བསྟན་འཛིན་ཤེས་རབ།
མི་རིགས་ཀྱི་ཞེན་ཁོག་བྱེད་པ་ནི་རང་ཉིད་ཀྱི་ལ་རྒྱ་སྲུང་བ་ཡིན་ལ། རང་ཉིད་ལ་ཤ་ཚ་ན་ངེས་པར་དུ་མི་རིགས་ཀྱི་བླ་སྲོག་ལ་གཅེས་སྤྲས་བྱེད་དགོས། གནས་ལུགས་འདིའི་རྐྱེན་གྱིས་ན། མི་སུ་ཞིག་ཡིན་རུང་རང་ཉིད་ཀྱི་བླ་སྲོག་ལ་བརྙས་བཅོས་གཏོང་མཁན་ཞིག་མཐོང་ཚེ། མ་མཐར་ས་ལ་རྐང་བརྡབ་ཙམ་ལས་མི་ཐུབ་རུང་དེ་ལྟར་བརྡབ་ངེས་ཡིན་ལ། ནུས་པ་གྲོག་སྦུར་ཙམ་ལས་མེད་རུང་རང་ཚོད་ཀྱིས་འཕག་ཚག་རྒྱག་ངེས་རེད།
དེ་རིང་གཟའ་ཟླ་བའི་གུང་གསེང་གི་དགོང་མོ་འདིར། ཁོ་བོས་ཀྱང་གྲྭ་དམངས་བྱིངས་ནང་བཞིན་ཨ་རིའི་བོད་སྐད་བརྙན་འཕྲིན་གསར་འགྱུར་ལ་བལྟས་པ་ཡིན། གསར་འགྱུར་གྱི་རྗེས་ཐོག་དེ་མ་ཉིད་དུ། ཉེ་སྔོན་བོད་ཀྱི་གྲོས་ཚོགས་ཀྱིས་བསྡུས་པའི་དོགས་འདྲི་དང་ཉན་ཞིབ་ཅེས་པའི་བགྲོ་གླེང་གི་ཚོགས་འདུའི་གནས་ཚུལ་བསྟན་བྱུང་། སྤྱིར་ཁོ་བོས་ཆབ་སྲིད་ཀྱི་གནད་དོན་ཅང་མི་ཤེས་པས་དམིགས་བསལ་གྱི་ཚོར་བ་བཤད་རྒྱུ་ཅང་མི་འདུག་མོད། འོན་ཀྱང་བཀའ་ཁྲི་མཆོག་དང་སྤྱི་འཐུས་རེ་ཟུང་ཞིག་གིས་མིང་ཚིག་ལ་ལ་ཞིག་གི་གོ་བརྡ་འགྲེལ་སྟངས་ཐད་ནས་སེམས་ཁོང་ལ་ཚ་ཤར་རྒྱག་ཅིང་ཡིད་ཁམས་སྐྱུར་གྲང་ངེར་གཏོང་བར་བྱེད།
ད་ལྟའི་བཀའ་ཁྲི་སྟེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དུས་རབ་གོང་མའི་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་སྐབས། ཁོང་གིས་མིང་ཚིག་གི་བརྡ་སྤྲོད་པའི་ཁུངས་དབྱིན་ཇི་ལ་མགོ་འདོགས་པའི་སྲོལ་ཕྱེ་ཞིང་། དེ་དང་མཉམ་དུ་བོད་ནང་གི་མཁས་དབང་རྣམ་པར་ཆེད་དུ་མི་འདོད་པའི་རྣམ་འགྱུར་བསྟན་ཏེ། ཁོང་རྣམ་པས་ཞིབ་འཇུག་མཐིལ་ཕྱིན་དང་སྐད་བརྡ་ཡང་དག་གིས་གཏན་ལ་ཕབ་ཅིང་བོད་རང་གི་སྐད་གཤིས་ཀྱི་རུས་རྐང་ལ་ཟུག་པའི་མིང་ཚིག་མང་བོ་ཞིག་ལ་བསྒྱུར་བཅོས་གཏོང་འགོ་བརྩམས། ས་ཆའི་ཚོད་ཀྱི་རི་དྭགས་ཀྱི་དཔེ་ལྟར། བཙན་བྱོལ་ནང་དུ་ཁོང་གི་གསུང་ལ་ལན་སློག་ཐུབ་མཁན་ཧ་ལམ་མེད་རྐྱེན། མུ་གེའི་སྟེང་ལ་ཟླ་ལྷག་ནང་བཞིན་སྤྱིར་རང་སྐད་དག་མ་ཞིག་མི་འཁྱོངས་པའི་སྟེང་སྔར་ཡོད་ཀྱི་མིང་ཚིག་མང་བོ་ཞིག་ཧྲལ་ཧྲིལ་དུ་བཏང་སྟེ་བཙན་བྱོལ་བའི་སྤྱི་ཚོགས་འདི་སོ་སོའི་ཕ་སྐད་ལ་ཟ་རི་ཟི་རེ་ཞིག་ཏུ་བཏང་བ་རེད། དེར་བསྟུན་ནས་སྤྱི་འཐུས་དང་གཞུང་ཞབས་པ། དགེ་རྒན། རྩོམ་སྒྲིག་པ། གསར་འགོད་པ་སོགས་སྤྱི་ཚོགས་ཁྲོད་ཀྱི་གནད་ཡོད་མི་སྣ་མང་བོས་མིག་ཟུང་ལག་པས་བཀབ་ཅིང་འུར་ཆིལ་ལེར་ཁོང་གི་རྗེས་སུ་རྒྱུགས་པ་དང་། རང་གི་ཕ་མེས་ཡང་མེས་ནས་འཚོ་བ་དང་སྐད་ཀྱི་རང་གཤིས་ལ་འོ་ཆུ་ལྟར་འདྲེས་ཤིང་། ཕན་ཚུན་བརྡ་སྤྲོད་པ་ལ་ཆེས་གནད་དུ་ཁེལ་ཅིང་གོ་དོན་ཟབ་པའི་མིང་ཚིག་མང་བོ་ཞིག་ལ་ལྡབ་མ་ལྡབ་ཀྱིས་དབྱིན་ཇིའི་མིང་ཚིག་རེ་དྲངས་ཏེ་འདིའི་རྒྱུན་མཚན་གྱིས་དེ་རེད་ཟེར་བ་ལྟ་བུའི་ཅོལ་ཆུང་གི་གོམས་གཤིས་ཤིག་ཆགས་བཞིན་ཡོད། གོམས་གཤིས་ངན་པ་འདིའི་རྐྱེན་གྱིས། ད་ཆ་རང་རེས་ཚད་དུ་འཛིན་དགོས་པའི་གྲོས་ཚོགས་ར་བ་སོགས་འདི་དག་གི་སྐབས་སུ་ཡང་། བཀའ་ཁྲི་མཆོག་གཙོ་བྱས་ཏེ་སྤྱི་འཐུས་རེ་ཟུང་གིས་གནད་ཆེ་བའི་མིང་ཚིག་མང་བོ་ཞིག་དབྱིན་ཇི་ལ་ཁུངས་མ་གཏུགས་ཚེ་དོན་དག་སྟོན་མི་ཐུབ་པའི་བཟོ་ལྟ་འདོན་པ་དང་། མིང་ཚིག་གང་ཞིག་གིས་དོན་གནད་ཅི་ཞིག་སྟོན་པ་དེ་དབྱིན་ཇིའི་ནང་ཅི་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་སྒྲུབ་བཞིན་འདུག་པས། སྐད་ཡིག་ལ་མཚོན་ན་འདི་ལས་ལྷག་པའི་བརྙས་བཅོས་ཤིག་ག་ལ་ཡོད། ང་ཚོས་ད་བར་རྒྱ་དམར་གྱིས་ང་ཚོའི་སྐད་ཡིག་ལ་གཏོར་བཤིག་བཏང་སོང་ཞེས་སྨོད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གིས་ཀྱང་བོད་ཡིག་སྟེང་འདི་འདྲའི་ཧམ་པ་ཞིག་བཤད་མེད་ཚོད་རེད། གནས་སྟངས་འདི་དག་གིས་ན། བདག་གིས་ལག་ཟུང་ཐལ་མོ་སྦྱར་ཏེ་བཀའ་ཁྲི་མཆོག་ལ། བཀའ་བློན་ཁྲི་བ་རིན་པོ་ཆེ་ལགས། བོད་ཀྱི་སྐད་ཡིག་ལ་གཏོར་བཤིག་མ་གནང་རོགས་ཞེས་ཞུ་བ་འབུལ་ལོ། །
བསྟན་འཛིན་ཤེས་རབ་ལགས།
བཀའ་ཁྲི་མཆོག་ནས་བཅོས་འགྱུར་གནང་བའི་ཚིག་དེ་དག་ལུང་འདྲེན་ཞིག་གནང་ཐུབ་ན། བགྲོ་གླེང་བྱེད་པར་ཕན་ཐོགས་ཡོང་གི་རེད།
“དམངས་གཙོ”མང་གཙོར་བཅོས་འགྱུར་གནང་བ་དེ་གཅིག་རེད།
གཞན་དག་ག་རེ་ག་རེ་ཡོད་རེད།
༡༽ དམངས་གཙོ་་་་་་མང་གཙོ།
༢༽?
༣༽ ?
གནས་ལུགས་དང་རྒྱུ་མཚན་ཡང་དག་མེད་པའི་གསལ་བཤད་བྱས་ཁུལ་བྱས་པ་ནི་བྱིས་པ་ཆུང་ཆུང་ཚོས་ཀྱང་དགོད་ཅིང་ངུ་དགོས་པའི་ཆོས་ཉིད་ལ་མ་འདས་སོ། མི་ཁྱོད་ལ་ལྟ་བ་རྙིང་པ་ལངས་ཕྱོགས་རྙིང་པ། ། ཐབས་ཇུས་རྙིང་པ་དང་ཕུགས་འདུན་རྙིང་པ་སོགས་ཀྱིས་བསྟན་འཛིན་ཤེས་རབ་ཁྱོད་ལ་ཡོད་ཚད་ཀྱི་རེ་བ་བརླགས་སོང། ད་ནས་བཟུང་ཁོ་བོས་ཁྱོད་ལ་བསྟན་བཤིག་ཤེས་རབ་ཅེས་འབོད་ན་འདོད།
ཁ་སང་དེ་རིང་གི་རྩོམ་འབྲི་བ་ཁག་གཅིག་གི་སྙུག་ཁ་བཀའ་བློན་དང་བཀའ་ཟུར་གཙོས་ཆེས་མཐོ་མི་སྣ་ཁག་ལ་གཏད་དེ། མཐོ་བརྒལ་རང་བཞིན་ཅན་གྱི་རྩོམ་ཡིག་འབྲི་བཞིན་འདུག་ག །
ཨིན་སྐད་ལ་ ཁུངས་གཏུགས་ནས་ བོད་ཀྱི་ སྐད་ཡིག་ ག་འདྲ་ཟེ་ གཏོར་སྐྱོན་ བཏང་ ཡོད་དམ།
བསྟན་འཛིན་ཤེས་རབ་ལགས་ལ་རྒྱབ་སྐྱོར་ཡོད་། དེ་དྲང་མོ་དྲང་བདེན་གི་གཏམ་རེད་།
དགོང་དག་། དེ་དྲང་མོ་དྲང་བདེན་གྱི་གཏམ་རེད་་
འདི་ལྟར་དྲ་ངོས་འདིར་ལུས་སེམས་གཉིས་ཀ་ཞུགས་ཕྱིན་ཆད་མཐོ་དམའ་བར་གསུམ་དུ་སྐྱོན་བརྗོད་བྱེད་རྒྱུའི་གོ་སྐབས་རེག་པ་ལྟ་བུར་མཐོང་སོང་ཡང་། སྐབས་རེར་མི་བྱེད་ཀ་མེད་རེད། སྤྱིར་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་ལ་དོ་སྣང་མི་བྱེད་པ་དེ་བཀའ་ཁྲི་གཙོ་བོར་གྱུར་བའི་གཞུང་གི་ལས་བྱེད་ཚོར་འགན་ཡོད་པ་ཞིག་རེད། ཡིག་ཆ་ཁག་དང་གསལ་བསྒྲགས། ངོ་སྦྱོར་སོགས་ཡོད་ཚད་དབྱིན་ཅི་མ་གཏོགས་འབྲི་མི་ཆོག་པ་ལྟ་བུའི་བྱེད་སྟངས་དེ་ངོ་མ་ང་ཚོས་ཤེས་དགོས་པ་ཞིག་རེད། དེ་ཙམ་མ་ཟད་ང་ཚོས་དུས་རྒྱུན་འབོད་བཞིན་པའི་ང་ཚོའི་ཤུལ་འཛིན་པའི་སློབ་གྲྭ་ཁག་ཏུའང་བོད་ཡིག་ཟེར་དུས་སྦྱངས་འདོད་མཁན་གྱི་སློབ་མ་མེད་པ་དང། བསླབ་འདོད་མཁན་གྱི་དགེ་རྒན་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་ནི་གཙོ་བོ་གཞུང་རང་གིས་བོད་ཡིག་ལ་མཐོང་མ་སྤྲད་པ་དང་། བོད་ཡིག་ཤེས་མཁན་ལ་ལས་ཀ་མ་སྤྲད་པའི་དཀའ་ངལ་འདིས་འོག་ཉམས་དམས་སུ་འགྲོ་བཞིན་པ་འདི་ངེས་པར་དུ་གཞུང་ལ་ཞུ་གཏུགས་བྱེད་དགོས་པར་སྣང་། དཔེར་ན་མོན་གྷོ་ས་གནས་གཞིས་འགོ་དང་། འཐུས་མིའི་སྐུ་ཚབ་བོད་རྒྱལ་ཡོངས་ཚོགས་ཆེན་ཐོག་བསྐྱོད་དེ་མོན་གྷོ་ས་གནས་མི་མང་གི་བསམ་ཚུལ་བཀོད་པའི་ཤོག་ལྷེ་དེ་བོད་ཡིག་གིས་བྲིས་ཡོད་སྟབས་ཀློག་མ་ཐུབ་པར་གཞན་གྱིས་ཀློག་ཡོད་པ་གོ་ཐོས་བྱུང་ཡོད། དེ་འདྲའི་གནས་སྟངས་ཀྱི་འོག་ན་ཁོང་ཚོར་ངོ་ཚ་དང་། བློ་འགྱོད་གཏན་ནས་མེད་ནའང་ང་ཚོས་དེ་རིགས་ལ་གང་ཐུབ་་ཅི་ཐུབ་བྱེད་དགོས་པས་ཐོག་མར་ལོ་རྗེས་མའི་ནང་བཀའ་ཁྲི་འོས་བླུགས་སྐབས་སྤྱི་ཡོངས་ནས་ཤེས་འཇོན་གཉིས་ལྡན་ཞིག་དགོས་པ་ཞུ་མ་དགོས་མོད། ལྷག་པར་བོད་ཡིག་གཙོ་བོར་གྱུར་བའི་བོད་ཀྱི་རིག་གཞུང་ལ་ཞལ་ནས་གསུང་བ་ཙམ་མིན་པར་དོན་ཐོག་འབབ་ཐུབ་པ་ཞིག་བཀའ་ཁྲིར་བཀོད་དགོས་པ་དེ་ང་ཚོའི་ལས་འགན་ཞིག་ཏུ་མཐོང་སོང་བས་གོང་ནས་བསྟན་འཛིན་ཤེས་རབ་ལགས་ནས་གསུང་བ་དེར་ངོས་ལེན་ཡོད་པ་ཙམ་མིན་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན།
བོད་བཙན་བྱོལ་གྱི་ནག་ཉེས་ཡོད་ཚད་བཀའ་ཁྲིས་བྱས་པ་རེད་ཟེར། ཨ་ཙི། ཅི་འདྲའི་ཧམ་པ་ལ། མ་གཞི་ཕྱོགས་ལྷུང་གི་ལྟ་བ་ཁུར་ནས་༼ཆོལ་ཁའི་ཕྱོགས་ལྷུང་མིན།༽བཀའ་ཁྲི་ལ་བལྟས་ན་སྐྱོན་དང་ནོར་འཁྲུལ་ལས་ག་ལ་མཐོང་སྲིད། དཔེར་ན་དགེ་སློང་ལེགས་པའི་ཀརྨ་བཅོམ་ལྡན་འདས་དང་མི་ལོ་ཧྲིལ་བོ་བཅུ་གཉིས་གཤིབ་ཀྱང་སྐྱོན་ལས་ཡོན་ཏན་ཞིག་མཐོང་མེད། ཡིན་ཡང་རྒྱས་བཤད་བྱེད་དགོས་དོན་མི་འདུག བཀའ་ཁྲིའི་བྱེད་ལུགས་བྱེད་སྟངས་མཐོང་སྐབས་ཁྱེད་ཀྱི་ཕྱི་ནང་གསང་གསུམ་ལ་ཟུག་གཟེར་རྒྱག་གི་འདུག་ན་སྡུག་གྱོང་ཞེས་པའི་ཚིག་དེ་བདག་གིར་བཞེས་རྒྱུ་ལས་མེད། གཞན་བཙན་བྱོལ་གཞུང་། གཞིས་བྱེས་ཀྱི་མི་དམངས་ཡོངས་རྫོགས་ཀྱིས་བཀའ་ཁྲིའི་བྱས་རྗེས་ལ་བལྟས་བལྟས་པ་ཡིན་པས་ཁྱེད་ཀྱིས་བསླུ་བྲིད་ལ་ཚུད་མི་སྲིད། ཚིག་མཚོན་འདྲ་ཤོར་འདུག་ན་དགོངས་དག
བཀའ་ཁྲིའི་མ་ལས་བ་དང་མ་འཇོན་པས་ལས་དོན་འཐུས་ཤོར་བ་དེ་དག་། ང་ཚོ་གཅིག་གཉིས་ཞིག་གིས་སྡུག་གྱོང་མ་ཡིན་པས་བོད་ཁ་ཅན་གྱི་སྡུག་གྱོང་རེད་། དེ་རིང་འདིརགསར་བོར་ཞུས་ཆོག། ་གོང་ས་མཆོག་ཡར་ཕུད་། དེ་མིན་བཀའ་ཁྲི་ནས་གད་པ་བར་བཙན་བྱོལ་བོད་གཞུང་གི་དམིག་ཡུལ་ནི་བཙན་བྱོལ་དུ་མི་མཐའ་བར་བསྡོད་རྒྱུང་ལས་བོད་ལ་ལོགས་འདོད་ཀྱི་རེ་བ་སྐར་ཆ་ཙམ་ཡང་མེད་། རྒྱ་དམར་གུང་ཁྲན་ལ་ཁ་གཏུག་དུ་ལང་གི་ཡང་མེད་ལ་ལང་འདོད་ཀྱང་མེད་། ན་ནིང་༢༠༠༩ལོའི་སྤྱི་ཟླ་༩་ནང་རྡ་སར་དམིག་གསལ་ཚོགས་ཀྱི་འཇུགས་དེར་། བཀའ་ཁྲི་ ་་ ང་ཚོ་གྲུང་ཧྭ་མི་དམིང་སྤྱི་མཐུན་རྒྱལ་ཁབ་ལ་མངོན་ལྒོག་རྒྱུད་གསུམ་ནས་གནོན་ཤིག་སྟེར་མ་མྱོང་ལ་ཕྱིན་ཆད་ཀྱང་སྟེར་གི་མ་རེད་་་ གསུང་འདི་ལྟར་རེད་། བོད་ཡིག་ནི་བཙན་བྱོལ་སྤྱི་ཚོགས་གི་མཐའ་ལྷུང་བས་གད་སྙིག་ལྟ་བུའི་རེད་། བོད་དོན་ངོ་མ་དེ་བོད་ནང་གིས་བོད་མི་གོང་འོག་བར་གསུམ་སྒྲུབ་གྱིན་ཡོད་པ་རེད་མ་གཏོག་།
མི་རིགས་དང་སྐད་ཡིག་ལ་ཞེན་ཁོག་ཡོད་མདོག་མདོག་གིས་ ཁུངས་རྐྱེལ་དང་དཔེ་མཚོན་ཡིག་འབྲུ་གཅིག་ཀྱང་བསྟོན་རྒྱུ་མེད་པར་ བོད་རིགས་ནང་ཁུལ་དཀྲུགས་ཤིང་སྤེལ་བའི་རྩོམ་བྲིས་འདི་འདྲར་ཆ་འཛིན་སུའི་བྱེད་ གད་ཉིད་ནང་གི་སྐད་ཆ་གད་ཉིད་ནང་དུ་འཕེན་ཤོག་ བསྟན་འཛིན་ཤེས་རབ་ལ་རྫུས་ཏེ་ དཀྲུགས་ཤིང་ཤེས་རབ་སྤེལ་གི་
ཨ་ཁ་ཁ། རྒན་པ་དབང་ཆུང་གཞོན་པ་ནར་མ་སྨིན། །ཕྱོགས་ཞེན་རྟོག་ངན་དུག་རུལ་ཐུལ་བ་ཚོས། །བོད་སྐད་མ་ཤེས་གཞན་སྐད་ད་མ་དིག །ཐོས་ཚེ་བཙན་བྱོལ་སྨྲ་བར་ཞེན་པར་ལོག །རང་ཆོས་སྐད་ཡིག་རྣལ་མ་ཡོད་བཞིན་དུ། །གཞན་ཆོས་སྐད་ཡིག་རྗེས་སུ་རྒྱུགས་པ་དང་། །ཡིད་བཞིན་ནོར་བུ་འགྲེམ་སྟོན་ཚང་ལས་དག །མཐོང་ཚེ་བཙན་བྱོལ་ཚོགས་པ་ཌ་རུ་མགོར། །མི་འདོད་ཞེན་ཁ་ཡིད་ཀ་གཏིང་ནས་ལོག །ལས་འབྲས་བདེན་དྲང་བསམ་ན་བག་ཡོད་གྱིས། ། ཤྲྰི་སྨྱོན་པས་སོ། །
བསྟན་འཛིན་ཤེས་རབ་ཁོ་རང་གི་བསམ་ཚུལ་བཀོད་པ་རེད་ལ་ཁོས་བཀའ་ཁྲིས་གནང་སྟངས་ཤིག་ཁོང་རང་གི་མཐོང་ཚོད་ལྟར་བཀོད་འདུག དེ་ཡང་ཚིག་ངན་གང་ཡང་བེད་སྤྱོད་བྱས་མིན་འདུག མི་ཉག་སྐལབཟང་ནས་བཀའ་སྐྱོན་ཚ་ཐ་ཆོད་གནང་འདུག་པར་ངས་ངོས་ནས་ཡག་པོ་མཐོང་མ་སོང་། སྒོམ་སྡེས་གསུངས་པ་ལྟར་ཁུངས་ལེགས་པོ་ཞིག་དྲངས་ན་བགྲོ་གླེང་གནང་ཐུབ་ཀྱང་དེ་འདྲ་མིན་འདུག་པས་ཞན་ཆ་ཞིག་རེད་དྲན། ང་ཚོས་དགའ་ན་བསྟོད་རྐྱང་དང་མ་དགའ་ན་སྨད་རྐྱང་གནང་གིན་འདུག་པ་ནི་གོམས་གཤིས་ངན་པ་ཞིག་རེད།
བསྟན་འཛིན་ཤེས་རབ་ཁོ་རང་གི་བསམ་ཚུལ་བཀོད་པ་རེད་ལ་ཁོས་བཀའ་ཁྲིའི་གནང་སྟངས་ཤིག་ཁོང་རང་གི་མཐོང་ཚོད་ལྟར་བཀོད་འདུག དེ་ཡང་ཚིག་ངན་གང་ཡང་བེད་སྤྱོད་བྱས་མིན་འདུག མི་ཉག་སྐལ་བཟང་དང་རང་བཙན་ལྡེའུ་ནས་ཁོ་པར་བཀའ་སྐྱོན་ཚ་ཐ་ཆོད་གནང་འདུག་པར་ངའི་ངོས་ནས་ཡག་པོ་མཐོང་མ་སོང་། སྒོམ་སྡེས་གསུངས་པ་ལྟར་ཁུངས་ལེགས་པོ་ཞིག་དྲངས་ན་བགྲོ་གླེང་གནང་ཐུབ་ཀྱང་དེ་འདྲ་མིན་འདུག་པས་ཞན་ཆ་ཞིག་རེད་དྲན། ང་ཚོས་དགའ་ན་བསྟོད་རྐྱང་དང་མ་དགའ་ན་སྨད་རྐྱང་གནང་གིན་འདུག་པ་ནི་གོམས་གཤིས་ངན་པ་ཞིག་རེད།
རིག་གཞུང་་་་་་་་་་ལེགས་བྱང་
འདི་ཡང་གཅིག་རེད་དྲན།
བསྟན་འཛིན་ཤེས་རབ་ཀྱིས་གསུངས་པ་དེ་ལ་རྒྱབ་སྐྱོར་ཡོད། གང་ཡིན་ཞེ་ན། དེང་དུས་དངོས་རྫས་གསར་པ་མང་པོ་ཐོན་པ་དེ་དག་ལ་བོད་རང་གི་ཐ་སྙད་མེད་པར་བསྟེན་བོད་ཀྱི་མཁས་པ་དག་གིས་ཐ་སྙད་གསར་བཟོ་གནང་བ་རེད། འོན་ཀྱང་བཙན་བྱོལ་བ་དག་གིས་དེ་ལ་སྐྱོན་བརྗོད་བྱེད་པ་དང་། རང་གི་དབྱིན་ཇིའི་ཐ་སྙད་སྤྱོད་པ་འདིར་མཛེས་མོ་འདུག་གམ། ཡང་ན་འདི་ནས་དེ་ལས་ལྷག་པའི་ཐ་སྙད་གསར་པ་ཞིག་བཟོ་གནང་རོགས། དབྱིན་ཇིའི་ཐ་སྙད་ལ་རེ་བ་ལས་དེ་མི་བཟང་ངམ།
མཆན་་༡༤་་་་བཀའ་ཁྲིས་བཅོས་བསྒྱུར་གནང་བའི་ནང་ནས་གཅིག་རེད།
