ཨ དོན་ཉི།
—–ཀླུ་སྨྱོན་ལ་བྲིས་པ་ཡིན།
སྤྱིར་བཏང་བྱས་ན་ང་ཀླུ་སྨྱོན་ལགས་ཀྱི་སྙན་ངག་གཙོས་རྩོམ་ཡིག་རྣམས་ཀློག་རྒྱུར་དགའ་བོ་བྱེད་མཁན་ཞིག་ཡིན། འོན་ཀྱང་ད་ཐེངས་ཀྱི་ཁོའི་རྩོམ་དེ་དྲང་བོ་ཞིག་གཏན་ནས་མ་རེད། ཀླུ་སྨྱོན་ལགས་ཀྱིས་”ཡང་གཅིག་བསྲེགས་འདུག ང་ཚོ་ལྟད་མོ་བ་ཡིན་ནམ།” ཞེས་པའི་རྩོམ་ཐུང་དེའི་མགོ་རྔ་བར་གསུམ་ན་ཧ་ཅང་ཚད་ལས་བརྒལ་བའི་ཚིག་འགྲོས་མང་བོ་ཡོད། དེ་ལ་ཀླུ་སྨྱོན་རང་ངོས་ནས་ཀྱང་གསལ་བཤད་ཚིག་གསུམ་ཞེས་པ་ཞིག་སྤེལ་ནས་རྒྱལ་བ་རིན་པོ་ཆེ་ཚང་ལ་མཚན་སྨོད་བྱས་མེད་རབས་བཤད་དེ་རང་གིས་རང་ཉིད་དཀར་བོ་ཡིན་བཟོ་བསྟན་འདུག དེའི་ཐད་ནས་ངས་ཀྱང་ཁྱེད་རང་དཀར་བོ་ཡིན་པར་གྱུར་ཅིག་ཟེར་བ་ལས་ཅང་མེད།
ངས་འདི་ནས་བཤད་འདོད་པ་དེ། ཁྱེད་ཀྱིས་རྩོམ་ཐུང་དེའི་ནང་བོད་མི་དཀྱུས་མར་མཐོང་ཆུང་བྱས་འདུག་པ་དེ་ཡིན། ཁྱེད་ཀྱིས་”དེ་ནི་གསལ་བོར་བཤད་ན། ཁྱོད་ཀྱིས་རང་ལུས་མེར་བསྲེགས་ཐོངས་དང་། ང་ཚོས་ལྟད་མོར་བལྟ་ཆོག ང་ཚོས་པར་རྒྱག་ཆོག ང་ཚོས་བརྙན་ལེན་ཆོག ང་ཚོས་འུར་སྒྲོག་བྱེད་ཆོག་ཅེས་པ་ཞིག་རེད།”
ཉེ་ཆར་བོད་ནང་མེར་སྲེག་གནང་མཁན་བཀྲ་ཤིས་རབ་བརྟན་ལགས་ཀྱི་སྐུ་ཕུང་མེ་ལ་འབར་བཞིན་པའི་སྐབས། དེའི་ཉེ་འཁོར་དུ་ལངས་འདུག་པའི་བོད་པ་དེ་དག་གིས་”ཁྱོད་ཀྱིས་རང་ལུས་མེར་བསྲེགས་ཐོངས་དང་། ང་ཚོས་ལྟད་མོར་བལྟ་ཆོག ང་ཚོས་པར་རྒྱག་ཆོག ང་ཚོས་བརྙན་ལེན་ཆོག ང་ཚོས་འུར་སྒྲོག་བྱེད་ཆོག”ཅེས་བཤད་ཡོད་པར་ཁྱེད་ཀྱིས་ཇི་ལྟར་ཤེས་པ་ཡིན། ཁྱེད་ཀྱིས་འདི་ལྟར་བརྗོད་ཕོད་པའི་དཔང་རྟགས་གང་དུ་ཡོད། ངས་ནི་དགུང་དུ་མཆེད་པའི་མེ་ལྕེ་དེའི་ཁྲོད་ན་ན་བ་ཚ་གསུམ་གྱིས་བཟོད་གླགས་མེད་པར་འཆི་བཞིན་པའི་སྤུན་ཟླ་བཀྲ་ཤིས་རབ་བརྟན་ལགས་ཀྱི་མེ་མཐའི་མི་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