་ཀྱིས་སྟོང་ལོ་གསར་པའི་བཟང་སྤྱོད་ཅེས་པའི་ནང་གསུངས་འདུག ལ་ལས་འདི་ལ་ཀུན་ཁྱབ་སེམས་འཁུར་ཞེས་པའང་བསྒྱུར་འདུག
(Ancient Wisdom, Modern World: Ethics for the New Millennium by Tenzin Gyatso, the Fourteenth Dalai Lama. Published by Little, Brown and Company, United Kingdom J 999. (pp 2 J 3 -220).)
[3] ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་གསར་པ་དབུ་འབྱེད་དང་སྤྱི་འཐུས་ལྷན་ཚོགས་སུ་བཀའ་སློབ་ལས་དྲངས།
[4] ༸གོང་ས་མཆོག་གིས་དབྱིན་སྐད་ཐོག་མཛད་པའི་ (BEYOND RELIGION ethics for a whole world) ཞེས་པའི་དེབ་དེ་ལས་བཏུས།
[5] ༸གོང་ས་མཆོག་གི་ངོ་དེབ་ལས་བཏུས། https://www.facebook.com/DalaiLama/?fref=ts
[6] ༸གོང་ས་མཆོག་གིས་ནང་པའི་སེམས་ཁམས་རིག་པ་ཞེས་པའི་སྐད་དོད་དུ་དབྱིན་སྐད་ནང་Buddhist psychology ཞེས་པ་དང་། སྐབས་རེ་Science of Mind ཞེས་ཀྱང་གསུང་གི་འདུག་པས་ཁོ་བོ་ནི་ཕྱི་མ་འདི་ཡིད་ལ་འཐད་དོ།།
[7] (BEYOND RELIGION ethics for a whole) ཞེས་པའི་དེབ་དེ་ལས་བཏུས།
[8] ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་འབྲིང་བ་ལས་དྲངས།
ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་།
སྐུ་ཚེའི་ལོ་རྒྱུས་འདི་
སྐུ་ཚེའི་མཛད་འཕྲིན་རྣམ་མཐར་
དབྱིན་སྐད་དུ་་་་་་་་་་Secular Ethics
བོད་སྐད་དུ ་་་་་་་་་་་འཁོར་བའི་སྤྱོད་ལམ
བརྗོད་གཞིའི་ཐོག་ཆོས་དང་མ་འབྲེལ་བར་གང་ཡོད་སྟོན་ནམ་སཱ་ར་མགོ
༧རྒྱལ་བའི་དབང་པོ་ཕྱག་ན་པདྨོ་མཆོག་གི་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། རང་ཅག་གདུལ་བྱར་གྱུར་པ་རྣམས་ཀྱང་སྐས་གདང་རིམ་འཛེག་རིས་མེད་སེམས་ཅན་ཐམས་ཅད་ལ་ཕན་བདེ་རྒྱ་ཆེན་པོ་བསྐྲུན་ཐུབ་སླད་ཚོགས་བསག་སྒྲིབ་སྦྱོང་བསྟུད་དེ་གནང་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་བརྟན་བཞུགས་གཉིས་ཀ་དེས་ཡོང་ངེས།
སྐུལ་ལྕག་དང་བསྔགས་བརྗོད་གནང་ཐུགས་རྗེ་ཆེ་ཞུ།