རྣམ་པ་ཚོས་གསུངས་པར་ངོ་མས་རྒྱུ་མཚན་འདུག བགྲོ་གླིང་ལྷུག་པོ་གནང་བར་བཀའ་དྲིན་ཞུ། འདིར་དཔེ་མཚོན་ཙམ་ཞུས་ན། སྔོན་ཆད་སྔོན་ཆད་ཅིག་ལ་བཀའ་ཁྲི་མཆོག་གིས་འདི་འདྲ་ཞིག་གསུངས། རླངས་འཁོར་མ་རེད་སྣུམ་འཁོར་རེད། རླངས་འཁོར་ནི་རྒྱ་སྐད་ཐད་བསྒྱུར་བྱས་པ་ཞིག་རེད། བོད་ནང་གི་མི་དེ་ཚོར་རྒྱ་མིའི་ཤན་ཤུགས་ཐེབས་པ་རེད་གསུངས། དེའི་མཇུག་ཐོག་ཏུ་དབྱིན་ཇིའི་ནང་དུ་ཅིག་ཡོད་པས་སྣུམ་འཁོར་ཞེས་འབོད་དགོས་ཞེས་གསུངས་ཡོད་ངེས་རེད་མོད་ཏག་ཏག་ཅིག་དྲན་གྱི་མི་འདུག དེ་བཞིན་དུ་རྗེས་འབྲང་བ་ཚོས་མཆན་ཟེར་བ་མ་རེད། རིག་པ་ཟེར་དགོས་པ་རེད། དེའི་རྒྱུ་མཚན་དབྱིན་ཇིའི་ནང་དུ་ཅིག་ཟེར་འདུག་ག་ཟེར་བ་ལྟ་བུས་མཚོན་ཤིན་ཏུ་མོད་པོ་ཡོད། ད་ལྟ་ཐ་ན་རྩོམ་ཡིག་ལ་ཡང་དེ་འདྲས་བཙན་འཛུལ་ཐེབས་བཞིན་ཡོད་དེ། དཔེ་མཚོན་ཆེས་ཤིན་ཏུ་ཐག་ཉེ་ས་ཞིག་ནས་བཤད་ན། རྩོམ་ཡིག་འདིའི་གོང་གི་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས་ནས་བྲིས་པའི་ དཔལ་འབྱོར་རིག་པ་ཨེ། ཟེར་བ་དེར་ལྟོས་དང་། བལྟ་ས་ཞིག་འགྲོ་གི་འདུག་གམ། འདི་དང་འདི་དག་གིས་མཚོན་ཧ་ཅང་མང་བོ་རེད། དེ་ལས་ཀྱང་ཚབས་ཆེ་ཞིག་ནི། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཆུང་གི་ཚོགས་འདུའི་གཏམ་བཤད་དག་ཡིན། ཁོང་ཚོས་གཏམ་གྱི་འགོ་བཟུང་མ་ཉིད་ནས་དབྱིན་ཇིའི་ནང་དུ་ཅིག་ཟེར་བ་རེད་ཟེར་ཏེ་ཕལ་ཆེར་བོད་སྐད་ཀྱི་མིང་ཚིག་དེས་དོན་དག་ཅིག་སྟོན་མི་ཐུབ་པ་ལྟ་བུའི་བཟོ་ལྟ་འདོན་གྱི་ཡོད་ལ། གལ་སྲིད་དབྱིན་ཇི་དེ་མེད་ཚེ་བོད་སྐད་ཡིག་གིས་རང་ཚུགས་མི་ཐུབ་ཅིང་གོ་བརྡ་སྤྲོད་པའི་ནུས་པ་མེད་པ་ལྟ་བུར་ངོས་འཛིན་གྱི་ཡོད། གནས་ཚུལ་འདི་དག་ནི་ང་ལས་ཀྱང་རྣམ་པ་ཚོར་གསལ་ཤས་ཡིན་པས་དཔེ་མཚོན་རེ་རེ་བྱས་ནས་འཇོག་པའི་ངལ་བ་བསྟེན་དགོས་མི་འདུག གལ་སྲིད་ངོ་མས་དོན་དག་འདི་འདྲ་དག་ཡོད་པར་མ་མཐོང་བ་ཡིན་ན། བཀའ་ཁྲི་མཆོག་གི་གསུང་བཤད་གཙོ་བྱས་པའི་ཚོགས་འདུ་ཆེ་མ་ཆུང་གསུམ་གྱི་བརྙན་འཁོར་ལ་གཟིགས་དང་བཤད་མི་དགོས་གཤམ་བཞག་ཡོད་པ་དེ་རེད། རྩག་ཆད་གད་སྙིགས་ནང་དྲུད་ན་གད་སྙིགས་ལས་གསེར་མི་འབྱར་བ་ནང་བཞིན། ཤུགས་རྐྱེན་ངན་པ་དེས། ད་ཆ་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་ལྕེ་ཞིག་ཐོགས་ཚད་ཀྱིས། སྐད་ཆ་ཅི་ཞིག་བཤད་པའི་འགོ་བརྩམས་མ་ཉིད་ནས་དབྱིན་ཇིའི་ནང་དུ་ཅིག་ཟེར་བ་རེད། དེའི་རྒྱུ་མཚན་གྱི་བོད་སྐད་ལ་འདི་ལྟར་གོ་དགོས་པ་རེད་ཟེར་བ་ལྟ་བུའི་མཚོན་རང་འཚང་ཅི་ཞིག་སྟོན་བཞིན་པ་ཚང་མའི་སེམས་ན་གསལ་འཁྱིལ་ལེར་ཡོད་པ་དེ་རེད། སྤྱིར་བདག་གིས་རྩོམ་ཡིག་འདི་འབྲི་དུས་སྐད་ཆ་འདི་དག་མི་བཤད་རྒྱུའི་འབད་བརྩོན་དང་ཉུང་འཁྲི་མང་དུ་བྱས་མོད། རྣམ་པ་ཚོས་ཁ་སྔོག་སྟེ་འདུག་མ་བཅུག་རྐྱེན་ནང་གི་སྐད་ཆ་ཁ་ཤས་ཤིག་འདི་ལྟར་བཤད་དགོས་བྱུང་། སྐད་ཆ་འདི་དག་བདེན་པ་ཡིན་མིན་རྣམ་པ་ཚོས་དོན་དངོས་དང་བསྡུར་དང་ཤེས་ཡོང་ངོ་། །
སྤྱིར་བདག་གིས་རྩོམ་ཡིག་འདི་སྤེལ་དུས་སྐད་ཆ་འདི་དག་མི་སྤེལ་རྒྱུའི་འབད་བརྩོན་དང་ཉུང་འཁྲི་མང་དུ་བྱས་མོད། ད་ལྟ་རྣམ་པ་ཚོས་ཁ་སྔོག་ན། ནང་གི་སྐད་ཆ་ཁ་ཤས་ཤིག་འདི་ལྟར་མ་བཤད་རང་བཤད་རེད་པས། ཕོག་ཐུག་ཐེབས་མཁན་འདྲ་བྱུང་ན་དགོངས་དག་ཞུ་བཞིན་ཡོད། གཞན་སྐད་ཆ་འདི་དག་བདེན་པ་ཡིན་མིན་རྣམ་པ་ཚོས་དོན་དངོས་དང་བསྡུར་དང་ཤེས་ཡོང་ངོ་། །
ཨ་རོ། ཁྱེད་ཀྱིས་གོང་གི་མཆན་གཅིག་གི་ཁོངས་སུ། བཀའ་ཁྲི་མཆོག་གི་སྐོར་ལ་དཔེ་མཚོན་གཅིག་ངེད་ཀྱི་འཆལ་རྩོམ་དེ་བཞག་འདུག
དེ་ཅུང་ཙམ་ནོར་མེད་འགྲོ་བསམ། ངའི་འཆལ་རྩོམ་དེ་བཀའ་ཁྲིས་བོད་ཀྱི་སྐད་ཡིག་ལ་གཏོར་བཤིག་གཏོང་གི་འདུག་ཟེར་བའི་དཔེ་མཚོན་ལ་འགྲོ་གི་ཡོད་མེད་བསམ་བློ་གཏོང་རྒྱུ་འདུག་དྲན།
གཞན། སྐུ་ཉིད་ནས་བཀའ་ཁྲི་མཆོག་གིས་གཏོར་བཤིག་བཏང་བ་རེད་ཟེར་བའི་ཁུངས་སྐྱེལ་གྱི་སླད་དུ། ཐ་སྙད་གང་དང་གང་ལ་གཏོར་བཤིག་དང་བརྗེ་བསྒྱུར་བྱས་ཡོད་མེད་།
ཁ་གསལ་བོའི་སྒོ་ནས་རེ་རེ་བཞིན་ྐློག་པ་པོ་ཚོའི་མདུན་ལ་འཇོག་ཐུབ་ན་དེ་ལ་དགེ་མཚན་ཆེ་བར་མཐོང་། དེ་ཙམ་ཡིན།
བཀའ་ཁྲིའི་”ལེགས་བྱང་”ཟེར་བ་དེར་ཨ་མདོ་མཁས་པ་ང་ཡིན་ཟེར་མཁན་སུས་ཀྱང་འགྲེལ་བཤད་རྒྱག་མ་ཐུབ་པ་རེད། ཁམས་པ་ནི་ང་ཡིན་ཁོ་ཡིན་རེད་ད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། ཉིད་ཀྱིས་བདག་གི་མཆན་དེ་བཀླགས་ཡོད་དམ་མེད། ཚང་མ་བཀླགས་རྗེས་དགོངས་འཆར་གནོངས་དང་་་་་་་
དེ་རིང་བསྟན་འཛིན་ཤེས་རབ་ལགས་ཅུང་ལྷོད་ལ་བབ་འདུག དེ་མ་གཏོགས་ཁ་སང་བཙན་བྱོལ་ནང་གི་སྐད་ཡིག་ཉམ་རྒུད་དུ་སོང་བའི་བྱས་ཉེས་ཡོད་ཚད་བླ་རྒན་མགོ་སེར་དེའི་མགོ་ལ་གཡུགས་གྲབས་བྱས་སོང་། ཡིན་ཡང་ད་དུང་འགྲེལ་བཤད་འཐིལ་ཕྱིན་པ་ཞིག་བྱུང་མི་འདུག དཔེར་ན་ཚོགས་འདུ་ཚོགས་སྐབས་ཀྱི་གཏམ་གླེང་དང་། དུས་བབ་ཚང་གིས་བསམ་ཚུལ་ཞེས་པ་རིག་པར་བསྒྱུར་བ། རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱི་དཔལ་འབྱོར་རིག་པ་ཞེས་པའི་རྩོམ་ཡིག་སོགས་དང་བཀའ་ཁྲིའི་བར་འབྲེལ་བ་ཅི་ཞིག་ཡོད་དམ། དེ་ཚོ་ཡོད་ཚད་བཀའ་ཁྲིས་བྱས་པ་ཨེ་རེད། ཡང་ན་བཀའ་ཁྲི་བོད་མི་མི་རེ་རེའི་རྩར་རྒྱུགས་ཏེ་དེ་ལྟར་བྱ་མི་རུང་བའི་སློབ་གསོ་སྤྲོད་དགོས་པ་ཨེ་རེད། དེ་དཀའ་གནོད་ཅིག་དྲིས་པ་ཡིན།
གཏམ་བཤད་བྱེད་སྐབས་དབྱིན་ཡིག་བེད་སྤྱོད་མི་རུང་བའམ་ཇེ་ཉུང་དུ་བཏང་དགོས་པ་ངའང་མོས་མཐུན་ཡོད་མོད། རིག་འབྱུང་གི་དཔལ་འབྱོར་སྐོར་གྱི་རྩོམ་ལྟ་བུ་འབྲི་སྐབས་དབྱིན་ཡིག་ལས་གང་འཚམ་བསྒྱུར་དགོས་ཐུག་པ་དེ་ང་ཚོའི་ལས་དབང་ཞིག་རེད། དེ་ཡང་ང་ཚོ་ལ་དཔལ་འབྱོར་རིག་པ་ཚད་ལྡན་ཞིག་བྱུང་མ་མྱོང་བས་ཀྱང་ཡིན་སྲིད།
ད་མང་པོ་མི་བཤད། བསྟན་འཛིན་ཤེས་རབ་ལགས་ཁོང་ཁྲོ་ཟ་མི་ཉན། འདི་གསལ་བཤད་ཙམ་ཡིན། བྱས་ཉེས་ཡོད་ཚད་བཀའ་ཁྲིར་གཡུགས་ན་ཅུང་བཟོད་ཐུབ་པ་མི་འདུག སྔ་ཕྱི་བར་གསུམ་དུ་བཀའ་ཁྲིས་བཙན་བྱོལ་བོད་མི་ལ་ཕན་ཐོག་མེད་ན་གནོད་རྩ་བ་ནས་བསྐྱལ་མེད། དྲ་ཐོག་གི་ཁ་ཡང་མགོ་ཡང་ཁ་བདེ་མགོ་བདེ་ཚོར་བློ་མ་རྟོན། ཤེས་སོང་ངམ་བསྟན་ཤེར་ལགས།
བསྟན་འཛིན་ཤེས་རབ་ལགས་།
ཁྱེད་ཀྱི་མཆན་བུ་རྣམས་བྐླགས་པ་ཡིན། ཁྱེད་ཀྱི་རྩོམ་ཡང་བྐླགས་པ་ཡིན། ྐློག་པ་པོ་གཞན་དག་ཚོའི་མཆན་རྣམས་ཀྱང་བྐླགས་པ་ཡིན།
བསམ་ཚུལ་དམིགས་བསལ་ཞིག་བཤད་རྒྱུ་ཡིད་ལ་དྲན་མ་སོང་། རྒྱུ་མཚན། ཁྱེད་ཀྱི་རྩོམ་འདིས་གནས་ལུགས་བཤད་ཀྱི་མི་འདུག རྒྱུ་མཚན་དང་ཁུངས་སྐྱེལ་དེ་བས་ཀྱང་མི་འདུག
ངས་མི་འདུག་ལབ་ན། ཁྱེད་ཀྱིས་ཡོད་ཟེར་གི་རེད། ད་ཡོད་ན། འཁྱེར་ཤོག་། ྐློག་མཁན་ཚོའི་མདུན་ལ་འཇོག་རོགས།