ལུས་པ་དང་། མེ་ནང་དུ་གད་ཅིང་འཐོར་བཞིན་པའི་སྤུན་ཟླ་ཁོང་གི་རང་སྲེག་ཡུལ་དངོས་དེ་བྱེས་སྡོད་བོད་པ་གཙོས་འཛམ་གླིང་མི་མང་གི་སྐྱིད་སྡུག་ཞུ་སར་ཨེ་འབྱོར་གྱི་ཀུན་སློང་དེ་འདྲའི་འོག་ད་གཟོད་གནས་དེར་ཧད་ཅིང་ལངས། བརྙན་དུ་བླངས། པར་ལ་བརྒྱབ་པ་ཞིག་རེད་བསམ་ཡོད། མ་མཐའ་ཡང་དམར་ཧང་ཧང་གི་མེ་མཐར་འགྲེང་བའི་བོད་པ་དཀྱུས་མ་དེ་དག་གི་སེམས་ལ་ཀླུ་སྨྱོན་ཁྱེད་ཀྱིས་བཤད་པ་དེ་འདྲ་ཞིག་རྩ་བ་ནས་་ཤར་མེད་པ་ངས་འདི་ནས་རོ་གོག་འབེན་ལ་བཞག་ནས་མནའ་བོར་ཆོག
འོ་ན་ཁྱེད་ཀྱིས་གོང་གི་ཚིག་རྡོག་དེ་དག་བདེན་པ་ཡིན་ཞེས་སྒལ་ཚིགས་དྲང་བོར་དགྱེ་སྟེ་དྲང་གཏམ་གསོང་བོར་བརྗོད་པའི་སྤོབས་པ་ཨེ་ཡོད་དམ།
ཤེས་བྱ་ཡོན་ཏན་གྱིས་ཕྱུག་པའི་ཀླུ་སྨྱོན་ལགས། ཇི་ལྟར་བསམས་ཀྱང་འདི་ནི་མེ་མཐའི་བོད་པ་དེ་དག་ལ་ཁྱེད་ཀྱིས་གླེང་བཀལ་བ་རེད། མཐོང་ཆུང་བྱས་པ་རེད། བླ་སྤྲུལ་དང་མཁས་མིང་ཅན་ཞིག་ལ་མཚོན་ན་སོ་སོས་བྱུང་རྒྱལ་དུ་ཤོར་བའི་ལབ་རྡོལ་ཙམ་ལའང་འགན་འཁུར་དགོས་ཡོད།
དེ་ནས་ཡང་ཁྱེད་ཀྱིས་ཤེས་རྒྱ་ཡོད་མདོག་གིས་སྐུལ་ལྕགས་ལྟ་བུའི་སྐད་ཆ་འདི་འདྲ་བཤད་འདུག
“རང་ལུས་མེར་བསྲེགས་བྱེད་པ་ལས། ཁྱེད་ཀྱིས་ཀ་ཁ་ག་ང་སྦྱོངས། རང་ལུས་མེར་བསྲེགས་བྱེད་པ་ལས། མ་ཎི་ཡིག་དྲུག་སྒྲོངས། རང་ལུས་མེར་བསྲེགས་བྱེད་པ་ལས། ཚོགས་བསགས་སྒྲིབ་སྦྱོང་བྱོས། རང་ལུས་མེར་བསྲེགས་བྱེད་པ་ལས། བུ་བུ་མོ་དང་ཚ་བོ་ཚ་མོ་སློབ་གྲྭར་སྐྱོལ། རང་ལུས་མེར་བསྲེགས་བྱེད་པ་ལས། བྱིན་རླབས་ཀྱི་གཟི་འོད་འབར་བའི་བོད་ཡུལ་གྱི་གནས་ཆེན་དག་ལ་མཆོད་མཇལ་དུ་ཕེབས། རང་ལུས་མེར་བསྲེགས་བྱེད་པ་ལས། དེང་རབས་བཟོ་བཀོད་མཚར་བའི་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་ལྟད་མོར་ཕེབས།”སྡུག་སྨྲེ་འདི་ཁྱེད་ཀྱིས་ཤུལ་ལུས་གསོན་པོ་ཚོར་བཏོན་པ་ཡིན་ནམ། ཡང་ན་ཤི་བོ་དྲིན་ཅན་དག་གི་རྗེས་ཐུར་ར་ཆོས་བྱེད་ས་ནས་མཚང་བྲུས་པ་ཡིན། ཁྱེད་རང་ལྟར་གསལ་བོར་བཤད་ན་ཁྱེད་ཅག་མེ་ནང་དུ་མཆོང་བ་དགོས་ན་དགོས་ཟེར་བ་དེ་ཨེ་ཡིན།