དཔེར་ན། གོང་གི་མཆན་བུའི་ཁོངས་ཀྱི། དམངས་གཙོ་། མང་གཙོ། རིག་གཞུང་། ལེགས་བྱང་། རླངས་འཁོར། སྣུམ་འཁོར། འདི་དག་གཏོར་བཤིག་ཡིན་པའི་ཁུངས་སྐྱེལ་ག་རེ་ཡོད།
སྐད་ཡིག་ཚན་རིག་གི་ཐོག་ནས་ཁུངས་སྐྱེལ། དཔེ་ཁུངས་ལ་གཏུགས་ནས་ཁུངས་སྐྱེལ།
དང་པོ།
དེ་རིང་སང་ཉིན་གྱི་བོད་ཡིག་གི་དྲ་ཚིགས་དག་གི་བརྒྱ་ཆ་བརྒྱད་ཅུ་ཁྱེད་ཀྱི་རྩོམ་འདི་ལྟ་བུའི་རིགས་ཀྱིས་ཁེངས་ནས་ཡོད་གི། ཞིབ་འཇུག་དང་བརྟག་དཔྱད་ཀྱི་བློ་སྔོན་ལ་མ་བཏང་བར་སྐད་ཆ་བཤད་བཞིན་པ་འདི་རེད།
བཀའ་ཁྲིས་བོད་ཀྱི་སྐད་ཡིག་ལ་གཏོར་བཤིག་བཏང་འདུག་ན། དང་པོར་གཏོར་བཤིག་བཏང་བ་དེ་ཚོ་བསྒྲིགས། དེ་ཚོ་ཁུངས་སྐྱེལ་ལ་ཞོག གཏོར་བཤིག་བཏང་འདུག་ཟེར་བའི་སྒྲུབ་བྱེད་ལ་ཁུངས་སྐྱེལ་དེ་ཚོ་ཞོག དེ་འདྲ་ནི་རྩོམ་འདིའི་ཁོངས་སུ་མཐོང་རྒྱུ་མི་འདུག
གཉིས་པ།
གཏོར་བཤིག་བཏང་འདུག་ན། གཏོར་བཤིག་བཏང་འདུག་པ་དེ་ཚོ་ཁུངས་སྐྱེལ་དགོས་རེད། དབྱིན་ཇིའི་ཚིག་ལ་མགོ་གཏུགས་པ་ཙམ་གྱིས་གཏོར་བཤིག་བཏང་བ་རེད་ལབ་ན། དེ་རྒྱུ་མཚན་ལ་ཨེ་འགྲོ།
འོ་ན། རྒྱའི་སྐད་ཡིག་ལ་མགོ་གཏུགས་པ་དེ་ཚོ་གཏོར་བཤིག་མིན་པའི་ཁུངས་སྐྱེལ་ག་རེ་ཡོད། དེ་ཚོ་ཡང་མདུན་ལ་ཞོག་དང་། དེ་ནས་བགྲོ་གླེང་བྱས་ཆོག
གསུམ།
རྩོམ་འབྲི་དུས། བསམ་བློ་ཞིབ་ཚགས་པོ་བཏང་། ཞིབ་འཇུག་དང་བརྟག་དཔྱད་ཀྱི་བློ་སྔོན་ལ་བཏང་། རྒྱུ་མཚན་དང་གནས་ལུགས་དེ་ཚོ་བང་བསྒྲིགས། དེ་ནས་སོ་སོའི་སྐད་ཆ་ལ་ཁུངས་སྐྱེལ་ནས་འབྲི་རྒྱུ་ཧ་ཅང་གལ་ཆེན་རེད་འདོད།
བཞི།
དཔེར་བཞག་ན། ཁྱེད་ཀྱི་རྩོམ་འདིས་འདི་འདྲ་ཞིག་ལབ་ཀྱི་འདུག བསྟན་འཛིན་གྱིས་རྐུན་མ་བརྒྱབ་སོང་། ཟེར་བ་ལྟ་བུ་ཞིག་རེད།
བསྟན་འཛིན་གྱིས་རྐུན་མ་བརྒྱབ་ཡོད་ན། ག་དུས་བརྒྱབ་རེད། སུའི་ཅ་ལག་རྐུན་མ་བརྒྱབ་རེད། རྒྱག་ས་ག་བ་རེད། འདི་ཚོ་རེ་རེ་ཁུངས་སྐྱེལ་དགོས་རེད་མ་གཏོགས། རྐུན་མ་བརྒྱབ་སོང་ཟེར་བ་ཙམ་གྱིས་སུས་ཁྱེད་ཀྱི་སྐད་ཆ་དེ་བདེན་པར་འཛིན་གི་རེད།
ལྔ་།
ད་བསམ་ཚུལ་མང་པོ་བཤད་གི་མིན། དུས་ཚོད་ཀྱང་མང་པོ་མེད། ཁྱེད་ལ་རེ་སྐུལ་ཞུ་རྒྱུར། ཟམ་གདོང་རིན་པོ་ཆེས་བོད་ཀྱི་སྐད་ཡིག་ལ་གཏོར་བཤིག་བཏང་ཡོད་པའི་དཔེ་མཚོན་ལ། གཏོར་བཤིག་བཏང་ཟིན་པའི་བོད་ཡིག་གི་ཐ་སྙད་ཉི་ཤུ་ང་ཚོའི་མདུན་ལ་འཇོག་རོགས། གལ་སྲིད་ཐ་སྙད་ཉི་ཤུ་མི་རྙེད་ན། ཐ་སྙད་བཅུ་ང་ཚོའི་མདུན་ལ་ཞོག ཁྱེད་རང་ནས་ཁུངས་སྐྱེལ་དང་བཅས་ཐ་སྙད་བཅུ་ང་ཚོའི་མདུན་ལ་འཇོག་མ་ཐུབ་བར་དུ།
ངས་ནི་བགྲོ་གླེང་འདིའི་ཆ་ཤས་བསྐྱར་དུ་ལེན་གི་མིན། དེ་ཙམ་ཡིན།
ཤ་ཀླན་ལགས། ངས་རྩོམ་ཡིག་འདིར་བཀའ་ཁྲིའི་སྐོར་གླེང་དུས་ཁོང་གིས་ཅི་ཞིག་གི་སྲོལ་ཕྱེ་བ་བཤད་ཡོད། དེ་ནས་དེའི་ཤུགས་རྐྱེན་དང་། དེའི་རྗེས་འབྲང་པ་ཞེས་བཤད་ཡོད། དེ་ནས་དཔེ་མཚོན་རེ་ཟུང་ལ་འཛུབ་མོ་བཙུགས་ཡོད། ད་དེ་དག་ལ་འབྲེལ་བ་ཡོད་མེད་གསལ་བོ་མི་འདུག་གམ། ཉིད་ཀྱིས་བདག་གིས་བཙན་བྱོལ་ནང་གི་སྐད་ཡིག་གི་བྱས་ཉེས་ཚང་མ་བཀའ་ཁྲིའི་མགོ་ལ་འཇོག་གི་འདུག་ཟེར། སྐུ་ཉིད་ལ་གོ་བ་ལོག་པ་འདྲ། ངས་བཀའ་ཁྲི་མཆོག་གིས་ནོར་འཛོལ་ཞིག་ཀྱང་གནང་འདུག་ཅེས་བཤད་པ་ཡིན། ད་འོ་ན་སྐད་ཆ་ཞིག་འདི་ལྟར་བཤད། ཉེ་སྔོན་རྒྱ་ནག་སྲིད་གཞུང་གིས། ད་ནས་བཟུང་གསར་འགྱུར་གཙོ་བྱས་པའི་དྲིལ་བསྒྲགས་དང་གཞུང་གི་ཡིག་ཆ་སོགས་ཀྱི་ནང་ཕྱིའི་སྐད་ཡིག་ཚིག་གཅིག་ཀྱང་བསྲེས་སྤྱོད་མི་ཆོག་པའི་གཞུང་ཁྲིམས་བཟོས་སོང་། དེས་གནས་ཚུལ་ཅི་ཞིག་གསལ་བཤད་བྱེད་ཀྱི་འདུག འོ་ན་རྒྱ་ནག་སྲིད་གཞུང་ལྐུག་པ་རེད་དམ།
ད་དུང་སེམས་ལ་འབབ་པོ་ཞིག་མ་བྱུང་ན་ངས་བསྐྱར་དུ་རྩོམ་ཉོག་འདི་ལ་གསལ་བཤད་ཅིག་བྱེད་ཆོག འོན་ཀྱང་རྩོམ་ཉོག་འདི་ཡག་པོ་ཞིག་ཡིན་པས་དེ་ལྟར་བྱེད་ཟེར་བ་གཏན་ནས་མིན། དེ་གཅིག་ཡིན། གཞན་ད་ལྟ་བདག་ས་གནས་གཞན་ཞིག་ཏུ་འགྲོ་དགོས་པས་བྲེལ་བཞིན་ཡོད། ནངས་ཉིན་ཕྱིར་འཁོར་མཚམས་ལྷོད་ཀྱིས་ཁ་བརྡ་བྱེད་ཆོག རིག་འབྱུང་ལགས་ལ་ཡང་སྐད་ཆ་འདི་ཙམ་ཡིན། མང་བོ་བསྐྱར་དུ་བཤད་རྒྱུར་ཐང་ཆད་སོང་། གོ་ན་རྣ་བའི་བདུད་རྩི་ཡིན། མ་གོ་གླུ་ལ་བསྐྱར་ལེན་མེད་ཞུ་རྒྱུ་ཡིན།
བྲེལ་འཚབ་དབང་གིས་བཤད་ཆ་ཁ་ཤས་ཤིག་འཛོལ་འདུག ཕྱིར་འཁོར་རྗེས་གསལ་བཤད་ཞུ་ཆོག་པ་གནོངས།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ནས། གློག་ཀླད་ལ་དབྱིན་སྐད་ཀྱི་ཀམ་པུ་ཀྲར་ཟེར་བ་ལྟར་བཞག་པ་ཡིན་ན། དེ་འཚམ་པོ་འདུག་གསུངས་པ་དེ་དང་འགྲོག་ནས་བོད་གཞུང་ཀམ་པུ་ཀྲར་སྡེ་ཚན་ཟེར་ནས་གོ་རྒྱུ་དང་རིག་རྒྱུ་ཡོད་པ་ཡོངས་གྲགས་རེད། དེ་དག་ལ་སྤུན་ཟླ་དག་གིས་ག་རེ་བསམ་གྱི་ཡོད་ལགས། དེང་སང་བོད་ཕྱི་ནང་གཉིས་སུ་དྲ་ཐོག་གི་སྤུན་ཟླ་མི་ཉུང་བ་ཞིག་གིས་གློག་ཀླད་དང་རྩིས་འཁོར་གང་རུང་དུ་འབོད་ཀྱི་ཡོད་ཀྱང་། བོད་གཞུང་ཀམ་པུ་ཀྲར་སྡེ་ཚན་གྱི་མིང་དེ་རང་འཇག་བསྡད་ཡོད་པ་རེད་ལ། བོད་མི་མི་ཉུང་བ་ཞིག་གིས་ཁ་ན་ཡང་རང་འཇག་ཀམ་པུ་ཀྲར་ཟེར་གྱི་ཡོད་པ་རེད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བཙིར་སོང་ངོ། ཞར་དང་ཞོར་ལ་རྒྱུག་པ་ལེབ་བརྡུང་གིས་དྲྭ་གྲོགས་རྣམས་ལའང་བཀའ་སྐྱོན་འདུག གང་ལྟརབསྟན་འཛིན་ཤེས་རབ་ཁྱེད་ཀྱིས་ལན་མདོར་ཙམ་ཞིག་གང་མགྱོགས་གྲྭ་སྒྲིག་གནང་ཤོག་ཨ།
སྤྱིརབསྟན་ཤེར་གྱིས་མ་འགྲིག་པ་ཡོད་ཚད་བཀའ་ཁྲིས་གནང་ངོ་ཞེས་ནི་བྲིས་མིན་འདུག
དྲ་གྲོགས་ལྷན་རྒྱས་ལ་ཐོག་མར་དགོངས་དག་ཞུ་རྒྱུ་ཞིག་ལ་ཉིན་ཤས་རིང་དྲ་ཐོག་ཏུ་འོང་མ་ཐུབ་པར་དེ་རིང་འདིརརྩོམ་ཚང་མ་ཀློག་ཐུབ་མ་སོང་ཡང་། རེ་ཟུང་ཀློག་མཚམས་ནས་ང་རང་གི་བསམ་ཚུལ་ཞིག་འབྲི་འདོད་བྱུང། སྤྱིར་བཀའ་ཁྲི་མཆོག་ལ་ཐུགས་ཁག་ཡོད་མ་རེད་དེ། སྤྱིར་བཏང་ཁོང་བཀའ་ཁྲི་ཡིན་བཞིན་དུ་བཙན་བྱོལ་གྱི་སློབ་གྲྭ་ཁག་ཏུ་བོད་ཡིག་གི་མིང་ཙམ་ལས་རྨང་གཞི་བརྟན་པོ་ཞིག་འཛུགས་མ་ཐུབ་པ་དེ་ཁོང་གི་ནོར་འཁྲུལ་དུ་མི་བགྲང་ཀ་མེད་རེད། དེ་མིན་གསུང་བཤད་ནང་དབྱིན་སྐད་གཅིག་གཉིས་རེ་བསྲེས་བ་དེ་ལ་སྐྱོན་ཆེན་པོ་རང་མཐོང་གི་མི་འདུག་ གང་ཡིན་ཟེར་ན་བཙན་བྱོལ་ནང་བརྒྱ་ཆའི་བདུན་ཅུ་དང་། ལྷག་པར་སློབ་གྲྭ་ཁག་ལ་མཚོན་ན་བརྒྱ་ཆའི་གོ་ལྔ་ཡན་ཆད་ཀྱིས་བོད་ཡིག་ཡག་པོ་ཞིག་ཤེས་ཀྱི་མེད་སྟབས་ཁོང་ཚོར་བསྟུན་པ་གནང་པ་ཡིན་ཤས་ཆེ་སྙམ། དེ་ཙམ་ལ་སྐྱོན་མི་འདུག ང་ཚོས་གནད་ཆུང་ས་ཞིག་ནས་ཁ་རྩོད་མང་པོ་ཤོར་ནས་དགག་སྒྲབ་བྱེད་པ་ལ་ངལ་བའི་འབྲས་མེད་རེད། དེ་བས་ད་བར་བཀའ་ཁྲི་མཆོག་གིས་གཙོས་བོད་གཞུང་གི་ལས་བྱེད་ཡོང་ནས་བོད་ཡིག་ལ་མཐོང་མ་སྤྲད་པ་འདི་ལ་བསམ་བློ་བཏང་ས་མང་ཙམ་འདུག རྗེས་ཕྱོགས་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་འདོད་ཡོང་བར་ཕན་ཐོག་ཡོད་པའི་ཐབས་ལམ་ཞིག་དང་། གཞུང་ཞབས་ཚོས་བོད་ཡིག་དང་བོད་སྐད་མ་ཤེས་ན་ངོ་ཚ་འོང་བ་ཞིག་བཟོ་དགོས་ཀྱི་འདུག གང་ལྟར་ང་ཚོ་ཐུན་མོང་གིས་ཤུགས་རྒྱག་ས་དེ་བོད་ཀྱི་རིག་གཞུང་ཡིན་པ་དེ་ཀུན་གྱིས་ཤེས་པ་ཞིག་བཟོ་དགོས་ཀྱི་འདུག རྣམ་པ་ཚོས་མུ་མཐུད་དུ་དྲ་ངོས་འདིར་ལམ་སྟོན་ཡག་པོ་གནང་རོགས་ཞུ་