ཀླུ་སྨྱོན་ལགས། བོད་མིའི་དུས་གསུམ་ཀུན་གྱི་བླ་མ་རྒྱལ་བ་རིན་པོ་ཆེ་ཁོང་ཕྱིར་བོད་ཡུལ་དུ་འབྱོན་དགོས་དང་། བོད་པ་གནམ་བསྟན་ཡོངས་ལ་རང་ས་རང་བདག་དང་། སྐད་ཡིག་རིག་གཞུང་གི་བཀོལ་སྤྱོད་རང་དབང་དགོས་ཞེས་མེ་ཡིས་འཚིགས་ཤིང་དུ་བས་རྒྱལ་ཞོར་སྐད་འབོད་བྱས་ནས་སྐུ་གཤེགས་སོང་བ་དག་ལ་ཁྱེད་ཀྱིས་གསེག་དྲིས་འདུག། ང་ནོར་བ་མིན་ན་ཁྱེད་ཀྱིས་ད་ཐེངས་དངོས་གནས་སྐུ་གཤེགས་དཔའ་བོ་ཁོང་རྣམ་པར་མིག་སྐྲངས་ཐོག་ལ་ཁུ་ཚུར་གཞུ་རྒྱུ་མང་དྲགས་འདུག
དུས་ད་ལྟའི་བར་དུ་རང་ལུས་མེ་ལ་སྦར་བཞག་པའི་སྤུན་ཟླ་སྐྱ་སེར་ཕོ་མོ་ཡོད་དོ་ཅོག་གིས་རང་རང་ས་ནས་ཁྱིམ་དང་བུ་ཕྲུག་སྐྱོང་ནས། སྒར་དང་དགོན་པར་བཞུགས་ཏེ་སྐྱིད་ལ་སྡུག་པའི་མི་ཡུལ་འདིར་བསྟུད་མར་འཚོ་གནས་བྱེད་མ་འདོད་པ་ཁྱོན་ནས་མ་རེད། ཡིན་རྒྱུ་ནི་”ལག་མི་འགུལ་ཁ་མེད་འདྲེ་ཡིས་འགྲམ་ལྕག་བྱས”ཞེས་པ་ལྟར་རྒྱ་གཞུང་གིས་ཁོང་ཚོའི་ཁོ་ར་ཁོར་ཡུག་ལ་གཅུན་སྡོམ་བྱས་དྲགས་པས་རེད། ནང་བསམ་བློའི་རང་དབང་ལ་ལྕགས་སྒྲོག་བརྒྱབ་ཡོད་པས་རེད། སེམས་དད་མོས་ལོངས་སྤྱོད་ལ་མི་མངོན་པའི་གནོན་ཤུགས་སྤྲད་ཡོད་པས་རེད།
ཁྱེད་ཀྱིས་བཤད་པ་ལྟར། ཁོང་ཚོ་ཀ་ཁ་ག་ང་སྦྱང་ནས། མ་ཎི་ཡིག་དྲུག་བགྲང་ནས། ཚོགས་བསགས་སྒྲིབ་སྦྱོང་གནང་ནས། བུ་བུ་མོ་དང་ཚ་བོ་ཚ་མོ་སློབ་གྲྭར་བསྐྱལ་ནས། བྱིན་རླབས་ཀྱི་གཟི་འོད་འབར་བའི་བོད་ཡུལ་གྱི་གནས་ཆེན་དག་ལ་མཆོད་མཇལ་དུ་ཕེབས་ནས། དེང་རབས་བཟོ་བཀོད་མཚར་བའི་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་ལྟད་མོར་ཕེབས་ནས་མི་ཚེའི་དགའ་སྐྱིད་ལ་ཅི་དགར་རོལ་མ་འདོད་པ་ཞིག་ཅི་ལ་ཡིན་ཨང་།
ཁོང་ཚོས་མ་སྐུལ་དང་བླངས་སྒོས་ཚེ་སྲོག་མེ་ལ་བསྒྲོན་པའི་འཕྲལ་ཕུགས་རྒྱང་གསུམ་གྱི་དམིགས་ཡུལ་ནི་ཁྱེད་དང་ང་ལྟ་བུ་ཚོས་བོད་ཀྱི་རིག་གཞུང་དར་སྤེལ་ལ་ཕྲག་པ་ཁེན་ནས་ཨ་རིའི་རྒྱལ་ཁོངས་ནས་སོ་སོའི་ལྟོ་གོས་འཚོལ་བའི་རྒྱུགས་འདུར་ལས་ཡོངས་སུ་བརྒལ་འདུག་ཨང་།
ང་ཚོ་སྐྱིད་སྡུག་གང་ལ་ཐུག་ཀྱང་རུང་། རང་ལུས་མེར་སྲེག་གནང་མཁན་གྱི་སེམས་དཔའ་རྣམ་པས། རྒྱ་གཞུང་གིས་དུས་ནས་དུས་སུ་ཕྱི་རྫིག་ནང་སྟོང་གིས་འཁྲབ་བསྡད་ཡོད་པའི་གཡོ་སྒྱུ་དང་གནོན་བཙུར་གྱི་ལེའུ་སྟེ། བོད་མིའི་ཁེ་དབང་འཕྲོག་པ། སྐད་ཡིག་བརླག་པ། རང་ས་གཏེད་པ། དགོན་པ་གཏོར་བ། བཙོན་ལ་འཁྲིད་པ། བླ་མ་སྤྱུགས་པ་བཅས་ཀྱི་ཁ་རུ་ཁ་ཐུག་གི་སྐྱོ་གདུང་མཐའ་ཡས་པ་དག་སྲན་ཚོད་མ་ཡོད་ནས་ལམ་ཁ་འདི་བདམས་པ་ཡིན་པར་གསལ་བོར་ངེས་དགོས།
ཡང་ཀླུ་སྨྱོན་ལགས་ཀྱིས”གནད་འགག་ཅིག་ནི། རང་ལུས་མེར་བསྲེག་མཁན་ཕལ་མོ་ཆེར་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཡོན་ཏན་མེད་པ་དང་། རང་ཉིད་ཀྱི་དལ་འབྱོར་ལུས་པོ་འདིའི་བེད་སྤྱོད་ཀྱི་རིན་ཐང་ཡང་ཆེན་པོ་ཞིག་མི་ཤེས་པའི་མི་རྣམས་རེད།”འདི་ཡང་ཁྱེད་ཀྱིས་རང་ཉིད་གནམ་ནས་བསྡད་དེ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ལ་ཐུར་ལྟ་དཔེ་མེད་པ་བྱེད་སྟངས་ཤིག་རེད། ཁྱེད་ཀྱིས་མེར་སྲེག་གནང་མཁན་རྣམས་ལ་ཆོས་ལུགས་ཀྱི་ཡོན་ཏན་མེད་པ་གང་ནས་ཤེས་སོང་། ཁྱེད་རང་དེ་འདྲའི་ཡོན་ཏན་ལ་མངའ་བསྙེས་ཡོད་པའི་གང་ཟག་ཅིག་ཡིན་ཀྱང་རུང་། “རྟོགས་པ་ལྷ་དང་མཉམ་ཀྱང་། སྤྱོད་པ་མི་དང་བསྟུན་དགོས།” ཞེས་པ་ལ་ཉིད་ཀྱིས་བག་ཙམ་ཡང་གཞིག་ལོངས་མ་བྱུང་པ་འདི་ཨ་མཚར། ཁྱེད་ཀྱིས་ཨ་རིའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་ནས་རྒོད་ལ་བུད་པ་ཡིན་ན་དེ་ག་རང་ལས་མེད།