ལེགས་སོ། །ལེགས་སོ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ནོ། །
ངས་གོ་ནོར་ཐེབས་པ་མིན་ན་བཀའ་ཁྲི་ལགས་ལ་ནོར་འཁྲུལ་མེད་པ་ཞིག་ཡིན་སྙམས། གང་ཡིན་ཞེ་ན་ཚིག་ལ་གོ་རྒྱུ་ཟབ་པ་དང་ལེགས་པ་ཞིག་ཡོད་ན་འགྱུར་བ་བཏང་ནའང་འགྲིགས། སྔར་རྒྱལ་པོ་ཁྲི་རལ་གྱི་དུས་སུ་ཡང་འགྱུར་བ་མང་དག་ཞིག་བཏང་པའི་ལོ་རྒྱུས་ཡོད། འོ་ན་དེ་དག་ཀྱང་ནོར་བུ་ཁས་ལེན་ནུས་སམ། བྱུང་རབས་ད་ལོ་རྒྱུས་ལ་རྨོངས་པའི་གསར་བུ་བ་ཁྱོད། མི་ཤེས་པ་དག་སྨྲ་བ་ཉུང་ན་མཛེས་ལོ།
སྐུ་ཞབས་བསྟན་འཛིན་ཤེས་རབ་ལགས།
བཀའ་ཁྲི་མཆོག་ལ་ལེགས་སོའི་བསྔགས་བརྗོད་ལས་སྐྱོན་དང་ནོར་འཁྲུལ་མེད། ཚིག་རེ་ཟུང་དོན་ཟབ་པ་དང་རྒྱ་ཆེ་རུ་གོ་ཐུབ་ཚེ་བསྒྱུར་ནའང་འགྲིགས། སྔོན་མངའ་བདག་ཁྲི་རལ་སྐབས་ཀྱང་མང་དག་ཞིག་བཅོས་ཡོད་པ་དང་། ཁྲི་སྲོང་སྐབས་ཀྱང་བཅོས་ཡོད་པ་སྨོས་མ་དགོས་པ་ཞིག་ཡིན། དེས་ན་བཅོས་མི་ཆོག་པ་གང་ཡང་མིན།
ཁྱོད་རང་གུ་དོགས་པ་གནང་དགོས་དོན་མེད་ལ། མི་ཤེས་པ་དག་སྨྲ་བ་ཉུང་ན་མཛེས་ལོ། སྤྱི་ཡོངས་ནས་བཤད་ན་འཛམ་གླིང་ནང་སྐད་ཡིག་ཅི་ཙམ་ཡོད་པ་ཐམས་ཅད་ས་བོན་ནས་མྱུ་གུ་འགོ་འབུས་ཤིང་། དེ་ནས་རིམ་བཞིན་ལྗང་བུ་དང་། ལོ་མ། སྡོང་པོ། མེ་ཏོག འབྲས་བུ་བཅས་རིམ་པས་ཡར་རྒྱས་དང་གོང་འཕེལ་ཕྱིན་པ་ཞིག་ཡིན་པ་ཤེས་དགོས་ལ། ང་ཚོའི་སྐད་ཡིག་ལའང་ཞན་ཆ་ཡོད་པ་སྨོས་མི་དགོས།
རྩམ་གཟན་གྱིས་གསུང་བར་རྒྱབ་སྐྱོར་ཡོད་མོད། འོན་ཀྱང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཆ་ཚང་ཞུ་ཐུབ་ཐབས་མི་འདུག གང་ཡིན་ཟེར་ན་བཀའ་ཁྲི་མཆོག་ལ་ནོར་འཁྲུལ་མེད་ཅེས་ཚིག་ཐག་བཅད་པ་དེ་ནོར་འཁྲུལ་ཞིག་ཏུ་མཐོང་སོང་། ད་བར་སློབ་གྲྭ་ཁག་ཏུ་བོད་ཡིག་ཡར་རྒྱས་ཕར་བཞག་དོ་སྣང་ཙམ་ཡང་མེད་པར་ལུས་པ་དེ་གཞུང་གི་སྟངས་འཛིན་མ་ཡོང་བ་དེ་དངོས་ཡོད་གནས་ཚོད་རེད། དེ་བཀའ་ཁྲི་མཆོག་ལ་འགན་དབང་ཆ་ཚང་ཡོད་པ་རེད། ད་སྐབས་ཀྱང་བཙན་བྱོལ་གཞུང་གི་ནང་ན་བོད་ཡིག་བཀོལ་སྤྱོད་མེད་པ་དང་། ལྷག་པར་གསར་འབྱོར་བ་ཞིག་ཕེབས་མ་ཐག་བོད་ཡིག་བཀོལ་སྤྱོད་མེད་པ་མཐོང་བས་སེམས་པ་ཐང་ཆད་པའི་ལོ་རྒྱུས་མང་པོ་བཤད་རྒྱུ་ཡོད་རེད། ད་སྐབས་སློབ་གྲྭ་ཁག་ཏུ་བོད་ཡིག་ཟུར་སྦྱོང་ལྟ་བུར་རྩིས་པ་ལས་སློབ་ཚན་དངོས་ལྟ་བུར་མཐོང་གི་མེད་པ་དེ་ཡང་བཀའ་ཁྲིས་མ་མཁྱེན་པ་རེད་དམ། མཁྱེན་བཞིན་དུ་མ་སྒྱུར་བ་རེད། དེ་དང་དེ་ལྟ་བུའི་ནོར་འཁྲུལ་གྱི་རིགས་མང་པོ་ཡོད་རེད།ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ ང་ཚོས་དྲ་ངོས་འདིར་མི་ཞིག་གི་སྐྱོན་ཁོ་ན་འཚོལ་བ་མ་ཡིན་པར་ཡོན་ཏན་ཡང་གླེང་དགོས་ཀྱི་ཡོད་པས། ཁོང་གི་མི་ཚེའི་ནང་འདོད་ཆུང་ཆོག་ཤེས་དགེ་སློང་ཚད་ལྡན་ཞིག་གིས་མི་ཚེ་བསྐྱལ་བ་དེ་ང་ཚོས་ངོམས་ཆོག་པ་ཞིག་རེད། ལྷག་པར་དུ་གནད་འགག་སྐབས་གཏམ་བཤད་ཡན་ཆད་ནས་ང་ཚོས་ངོམ་ཆོག་པ་ཞིག་ཡོད་པས་བོད་མི་མང་གིས་ཡང་བསྐྱར་བཀའ་ཁྲིའི་འོས་ཤོག་ཐོབ་པ་དེ་ཞུ་མ་དགོས་པ་ཞིག་རེད། ཡིན་ན་ཡང་སྨྱུག་འཛིན་པ་ཚོས་དྲང་བདེན་གྱི་ལམ་ཁ་ཞིག་འདེམས་དགོས་པ་དེ་གནད་འགག་ཞིག་ཏུ་མཐོང་སོང། ཁ་ནས་དྲང་བདེན་དང་དོན་གྱིས་ཕྱོགས་ཞེན་གྱི་སྒང་ལ་སོང་བ་ཡིན་ན་ཉེ་སྔོན་ཚོགས་ཟིན་པའི་སྤྱི་འཐུས་ཀྱི་ཚོགས་འདུ་ལྟ་བུ་རེད། འཛམ་གླིང་ནང་བཙན་བྱོལ་སྤྱི་ཚོགས་ནང་རྙོག་དྲ་རྙིང་བ་གླེང་ཡོང་གི་འདུག་ཅེས་བོད་ནས་ཞལ་པར་ལམ་ནས་གསུང་བསྡད་པ་ལྟ་བུ་རེད། མདོར་ན་ང་ཚོས་ནོར་འཁྲུལ་བསྒྱུར་བཅོས་ཡོང་ཆེད་འབད་བརྩོན་གནང་དགོས་པ་དེ་གལ་ཆེན་པོ་རེད་སྙམ།
བཀའ་ཁྲི་ལ་ཉེས་པ་མེད། གལ་སྲིད་བཀའ་ཁྲི་ལ་ཉེས་པ་ཡོད་ན། མངའ་བདག་ཁྲི་རལ་སོགས་སྔོན་བྱོན་མེས་པོ་ཚང་མ་སྐྱོན་ཅན་རེད། སྐད་གང་ཡིན་རུང་ཚིག་ལ་དོན་ཟབ་པ་དང་རྒྱ་ཆེ་རུ་བཏང་རྒྱུ་ཡོད་ན་བསྒྱུར་བཅོས་བཏང་ཆོག་པ་ཞིག་རེད། གོ་སོང་ངམ
ཡང་མི་ཆུང་ངས་ཚིག་ཁ་ཤས་ཤིག་བཤད་དགོས་བྱུང་སོང་།
ཡ་་གལ་སྲིད་བཀའ་ཁྲི་ལ་ཉེས་པ་ཡོད་ན། མངའ་བདག་ཁྲི་རལ་སོགས་སྔོན་བྱུང་མེས་པོ་ཚང་མ་སྐྱོན་ཅན་རེད་ཟེར་་་་་་་་་་་་རྒྱུ་མཚན་གང་གིས་ཡིན་ནམ་་་་་ད་ལྟའི་བཀའ་ཁྲི་ལ་ཉེས་པ་མེད་པའི་སྒྲུབ་བྱེད་ལ་ཁྲི་རལ་སོགས་དྲུད་ནས་ཡོང་དགོས་དོན་ཨེ་ཡོད་ལགས་་་་དྲིན་ཆེན་པོ། བསམ་བློ་ཡག་པོ་ཞིག་ཐོངས་་་་་་ད་ལྟའི་བཀའ་ཁྲི་ལ་ཉེས་པ་མེད་པ་སུས་ཀྱང་ཁས་ལན་ཐུབ་ཀྱིན་མ་རེད་ལ་གལ་ཏེ་ཁས་བླངས་རུང་ནོར་བ་རེད། ཆུ་ཚོད་རེ་ཡོད་ན་་་རང་ཉིད་ཀྱི་ཉེ་འཁོར་ན་ཡོད་པའི་སློབ་གྲྭ་ཁག་ལ་ཕེབས་ཏེ་ཡག་པོ་ལྟོས་དང་།ལག་འཁྱེར་ཆེན་པོ་ཡོད་པའི་སློབ་དགེ་མི་ཉུང་བ་ཞིག་ལ་དགེ་རྒན་གྱི་ཆུ་ཚད་ཡོད་མེད་གསལ་བོ་མཐོང་ཡོང་། འཕྲིན་ཡིག་ཙམ་འབྲི་མི་ཤེས་པའི་དགེ་རྒན་དེ་དག་གིས་གཞན་གྱི་ས་མིག་ག་ཚད་བཀག་འདུག འདི་དང་འདི་འདྲ་བའི་ཤེས་ཡོན་མེད་མཁན་གཞུང་གི་ལས་ཁུངས་སོགས་ན་གང་མི་འདུག་གམ། འདི་དག་ཚང་མ་ད་ལྟའི་བཀའ་ཁྲིའི་དངོས་ནས་མ་ཡོང་བ་རེད་དམ་ཁྲི་རལ་སོགས་ཀྱི་དངོས་ནས་མ་ཡོང་བ་རེད།