ངས་བསམ་ན། ཁོང་ཚོས་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་ལ་བསྟིམས་ཕོད་པ་འདི། སྤུན་ཟླ་མི་རིགས་ལ་བཅངས་པའི་བརྩེ་བ་བླ་མེད་དང་། བོད་བརྒྱུད་ནང་བསྟན་ལས་བཤད་པའི་གཞན་ལ་འཚེ་བར་མི་བྱའོ་ཞེས་པའི་བསམ་བློའི་དད་མོས་སྙིང་སྟོབས་གཉིས་གཞི་གཅིག་ཏུ་འདྲེས་པ་ལས་བྱུང་བའི་ཡོན་ཏན་ཁྱད་དུ་འཕགས་པ་ཞིག་རེད་འདོད་ཡོད།
མདོར་བསྡུས་ན། ཁྱེད་ཀྱིས་རང་སྲོག་རིན་པོ་ཆེ་མེ་ལ་ཕུལ་བཞག་པའི་བོད་མི་དཀྱུས་མ་ཚོར་ངན་པ་བཤད་མི་ཆོག། གླེང་བཀལ་ན་མི་འགྲིག ང་ནི་དུས་གཏན་དུ་ང་རང་ནང་བཞིན་གྱི་བོད་མི་ཕལ་བ་རྣམས་ཀྱི་ཕྱོགས་ནས་ཀེར་རེར་ལེན་མཁན་ཞིག་ཡིན་པས། ཀླུ་སྨྱོན་ལགས་ཀྱིས་ད་ཐེངས་རང་ལུས་མེར་སྲེག་སྐོར་ལ་བྲིས་པའི་རྩོམ་ཡིག་དེར་ལགས་སོ་རྩ་ནས་མི་ཟེར་རོ། །
2016/12/12 མཚན་མོར་བྲིས།
ཡག་པོ་བྲིས་འདུག་བཀའ་དྲིན་ཆེ།
ཨུམ་ཨུམ། ཨ་མའི་བུ་རེད། དོན་དངོས་བཤད་འདུག ཕོ་ཁྱོ་ག་ཞིག་གི་གཏམ་རེད།
ཀླུ་སྨྱོན་མཁས་པ་ཧཧཧ། རང་རློམ་མཁས་ཅན་ཟེར་ན་མིང་འདི་ཁོ་ལྟ་བུ་སྐོར་ཞིག་ལ་འོས་འཚམས་རེད། གལ་སྲིད་ཁོ་མཁས་པ་ཡིན་ཚེ། བོད་ཕྱི་ནང་གཉིས་སུ་རང་སྲོག་བཏང་བའི་འཐབ་རྩོད་འདི་རྒྱལ་བ་རིན་པོ་ཆེ་ཁོ་ནའི་ཆེད་ཡིན་ནམ། བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་ཡིན་འདི་གཉིས་ཀྱི་དབྱེ་བ་འབྱེད་ཤེས་ཀྱི་རེད། ཡིན་ཡང་ཐབས་སྐྱོ་བ་ཞིག་ལ། རང་རློམ་མཁས་བའི་གྲལ་ཡིན་པས་དེ་གཉིས་ཀྱི་དབྱེ་བ་འབྱེད་མ་ཤེས་བར། རང་བསྲེག་འགན་རྒྱལ་བ་རིན་པོ་ཆེ་ཡོད་ཞེས་བླུན་བཤད་རྒྱག་གི་ཡོད་པ་རེད།
མིའི་ཁྲ་ཁྲ་ནང་ཟོག་གི་ཁྲ་ཁྲ་ཕྱི་ཟེར་བ་བཞིན་གྲྭ་རྫུན་བླ་རྫུན་རང་འགོ་གང་ཐོན་གྱིས་དེང་སང་ས་སྐྱ་བའི་གསེར་གྱི་འཐུ་འོག་ཏུ་ཚུལ་བ་ནས་རྟག་པར་དགའ་ལྡན་ཕོ་བྲང་དང་༧གོང་ས་མཆོག་ལ་ཟུར་བཟའ་ཡང་ཡང་བྱས་པ་ཐོས་ནས་ས྄ེམས་གཏིང་ནས་ཡིད་ཆད་སོང་།
ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཟེར་བ་དེ་ཅིས་མ་བདེན། ཀླུ་སྨྱོན་ལགས་ཀྱིས་ཤ་ཚ་བའི་དྲང་གཏམ་ཞིག་གསུངས་པར་ལས་ངན་འདི་ཚོ་དྲིན་ལོག་བྱས་འདུག ཁྱོད་ཚོ་རང་བསྲེགས་བཏང་བར་དེ་ཙམ་ཞིག་ཐུགས་མཉེས་པོ་ཡོད་ན་ཅི་ཕྱིར་གླེན་པ་ལུག་འདྲ་བོ་ཁྱོད་ཚོས་ཅི་ཕྱིར་རང་བསྲེག་མི་བྱེད། གལ་ཏེ་ཁྱོད་རང་ནང་པ་ཞིག་ཡིན་ན་རང་བསྲེག་བཏང་བར་རྒྱབ་སྐྱོར་ནམ་ཡང་བྱེད་མི་རུང་། རང་བསྲེག་ནི་ནང་པའི་ཆོས་དང་འགལ་བ་རེད། །
དེང་དུས་རྒྱ་གར་ནའང་ཧིན་སྒོར་བཅོས་བསྒྱུར་གྱི་རྐྱེན་པས་རང་ཤི་རྒྱག་མཁན་བྱུང་འདུག རང་ཤི་རྒྱག་མཁན་དེ་ཚོ་ཚང་མ་སེམས་སྐྱོན་ཅན་ནམ། ཡང་ན་དཀའ་ངལ་ཅུང་ཟད་ཀྱང་མི་ཐེག་པའི་མི་དག་རེད། དེ་མིན་ཅི་ཕྱིར་རང་ཤི་རྒྱག་དགོས། དེ་དང་གཅིག་མཚུངས་བོད་ནས་རང་བསྲེག་གཏོང་མཁན་དེ་ཚོའང་སེམས་སྐྱོན་ཅན་ཡང་ན་དཀའ་ངལ་ཅུང་ཟད་ཀྱང་མི་ཐེག་པ་རྐྱང་ཡིན་ངེས་རེད། རང་བསྲེགས་གཏོང་མཁན་ཚོའི་ཀུན་སློང་བོད་དོན་འཐབ་རྩོད་ཀྱི་ཆེད་ཡིན་ན་དེ་ནི་ཆགས་སྡང་ཁོ་ནར་ཡིན་པས་དམྱལ་བ་སྐྱེ་བའི་རྒྱུ་རུ་འགྱུར་རོ། དངོས་གནས་ཁྱོད་རང་ཚོ་རྣམ་དཔྱོད་དང་ལྡན་པའི་སྒོ་ནས་བོད་དོན་འཐབ་རྩོད་བྱེད་ན་ངེས་པར་དུ་འཚོ་དགོས། འཚོ་བཞིན་དུ་འཐབ་རྩོད་བྱེད་དགོས། རང་བསྲེག་ལ་བསྟོད་པ་བྱེད་མཁན་དེ་ཚོ་རང་ཉིད་གཅིག་པུ་མ་གཏོགས་གཞན་ལ་མི་བསམ་མཁན་རྐྱང་རེད། །
བོད་སྤྱི་དོན་དུ་ཡང་། རང་སྲེག་མ་གནང་ན་ལེགས། འོནད་ཀྱང་གཤེགས་ཟིན་པ་རྣམས་ལ་ནི། གུས་དུད་དང་དྲན་གསོ་ཡང་ཡང་ཞུ་དགོས།
རྣམ་དཔྱོད་དབེན་པའི་ཅོལ་ཅུང་དག དགོངས་འགལ་མེད་པར་ཞུ། ངས་ཞུ་འདོད་པ་ཞིག་ནི་རང་བསྲེགས་གཏོང་མཁན་ཚོར་རྒྱབ་སྐྱོར་མེད། ཀླུ་སྨྱོན་ནི་ལྷག་བསམ་དུང་ལྟར་དཀར་པོའི་མི་གཤིས་དྲང་ཞིག་ཡིན་སྟབས་གང་དྲན་པ་དེ་ཐལ་ལེ་གསུངས་པ་རེད། བཀའ་དྲིན་ཆེ། ཡིན་ཀྱང་མི་རེ་ཟུང་ནས་དམའ་འབེབ་བྱེད་པ་དེ་གད་མོའི་ཤོར་བའི་གནས་ལགས། །