ཡ་རྩམ་དགའ་ལགས། བསྟན་འཛིན་ཤེས་རབ་ཀྱིས་གསུངས་དོན་ལ། བཀའ་ཁྲི་མཆོག་ནས་དམངས་གཙོའི་ཚབ་ཏུ་མང་གཙོ་ལབ་དགོས་པ་སོགས་མིང་ཚིག་བསྒྱུར་བ་བཏང་ཡ་དང་། ཚིག་ཁ་ཤས་དབྱིན་ཡིག་ཐོག་ནས་རེད་མ་གཏོགས་བོད་ཡིག་ནས་ནང་དོན་ཇི་བཞིན་ཤོད་མི་ཐུབ་པའི་ཚུལ་བཤད་པ་ལ་སྐྱོན་བརྗོད་པ་རེད། ངས་དེ་ལ་ནོར་འཁྲུལ་མེད་ཚུལ་ཙམ་ལས་སྤྱིར་བཏང་བཀའ་ཁྲི་སྐྱེས་ནས་ད་བར་ནོར་འཁྲུལ་གཅིག་ཀྱང་ཤོར་མེད་པའི་དམ་བཅའ་མེད། དེས་ན་ད་ལན་བཀའ་ཁྲི་ལ་སྐྱོན་མེད་པའི་དམ་བཅའ་ཡང་སྐབས་ཐོབ་ལ་གོ་དགོས། སན་དྷ་པའི་བརྡ་ཙམ་ཡང་མ་ངེས་པའི་གསར་བུ་བ་ཤ་ཚ། སྙིང་རྗེ། འོན་ཀྱང་བོད་ཡིག་ལ་དོ་སྣང་བྱེད་ནས་ཁ་བརྡ་ནང་ཞུགས་པ་ལ་རྗེས་སུ་ཡི་རང་ཡོད་ལོ། ངས་བཤད་ཡ་ལ་ད་དུང་ཡང་ཀྱི་སྐད་ཡིག་ལ་སྐྱོན་ཆ་ཡོད་སྲིད་པས་མེས་པོ་ཚོས་རིམ་པས་བསྒྱུར་བཅོས་བཏང་གནང་པ་བཞིན་རྒྱུ་མཚན་དང་དགེ་ཕན་ཡོད་ན་ད་དུང་ཡང་འགྱུར་བ་གཏོང་རིགས་པ་འདོད། ད་དུང་དེང་སང་ཚན་རྩལ་རིགས་པས་གསར་བཟོས་རིགས་ཀྱི་དངོས་པོ་མང་དག་ཞིག་ལ་ཐད་ཀར་དངོས་པོ་ཁོ་རང་གི་རང་བཞིན་དང་བྱེད་ལས་གང་ཡིན་པ་དེ། བོད་ཀྱི་སྐད་ཡིག་ནང་བེད་སྤྱོད་བཏང་ཆོག་ཆོག་གི་ཐ་སྙད་ཉན་མཁན་དང་ཤོད་མཁན་གཉིས་ཀའི་རྣ་བ་བྱང་ཟིན་པ་ཞིག་མེད་དུས་དབྱིན་ཡིག་སོགས་མ་བྱེད་ཀ་མེད་ཡོང་སྲིད། ཁྱོད་རང་བཤད་འདོད་ན་བཀའ་ཁྲི་ལ་མ་ཉེས་ཁག་གཡོག་བྱས་པ་ལས་བོད་ནས་བཟོས་པའི་མིང་ཚིག་གསར་པའི་དེབ་ལ་སྦྱོང་བརྩོན་བྱེད་ན་ལེགས། གོ་ཨེ་སོང། ཕ་ཡི་བུ།
ཡ་་་་་རྩམ་གཟན་ལགས།
ཁྱེད་ཀྱི་སྐད་ཆ་འདི་གོང་གི་ངའི་མཆན་བུ་དེའི་ཐད་ལ་ཡག་པོ་ཞིག་སོང་མི་འདུག་མོད་་་་་འོན་ཀྱང་སྣང་མེད་དུ་མ་བཞག་པར་ལན་ཙམ་བྲིས་གནང་བར་ཐུགས་རྗེ་ཆེ་ལོ།
འོ་རྩམ་དགའ། ད་སྐུབ་སྟེགས་སྟེང་ཧོར་འདུག་བྱས་ནས་རྩམ་པ་ལ་དགའ་ཚོད་འདུག་པས་རྩམ་པ་འདྲ་འགམ་ནས་སྡོད་ལོ། དེ་སྔོན་མང་པོ་ཞུ་མྱོངས། མི་ཤེས་པ་དག་སྨྲ་བ་ཉུང་ན་མཛེས། སྤྱིར་བཀའ་ཁྲི་ལ་སྐྱོན་ཆ་མང་པོ་ཡོད་པ་ང་རང་ཡང་འདོད། འོན་དང་ད་ལྟའི་བརྗོད་བྱ་ཁག་ཁག་རེད་ལོ། གཟིམས་འཇམ་གནང་།
སྐད་ཡིག་ཉམས་རྒུད་དུ་གཏོང་ན་མིང་ཚིག་བསྲེས་ལྷད་དང་ཐ་སྙད་འཁྱོག་བཟོ་བྱེད་དགོས་པ་དེ་བཞིན་དུ་སྐད་ཡིག་ཕྱུག་འགྱུར་དང་འཕེལ་རྒྱས་སུ་གཏོང་དགོས་ན་མིང་ཚིག་གསར་བཟོ་དང་ཐ་སྙད་གཅིག་གྱུར་བྱེད་དགོས་པ་དེ་ཡིན། ཡིན་ན་ཡང་རང་སྣང་གང་དྲན་དང་ལག་ལ་གང་ཡོང་བྱས་ཚེ་སྐད་ཡིག་གི་རང་གཤིས་དང་མི་མཐུན་པར་མ་ཟད། ཡིག་ཐོག་ཏུ་འབྲི་སྟབས་མི་བདེ་ཞིང་སྨྲ་ལྕེ་ལ་འབྱོར་ཐབས་མེད་པའི་གནས་སྟངས་ལྷག་ངེས་ཡིན་པས། དེ་འདྲ་བའི་ཐ་སྙད་ནི་ང་ཚོར་མེད་ན་བཟང་བ་རེད།
ད་བསྐྱར་དུ་གསལ་བཤད་ཅིག་འབྲི་གི་ཡོད།
སྤྱིར་གང་ལ་ཡིན་ནའང་ཐོས་པ་དང་བསམ་པ་གཉིས་ལྷན་དུ་དགོས་པ་ནི་ཧ་ཅང་གལ་ཆེ།་རྩོམ་ཡིག་ནང་དུ་ཤེས་རབ་ལགས་ཀྱི་བྲིས་པ་དག་ནི་ས་ཕུག་ཁ་བྱང་དུ་ལྟ་བ་བཞིན་དུ་རེད་འདུག་་་རླངས་འཁོར་ཞེས་པའི་མིང་དེ་སྣུམ་འཁོར་དུ་བསྒྱུར་ཐུབ་པ་དེ་ནི་དུས་ལ་གཞིགས་ཏེ་ཡར་རྒྱས་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་ཞུ།་༸རྗེ་བླ་མ་བཀའ་དྲིན་ཅན་དེས་བོད་མི་རིགས་ཀྱི་སླད་དུ་རང་དོན་དོར་བ་གནང་སྟེ་རླབས་ཆེན་གྱི་མཛད་པ་ན་རིམ་དུ་བརྐྱང་ཡོད་ལ།་ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་ཐད་ལ་ཕྱག་རྗེས་ཆེན་པོ་བྱིན་ཡོད།་་་རྣམ་པ་ཚོས་སྣང་ངོར་ཡོད་པའི་མེས་པོའི་དཔེ་སྟོན་སློབ་གྲྭ་དེ་ནི་དཔེ་མཚོན་ཞིག་དང་བོད་གཞུང་གི་གསལ་བསྒྲགས་ཁག་བོད་ཡིག་ནང་དུ་གཟིགས་རྒྱུ་ཡོད་པ་དེ་སུའུ་བཀའ་དྲིན་ཡིན་ནམ།་་་ཤེས་རབ་ལགས་སམ་ཡང་ན་ལོ་ལོན་ལགས་ཀྱི་བཀའ་དྲིན་ཨེ་ཡིན།་་་ང་ཚོའི་ཁ་རྒྱུན་དུ་རྔ་ལ་དཔགས་ཏེ་འཆམ་ཞེས་པ་བཞིན་རིན་པོ་ཆེས་དབྱིན་སྐད་དག་བེད་སྤྱད་གནང་བར་བདག་གིས་ངོས་འཛིན་ཞུ་གིན་ཡོད།་་་སྤྱི་ཡོངས་སུ་དམངས་གཙོ་དང་ང་ཚོར་མང་གཙོ་ཞེས་པ་ནི་བོད་ཡིག་གི་གཟི་བརྗིད་རེད་དྲན།་་་དམངས་གཙོ་དང་མང་གཙོ་ཞེས་གཉིས་སུ་དབྱེ་བ་ནི་ཆབ་སྲིད་ཀྱི་སྒྱུ་རྩལ་ཞིག་རེད།་་་མང་གཙོ་དམངས་གཙོ་རེད།་་་དམངས་གཙོ་མང་གཙོ་མ་རེད།་་་་དེ་ནི་མུ་གསུམ་རེད།་་་་མདོར་ན་བཀའ་ཁྲི་རིན་པོ་ཆེས་གསུངས་པ་དང་བཅོས་བསྒྱུར་མཛད་པ་དག་ནི་ཡངས་ལ་གཏིང་ཟབ་པ་ཡིན་འདུག་པས་གང་བྱུང་མགོ་མི་ཚོད་པར་ར་མགོ་ལུག་སྦྱར་བཞིན་དུ་མ་གནང་བའི་རེ་བ་ཞུ།།།
རྩོམ་ཡིག་དང་མཆན་ནང་ཅི་ཞིག་འཆད་བཞིན་པ་མི་གོ་ན་ཁ་ཁར་བཞུགས་རོགས། འབྲེལ་མེད་དགོས་མེད་ཀྱི་རྙོག་གཏམ་དཀྲུགས་ཤིང་དང་གཞི་མེད་བསྙོན་འཛུགས་དེའི་རིགས་མ་བྱས་ན་ཡག་གི་རེད། བསྟན་འགྲོའི་ཁུར་ཆེན་བཏེགས་པའི་མཁས་བཙུན་བཟང་གསུམ་གྱི་སྐྱེས་ཆེན་དམ་པ་ལ་བསྐུར་འདེབས་བྱས་ན་རྡོ་རྗེ་དམྱལ་བར་ལྟུང་བའི་རྒྱུ་རུ་འགྲོ་གི་རེད། ང་ལ་དེ་འདྲའི་ལས་བསག་གི་འཇུག་རྒྱུའི་རྐྱེན་ཞིག་འདིར་འཇོག་འདོད་མེད།
མི་རིགས་གང་དང་གང་ཡིན་རུང་རང་ཉིད་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིནཔའི་རང་གཤིས་རེ་ཡོད་པ་བཞིན་དུ། མི་རིགས་གང་གི་ཡིན་རུང་སྐད་ཡིག་ལ་ཡང་རང་ཉིད་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རང་གཤིས་རེ་ཡོད་པ་ཡིན། ངས་འདིར་བརྗོད་འདོད་པ་ཞིག་ནི། མིང་ཚིག་གི་འགྲོས་སྨྲ་བརྗོད་དམ་སྐད་ཆའི་དབྱངས་འགྲོས་དང་མཐུན་བབ་ཆེ་ཞིང་སྐད་ཆའི་གོམས་སྲོལ་དང་ཤ་འདྲེས་རུས་འདྲེར་ཡོད་པ་ཞིག་ལ་སྐད་ཡིག་གི་རང་གཤིས་ཟེར། ང་ཚོས་སྐད་ཆ་ཅི་ཞིག་བཤད་ཀྱང་ཆོག མིང་ཚིག་བསྲེས་ལྷད་ཀྱིས་མ་སྦགས་པ་གང་ཞིག་ལ། ཁ་ལ་བདེ་ཞིང་ལྕེ་ལ་འདྲིས་པ་དང་། སྔར་ནས་བརྡ་སྤྲོད་ཀྱི་གཞུང་དང་མཁས་པས་བརྩམས་པའི་བསྟན་བཅོས་སོགས་ལས་རྒྱུན་ཆགས་སུ་བཀོལ་ཞིང་། དམངས་ཁྲོད་ཀྱི་ངག་སྒོ་ལ་གོམས་པར་མ་ཟད། གདངས་ཀྱི་རང་བཞིན་དང་སྐབས་དོན་སྟོན་པའི་ནུས་ཁྱད་སོགས་ལ། མི་དམངས་ཀྱི་འཚོ་བར་འདྲེས་གཤིབ་ཟབ་པའི་སྐད་ཡིག་མཁན་པོ་མང་བོས་ཞིབ་འཇུག་ཡང་དག་གིས་གཏན་ལ་ཕབ་ཅིང་ཚིག་མཛོད་དུ་བསྒྲིགས་ཟིན་པ་དག་བཀོལ་ཚེ་སྐད་གཤིས་དང་འཕྲོད་བབ་ཆེ་ལ། སྐད་ཡིག་ཆིག་སྒྲིལ་དང་ཡར་རྒྱས་ལ་ཕན་པར་མ་ཟད། མི་སུ་ཞིག་གིས་བཀླགས་པ་དང་གོ་ཐོས་བྱུང་རུང་དེས་ཅི་ཞིག་སྟོན་གྱི་ཡོད་མེད་ལ་སོམ་ཉི་དང་གོ་ལོག་མི་ཐེབས་པར་མ་ཟད། སྐད་ཡིག་གསར་སློབ་པ་དག་ལ་མཚོན་ན་ཡང་ཕན་ཆེ་བ་ཡིན། ལྷག་དོན་ད་ལྟའི་རང་རེའི་སྤྱི་ཚོགས་ནང་གི་གཞོན་སྐྱེས་ཚོས་བོད་ཡིག་སློབ་རྒྱུར་མགོ་ན་བཞིན་པའི་ངང་ཚུལ་འདི་བསྒྱུར་བར་ཡང་ཕན་ངེས་ཡིན།
བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྐད་གཤིས་ཀྱིས་ཕྱུར་བུས་ཕྱུག་པའི་སྔར་ཡོད་མིང་ཚིག་རླབས་ཆེན་མང་བོར་བྱུང་རྒྱལ་དུབཟོ་བཅོས་དང་ཟུར་འདེད་འབུད་རྒྱག་བྱེད་པ་དང་། གཞན་སྐད་ཀྱི་བསྲེས་ལྷད་བརྒྱབ་སྟེ་སྐད་ཡིག་ལ་རང་སྣང་གང་དྲན་བྱེད་པ་ནི་སྐད་ཡིག་ལ་གཏོར་བཤིག་གཏོང་བ་རང་རེད། གོ་དོན་ལྷག་པོ་ཅང་སྟོན་རྒྱུ་མེད་ཁར། དགོས་པ་དམིགས་བསལ་བ་ཅི་ཡང་མེད་པར་སྐད་ཡིག་ལ་བཟོ་བཅོས་དང་བསྲེས་ལྷད་རྒྱག་གིན་བསྡད་ན་སྐད་ཡིག་ཁ་འཐོར་དུ་འགྲོ་བའི་ཉེན་ཆེ་བ་ཡིན། དཔེ་ཚོན་ཙམ་བཤད་ན། གློག་ཀླད་ལྟ་བུ་རེད། བོད་ནང་གི་བོད་མི་ཤེས་ཡོན་ཅན་རྣམ་པས་ཞིབ་འཇུག་མཐིལ་ཕྱིན་དང་འཚོ་བར་ཟབ་ཞུགས་ཀྱིས་གཏན་ལ་ཕབ་པའི་ཐ་སྙད་ཅིག་རེད། ཐ་སྙད་དེ་ལྟ་བུར་མཚོན་ན་བོད་མིའི་སྐད་ཡིག་གི་རང་གཤིས་དང་མཐུན་པར་མ་ཟད་གོ་དོན་ཐད་ཀར་སྟོན་ཐུབ་པ་དང་སྤྱི་ཚོགས་ཀྱི་ངག་སྒོ་ལ་འདྲིས་སླ་བ་ཞིག་རེད། འོན་ཀྱང་རང་རེའི་སྤྱི་ཚོགས་ནང་། ཐ་སྙད་དེ་ནི་རྒྱ་སྐད་ལས་ཐད་བསྒྱུར་བྱས་པ་ཞིག་ཡིན་པས་རང་རེས་བཀོལ་སྤྱོད་བྱས་ན་མི་འགྲིག དེ་ལས་དབྱིན་ཇིའི་སྐད་དུ་ཀམ་པྰུ་ཊར་ཟེར་གྱི་ཡོད་པས་རང་རེ་རྣམས་དེ་ལྟར་འབོད་དགོས་པ་རེད་གསུངས། དེར་བསྟུན་ནས་མི་རྣམས་ཀྱིས་རང་རང་ས་ནས་མཁས་རྟགས་སྟོན་འདོད་ཀྱིས་ཐ་སྙད་རེ་བཟོ་འགོ་བརྩམས། ལ་ལས་གློག་རྩིས་འཕྲུལ་འཁོར་ཟེར། ལ་ལས་གློག་འཕྲུལ་ཡིག་བཏགས་ཟེར། ལ་ལས་གློག་ཀླད་འཕྲུལ་ཆས་ཟེར། དེ་ལྟར་གློག་འཕྲུལ་ཡིག་སྒམ། རིག་མཛོད། རྩིས་འཁོར། རྩིས་འཁོར་ཡིག་སྒམ་སོགས་སུ་བཏགས་བྱུང་། ཐ་ན་ཀམ་པྰུ་ཊར་ཞེས་པའི་དབྱིན་ཇིའི་སྒྲ་སོར་བཞག་གི་ཐ་སྙད་དེ་ལ་ཡང་གཏན་ཁེལ་ཞིག་མེད་དེ། ཁམ་པུའོ་ཐྲིར་དང་། ཀམ་པུ་ཀྲར། ཁམ་པོའི་དྲར། ཁམ་པུ་ཊར་་སོགས་རང་རང་ས་ནས་གང་དྲན་རེ་བཏགས་ཏེ་སྤྱི་ཚོགས་ཁྲོད་བརྡལ་བྱུང་བས། མི་རྣམས་བོད་སྐད་ཡིག་ལ་མགོ་ཉོག་པར་གྱུར། ཀློག་རྒྱུར་མགོ་ན། ཐ་ན་ཞེན་ཁ་ཡང་ལོག་པའི་གནས་སུ་གྱུར། གཞན་ཡང་གཙུག་ལག་རེད། སྔོན་བྱོན་ཡབ་མེས་དམ་པ་རྣམ་པས་གསར་བཟོ་ཡིས་གཏན་ལ་ཕབ་རྗེས། མི་རབས་ནས་མི་རབས་བར་བརྒྱུད་ནས་ཡོང་བ་དང་། གསུང་རབ་དང་བསྟན་བཅོས་རྣམས་ལས་རླབས་ཆེན་པོས་བཀོལ་བ་རེད། འོན་ཀྱང་ཐ་སྙད་དེས་དོན་ཇི་བཞིན་དུ་སྟོན་མི་ཐུབ་པར་མི་རྣམས་མགོ་ཉོག་ཅིང་གོ་ལོག་ཐེབས་འཇུག་པའི་དཀའ་རྙོག་དང་ཞན་ཆ་ཅི་ཡང་མེད་པ་མ་ཟད། དོན་གྱི་ཟབ་རྒྱས་དང་ཚིག་གི་ནུས་ཁྱད་སོགས་ཁྱད་དུ་འཕགས་པ་ཞིག་ཡིན། འོན་ཀྱང་ཐ་སྙད་དེ་ལ་ཡང་བཟོ་བཅོས་གནང་བྱུང་། དེ་ལ་གཙུག་ལག་མ་རེད་ལེགས་བྱང་རེད་གསུངས། དེ་ནི་ལེགས་སྦྱར་དང་དབྱིན་ཇིའི་སྐད་དུ་ཅི་ཞིག་ཟེར་འདུག་པས་དེ་ལྟར་འབོད་དགོས་རེད་གསུངས། མཁས་པས་འཆུག་ན་འདོམ་གང་ཟེར་བ་ཅི་མ་བདེན། གནང་སྟངས་དེ་དང་སྐད་བརྡའི་ཁྲོད་བསྲེས་ལྷད་འཇུག་པའི་ཤུགས་རྐྱེན་དེ་སྤྱི་ཚོགས་ཁྲོད་ཤུགས་ཆེན་པོས་ཁྱབ་པར་གྱུར། ད་ཆ་སྤྱི་ཚོགས་ཁྲོད་མི་རྣམས་ཀྱིས་སྔར་ནས་ཡོད་ཅིང་གཏན་ཁེལ་བའི་ཅ་དངོས་རྣམས་ཀྱི་ཐ་སྙད་ལ་རང་རང་ས་ནས་སྣང་བར་གང་དྲན་གྱིས་བཟོ་བཅོས་རེ་བྱེད་བཞིན་ཡོད། མེ་ལོང་ངམ་ངོ་ལྟ་ལ་ངོ་ཤེལ་དང་གདོང་ཤེལ་ཟེར་ལ། གནམ་གྲུ་ལ་བྱ་གྲུ་དང་། ལག་འཁྱེར་ཁ་པར་ལ་ལག་ཐོགས་ཁ་པར་དང་ལག་འཕྲིན་སོགས་སུ་བཅོས། དེ་བཞིན་དུ་སྐད་ཡིག་བསྲེས་ལྷད་ཀྱི་ཕྱོགས་ལ་གོམ་སྟོབས་ཆེན་པོས་སྤོ་ཞིང་། ཐ་ན་སྤྱི་ཚོགས་ཁྲོད་ཀྱི་ཤེས་ཡོན་ཅན་དང་རྩོམ་པ་པོ་ཡིན་ཟེར་མཁན་རེ་འགས་རྩོམ་ཡིག་ཀྱང་བསྲེས་ལྷད་ཀྱིས་བྲིས་ཏེ་སྐད་ཆ་བདེ་བདེ་རེ་བཤད་བཞིན་ཡོད་ལ། ད་དུང་དེ་ལྟར་འབྲི་བ་ནི་རང་ཉིད་ཀྱི་གཟི་བརྗིད་ཅིག་དང་མཁས་རྟགས་ཤིག་བསྟན་པར་སྙམ་བཞིན་ཡོད། འདི་ལྟར་རང་སྣང་གང་དྲན་གྱི་ཐ་སྙད་དང་བསྲེས་ལྷད་ཀྱི་རྡོ་རུབ་འདིས་རང་རེའི་སྐད་ཡིག་འདི་ཁ་འཐོར་དགུ་འཐོར་དུ་བཏང་སྟེ་རྔ་ལམ་དུ་རྫོང་བར་གྲབས་བྱེད་པ་རེད།
སྤྱིར་ཐ་སྙད་གསར་བཟོ་དང་མིང་ཚིག་བོད་བསྒྱུར་ངེས་པར་དུ་བྱེད་དགོས་པ་ཞིག་རེད། དེ་ལྟར་བྱས་ཏེ་སྐད་ཡིག་འཕེལ་རྒྱས་ཀྱི་ཕོགས་སུ་བསྐྱོད་དགོས། འོན་ཀྱང་དོན་གྱི་འབབ་ས་གཅིག་ཅིང་དགོས་པ་རྒྱུ་མཚན་ལྷག་པོ་ཅང་མེད་ན། སྔར་ནས་གཏན་ལ་ཕབ་ཅིང་སྤྱི་ཚོགས་ཁྲོད་གོམས་འདྲིས་སུ་སོང་ཟིན་པའི་མིང་ཚིག་དག་བཀོལ་ན་ལེགས་པ་ལས། རིག་གཞུང་ལ་རིགས་གཞུང་ཟེར་བ་ལྟ་བུའི་མཚོན་ཐ་སྙད་རླབས་ཆེན་དེ་ཚོར་རྣམ་པ་སྣ་ཚོགས་ཤིག་བཟོས་བསྡད་ན་གཅིག་ནས་སྐད་ཡིག་གཅིག་གྱུར་ལ་གནོད་པ་དང་། གཉིས་སུ་སྐད་ཡིག་གོམས་འདྲིས་ལ་གནོད། གསུམ་ནས་སྐད་ཡིག་མགོ་ཉོག་ཅན་དུ་འགྱུར་འགྲོ། ཐ་ན་སྐད་ཡིག་གསར་སློབ་བྱེད་བཞིན་པ་ཞིག་ཡིན་ན་ཡང་དཀའ་ངལ་འཐོལ་བ་ཞིག་དུ་འགྱུར་འགྲོ་བས། ང་ཚོས་དཀའ་མོ་དེ་སླ་མོར་བསྒྱུར་མ་ཐུབ་རུང་སླ་བ་དེ་དཀའ་བར་བསྒྱུར་དོན་མེད། དེས་ན་རིག་གཞུང་ལྟ་བུ་ལ་མཚོན་ན་རང་རེའི་ཡབ་མེས་རྣམ་པས་དཔྱད་ཞིབ་ཡང་དག་གིས་གཏན་ལ་ཕབ་ཅིང་། རང་གི་སྐད་གཤིས་དང་འོ་ཆུ་ལྟར་འདྲེས་ལ་ཐོས་པ་ཙམ་གྱིས་གོ་དོན་བདེ་བླག་ཏུ་སྟེར་ཐུབ་པའི་ཐ་སྙད་ལྷ་རབ་ཅིག་རེད་པས། འདི་ལྟ་བུའི་ཐ་སྙད་ལེགས་པོ་རྣམས་ང་ཚོས་བསམ་བཞིན་དུ་འཆལ་འཆོལ་དང་དཀའ་རྙོག་ཅན་ཏུ་བསྒྱུར་དོན་མི་འདུག གལ་སྲིད་ད་དུང་མུ་མཐུད་དུ་རང་སྣང་གང་དྲན་གྱིས་ཐ་སྙད་བརྗེ་སྤོར་དང་སྐད་ཡིག་ལ་བསྲེས་ལྷད་རྒྱག་གིན་བསྡད་ན་བར་སྐབས་ཤིག་ལ་ངས་བཤད་པ་ཁྱོད་ཀྱིས་མི་གོ་ཞིང་ཁྱོད་ཀྱིས་བཤད་པ་ངས་གོ་མི་ཐུབ་པའི་གནས་སུ་ལྷུང་སྟེ། བོད་སྐད་ཡིག་ནི་ཆ་འཇོག་ཅི་ཡང་མེད་པའི་འཆོལ་བོ་ཞིག་དང་། ཐ་ན་འཐོར་ཞིག་ཏུ་འགྲོ་བའི་ཉེན་ཡང་ཆེ་བ་རེད། མདོ་དབུས་ཁམས་གསུམ་དང་། དེ་དག་གི་ཡང་ནང་ཚན་དུ་སྐད་བརྡ་སྣ་ཚོགས་སུ་གྱེས་ཤིང་། ད་བར་གཅིག་གྱུར་ཡོང་མི་ཐུབ་པའི་གནད་དོན་ཡང་རྒྱུ་རྐྱེན་འདི་འདྲ་བ་ཚོར་ཐུག་ཨེ་ཡོད་དམ་སྙམ་སྟེ་ཞར་བྱུང་ཙམ་མོ། །འདི་དག་ནི་བློ་གཟུ་བོར་གནས་པའི་དཔྱོད་ལྡན་རྣམ་པར་རྟིང་སྐུལ་ཙམ་དུ་ཕུལ་བ་ལས། ཁོག་ན་དུ་ནག་འཕྱུར་ཞིང་མིག་ཟུང་ནད་ཀྱིས་སྒྲིབ་པ་དག་ལ་ནི་ཅི་ཡང་ཞུ་ཡི་མེད་དོ། །
སྐད་ཡིག་ཉམས་རྒུད་དུ་གཏོང་ན་མིང་ཚིག་བསྲེས་ལྷད་དང་ཐ་སྙད་འཁྱོག་བཟོ་བྱེད་དགོས་པ་དེ་བཞིན་དུ་སྐད་ཡིག་ཕྱུག་འགྱུར་དང་འཕེལ་རྒྱས་སུ་གཏོང་དགོས་ན་མིང་ཚིག་གསར་བཟོ་དང་ཐ་སྙད་གཅིག་གྱུར་བྱེད་དགོས་པ་དེ་ཡིན། ཡིན་ན་ཡང་རང་སྣང་གང་དྲན་དང་ལག་ལ་གང་ཡོང་བྱས་ཚེ་སྐད་ཡིག་གི་རང་གཤིས་དང་མི་མཐུན་པར་མ་ཟད། ཡིག་ཐོག་ཏུ་འབྲི་སྟབས་མི་བདེ་ཞིང་སྨྲ་ལྕེ་ལ་འབྱོར་ཐབས་མེད་པའི་གནས་སྟངས་ལྷག་ངེས་ཡིན་པས། དེ་འདྲ་བའི་ཐ་སྙད་ནི་ང་ཚོར་མེད་ན་བཟང་བ་རེད། དེ་བས་ཐོག་མ་ནས་བསམ་བློ་ཞིབ་ཚེགས་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་རེད། ང་ཚོས་ཐ་སྙད་ཅི་ཞིག་བཟོས་རུང་ཆོག གཙོ་བོ་དེ་སྐད་ཡིག་གི་གཤིས་ཀ་དང་མཐུན་པ་ཞིག སྤྱི་ཚོགས་ཀྱི་གོམས་སྲོལ་དང་མཐུན་པ་ཞིག སྨྲ་ལྕེ་ལ་འདྲིས་བདེ་བ་ཞིག གོ་དོན་གཅིག་གྱུར་ཀྱི་ཐ་སྙད་དུ་གཏན་ལ་འབེབས་ཐུབ་པ་ཞིག་བཅས་བྱུང་ན་འགྲིག་པ་རེད། ངེས་པར་དུ་ངེས་ཚིག་ཅིག་བཤད་དུ་ཡོད་དགོས་པའི་ངེས་པ་མི་འདུག་སྙམ། ཉི་མ་དང་ཟླ་བ། སྐར་མ་སོགས་ཀྱི་ཐ་སྙད་ནི་ང་ཚོར་ཅི་འདྲའི་བདེ་མོ་ཞིག་ཡིན་ཨང་།
ཉེ་བའི་ལོ་རེ་ཟུང་འདི་དག་གི་རིང་བོད་ནང་དུ་བོད་མི་ཚོས་ལས་དོན་འདི་འདྲ་ཞིག་སྤེལ་གྱིན་འདུག ལུང་ཚན་དང་ཆོལ་ཁའི་དབྱེ་ཁྱད་མེད་པར་ཕན་ཚུན་འབྲེལ་མཐུད་བྱས་ཏེ། དུས་བཅད་བཟོས་ཤིང་དུས་བཅད་དེའི་ནང་ཚུན་དུ་རང་རང་ས་ནས་གསར་བསྒྱུར་དང་གསར་བཟོ་ཡིས་སྔར་མེད་ཐ་སྙད་གྲངས་བཅད་རེ་འཚོལ་སྒྲུབ་བྱ་དགོས་པ་དང་། དུས་བཅད་ཟིན་རྗེས་ཚང་མ་མཉམ་འཛོམས་ཀྱིས་འཚོལ་སྒྲུབ་ཟིན་པའི་ཐ་སྙད་ཡོད་ཚད་ཕྱོགས་གཅིག་ཏུ་སྒྲུག་སྟེ། གཙོ་སྦྱང་དང་དབྱེ་ཞིབ་མཐིལ་ཕྱིན་གྱིས་གོ་དོན་གསར་བཅད་དང་ཐ་སྙད་གཏན་འབེབས་བྱེད་པ་རེད། གཏན་ལ་ཕབ་ཟིན་པའི་ཐ་སྙད་དེ་དག་བརྙན་འཕྲིན་དང་རླུང་འཕྲིན། རྩོམ་ཡིག་སོགས་སུ་བཀོལ་སྤྱོད་ཀྱིས་སྤྱི་ཚོགས་ཁྲོད་ཁྱབ་སྤེལ་བྱེད་པ་དང་། ཚིག་མཛོད་དུ་བསྒྲུགས་ཏེ་སྐད་ཡིག་གཅིག་གྱུར་དང་འཕེལ་རྒྱས་ལ་ནུས་པ་བླ་ལྷག་ཏུ་འདོན་གྱིན་ཡོད། དེ་ཙམ་དུ་མ་ཟད། ས་གནས་དང་ལུང་བ། དགོན་སྡེ་དང་ཚོགས་པ་བཅས་སུ་སྒྲིག་འཛུགས་བཟོས་ཏེ། ད་ནས་བཟུང་སྐད་ཆའི་ཁྲོད་བསྲེས་ལྷད་འདྲེས་མི་འཇུག་རྒྱུའི་དམ་བཅའ་བ་དང་རང་རང་ས་ནས་འགྲིག་ཁྲིམས་བཟོས་ཏེ་སྐད་ཡིག་སྲུང་སྐྱོབ་ལ་རང་ནུས་རྩལ་དུ་སྤྲུག་གིན་ཡོད། མི་བུ་དང་མི་གཞི། སྒལ་ཚིགས། དཔྱོད་ཤེས། རྟོགས་འཇུག་ལྟ་བུ་སོགས་ལ་མཚོན་ན་ཡང། གཏན་འབེབས་བྱས་པའི་ཐ་སྙད་གྲས་སུ་ཚུད་མིན་དང་ཚིག་གྲུབ་ཏག་ཏག་ཅིག་འགྲིག་གི་ཡོད་མེད་ལ་མ་ལྟོས་པར་སྐད་ཡིག་གཞན་གྱི་བསྲེས་ལྷད་མ་བཅུག་པར་རང་སྐད་ཀྱིས་བརྗོད་དོན་སྟོན་ཐབས་གཙོར་འདོན་བྱས་འདུག་པས། བྱེད་སྟངས་དེ་ཚོའི་རིགས་ནི་ཡི་རངས་དང་བསྔགས་བརྗོད་ཞུ་འོས་པ་ཞིག་རེད་སྙམ། རང་རེ་བཙན་བྱོལ་ཁྲོད་དུ་ཡང་ཐ་སྙད་འཁྱོག་བཟོ་དང་སྐད་ཡིག་བསྲེས་ལྷད་ཅན་དུ་བསྒྱུར་བ་ལས་བོད་ནང་གི་བོད་མི་དེ་ཚོའི་བྱེད་སྟངས་ལ་ཁ་མིག་ཡར་ལྟ་བྱས་ཏེ། རང་ཅག་ལ་མེད་པའི་གཞན་སྐད་ཁྲོད་ཀྱི་མིང་ཚིག་དེ་ཚོ་བོད་བསྒྱུར་དང་། སྔར་མེད་ཀྱི་ཐ་སྙད་མང་བོ་གསར་བཟོ་བྱས་ན་དེ་ནི་བྱས་རྗེས་ཅིས་མ་ཡིན། དེ་ལྟ་མ་ཡིན་པར་རང་ཉིད་ཅི་ཞིག་ལ་མཁས་ཚུལ་སྟོན་ཆེད་སྔར་ཡོད་ཀྱི་ཐ་སྙད་ལ་བཟོ་བཅོས་དང་གཞན་སྐད་ལ་མགོ་འདོགས་ཀྱིས་རང་སྐད་ལ་བསྲེས་ལྷད་བཅུག་ན་ནི། མི་སུ་འདྲ་ཞིག་ཡིན་རུང་ཆོག བྱེད་སྟངས་དེ་ནི་ནག་ཉེས་ཀྱི་ཁོངས་སུ་བགྲང་བ་ལས་མཛད་རྗེས་ཀྱི་ཁོངས་སུ་དུས་ནམ་ཡང་བགྲང་ཐུབ་པ་ཞིག་མ་རེད།
རང་རེ་བོད་ལ་གནའ་སྔ་མོ་ནས་དོན་དག་དམིགས་བསལ་བ་དང་ཐ་སྙད་གསར་བ་ལ་ཟུར་དུ་མཆན་བྲིས་ཏེ་གསལ་བཤད་བྱེད་པའི་སྲོལ་རྒྱུན་ཞིག་ཡོད་པ་རེད། སྐད་ཡིག་གཞན་ལས་མིང་ཚིག་ཅིག་ཚུར་བསྒྱུར་བའམ། ཡང་ན་ཐ་སྙད་གསར་བ་ཞིག་བཟོས་པ་ཡིན་ན་དེ་ལ་ལོགས་སུ་དེ་འབྲེལ་གྱི་མཆན་བྲིས་ཏེ་རྒྱ་ཁྱབ་ཏུ་ཁྲོམས་དང་། དེས་གསལ་བོ་དང་གཏན་འབེབས་ལ་ཕན་པ་ཞིག་ཡོང་གི་རེད། སྐད་ཡིག་ཁྲོད་ངེས་པར་དུ་བསྲེས་ལྷད་རྒྱག་དགོས་པའི་དོན་དག་ཅིག་ཨེ་ཡོད་དམ། དེ་ལྟར་བྱས་ན་སྐད་ཡིག་ཁ་འཐོར་དུ་འགྲོ་བའི་ཉེན་ཆེ་བ་ལོས་ཤེས།
ཤེས་ཡོན་མེད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན། ལེགས་བྱང་གི་འགྲོས་ནི་ཧ་ཅང་དལ་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ནི་ཤོག་བུ་སྣུམ་གྱིས་ཟ་བ་བཞིན་ཕྱོགས་གང་སར་ཁྱབ་སླ་བ་རེད། དེ་བས་ན། སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་ཞིང་སྤྱི་ཚོགས་སྣེ་ཁྲིད་པ་རྣམ་པས་མཛད་སྤྱོད་ཀྱི་ཆ་ཕྲ་མོ་ཙམ་ལ་ཡང་ཐུགས་ཉམས་ནན་པོར་བཞག་སྟེ། དེང་ཕྱིན་ནོར་འཛོལ་གྱི་ཆ་དེ་དག་ལ་ཡོ་སྲང་གནང་རྒྱུ་གལ་ཆེ་ལ། སྤྱི་ཚོགས་ཁྲོད་སྐད་ཡིག་ལ་དུང་ཞེན་ལྷག་བསྡད་ཡོད་པའི་མི་རྣམས་ཀྱིས་ཀྱང་རང་རང་ས་ནས་སྐེ་རགས་སྡོམ་དགོས་པར་སྣང་ངོ་། །
དྲ་བདག་ལགས། མི་ཉག་ཀུན་དགའ་ཟེར་བའི་མཆན་ཨང་༤༠བ་དང་༤༡འདི་གཉིས་ལ་བདག་པོ་ཞིག་རྒྱག་རྒྱུའི་རེ་བ་ཞུ། བསམ་བཞིན་དུ་གཞི་མེད་དཀྲོགས་གཏམ་དང་དཀྲུགས་ཤིང་རྒྱག་མཁན་འདིའི་རིགས་ལ་དྲ་བདག་གིས་ནན་ཏན་ཞིག་གནང་རོགས།
རྗེས་མ་ནས་ཁྱེད་ཚོར་ཅང་བཤད་མི་དགོས་པའི་སྨོན་ལམ། ངོ་མས་ཐང་ཆད་འཇུག་གི
བསྟན་འཛིན་ཤེས་རབ་ལགས།
མི་ཉག་ཀུན་དགའི་མཆན་དེ་གཉིས་བསུབ་པ་ཡིན། ང་ཚོས་ནངས་དགོང་གཉིས་ཀར་མཆན་བུ་རྣམས་ལ་བརྟག་ཞིབ་བྱེད་བཞིན་ཡོད་མོད། མཚམས་ལན་རེར་འཐུས་ཤོར་ཅུང་ཙམ་རེ་འགྲོ་གི་འདུག
དེ་ལ་དགོངས་སེལ་ཞུ། སླད་མར་འཐུས་ཤོར་མེད་པ་བྱས་ཆོག
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
དྲ་བདག་ལགས། ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
སྤྲུ་སྐུ་ཤེས་རབ་ལགས། རང་མི་རིགས་ཀྱི་སྐད་ཡིག་ལ་དུང་བའི་བསམ་འཆར་འདི་ཧ་ཅང་ཡག་པོ་འདུག། ཡིན་ཡང་ལྦ་ཎ་བོད་ཀྱི་མཐོ་སློབ་ཁང་གི་ངེས་སྟོན་པའམ་ཁྲི་པ་དང་པོ་དང་བཙན་བྱོལ་བོད་གཞུང་གི་རྒྱ་ཆེ་མང་ཚོགས་ཀྱི་ཐད་ཀར་འོས་བསྡུ་བྱས་པའི་བཀའ་བློན་ཁྲི་པ་དང་པོ་ཡིན་པའི་མཁས་དབང་ཟང་མདོང་རིན་པོ་ཆེ་མཆོག་ལ་སྐྱོན་བརྗོད་གནང་བར་ནི་མ་འོས་པ་ཅིག་དང་ལས་འབྲས་གོ་ལྡོག་གི་འཆར་སྣང་ཅིག་ལས་ཡང་དག་པའི་དགོངས་ཚུལ་གང་ཡང་མཐོང་མ་སོང་། དྲང་མོ་བཤད་ན་ད་བོད་རིགས་ཕྱི་ནང་གཉིས་ཀའི་ནང་རིན་པོ་ཆེ་ཁོང་ལ་ཆོས་སྲིད་གཉིས་ཀྱི་ཐད་འགྲན་ཟླ་མེད་པ་དངོས་ཡོད་རེད། འདི་ལ་མི་དགའ་བ་དང་མི་འདོད་པའི་གནད་དོན་གང་ཞིག་ཡོད་རུང་དུས་རབས་འདིར་ཙམ་མ་ཟད་དུས་རབས་སྔོན་མར་བྱུང་མ་མྱོང་པའི་མཁས་དབང་དང་བོད་མི་རིགས་ཀྱི་ངེས་སྟོན་པ་ཁོང་ལ་སྐྱོན་བརྗོད་བྱས་ན་འོས་འཚམས་མ་རེད།