ཀླུ་སྨྱོན་གྱིས་བཀའ་བཀྱོན་མང་དུ་མྱོང་དགོས་ས་རེད།
༼དྲི་བ། ལགས་སོ། ཉེ་སྔོན་ཞིས་ཅིན་ཕེན་གཞུང་གིས་རྒྱལ་བ་རིན་པོ་ཆེར་དམིགས་པའི་ནང་ཁུལ་ཚོགས་འདུ་ཞིག་བསྐོངས་འདུག་ཟེར་བ་དེར་རྒྱས་བཤད་ཅིག་གནང་རོགས།
ལན། ང་རང་ལ་འབྱོར་བའི་གནས་ཚུལ་ལྟར་ན། ཕྱི་ལོ་༢༠༡༦ ལོའི་ཟླ་༢ ནང་ཀྲུང་གུང་ནས་ཡོངས་གྲགས་མ་ཡིན་པའི་ལམ་ནས“བོད་ཀྱི་བྱ་བའི་ཚོགས་འདུ”ཟེར་བ་ཞིག་བསྐོངས་འདུག དེ་ནི་ཀྲུང་གུང་ཆབ་སྲིད་ཅུའུ་རྒྱས་འཛོམས་ཚོགས་འདུ་ཞིག་རེད། ཚོགས་འདུ་འདིའི་བརྗོད་གཞི་ནི་བོད་ཀྱི་བྱ་བའི་ཐོག་འཛིན་པའི་སྲིད་ཇུས་གསར་བའི་འཐབ་ཇུས་ཁ་ཕྱོགས་རེད། ཐེངས་འདིའི་ནང་ཁུལ་འཚོགས་འདུའི་སྟེང་ནས་བོད་ཀྱི་བྱ་བའི་ཁ་ཕྱོགས་ལ་འགྱུར་བཅོས་གསར་བ་ཞིག་བྱས་འདུག ཀྲུང་གུང་སྲིད་གཞུང་གི་བཤད་སྟངས་ལྟར་བྱས་ན། “ད་ནས་བཟུང་ཕྱི་ལོགས་ཀྱི་བཙན་བྱོལ་སྒྲིག་འཛུགས་དང་རྒྱལ་བ་རིན་པོ་ཆེ་ནི་ཀྲུང་གུང་སྲིད་དབང་གི་ཉེན་ཁ་ཆེ་ཤོས་དེ་མ་ཡིན་པ་དང་། བོད་ནང་གི་ཤེས་ཡོན་པ་དང་སེར་མོ་བའི་ཁྲོད་ཀྱི་བོད་རང་བཙན་གཉེར་མཁན་དང་རྗེས་འཇུག་མང་ཚོགས་བཅས་པའི་ཁ་བྲལ་བའི་སྟོབས་ཤུགས་ནི་ཁ་གཏད་དགྲ་བོ་ངོ་མ་དེ་ཡིན།” འདི་ནི་འགྱུར་བ་ཆེན་པོ་ཞིག་རེད། རྒྱུ་མཚན་ནི་སྔར་ཀྲུང་གུང་སྲིད་གཞུང་གིས་ད་ལྟའི་བཙན་བྱོལ་སྒྲིག་འཛུགས་དང་ཏཱ་ལའི་བླ་མ་མཆོག་ཁ་གཏད་གཙོ་བོར་ངོས་འཛིན་བྱས་ཡོད་མོད། ད་ཐེངས་ཁ་གཏད་ཡུལ་བོད་ནང་ལ་ངོས་འཛིན་བྱས་འདུག
དེ་བཞིན་དུ་ཚོགས་ཐོག་དེར་ད་དུང་བོད་ནང་གི་སྐྱ་སེར་ཤེས་ཡོན་པའི་སྟོབས་ཤུགས་ཁྲོད་དུ“བོད་རང་བཙན”གྱི་བསམ་བློ་ཡོད་མཁན་མང་ཆེ་བ་ལོ་གཞོན་དག་ཡིན་པ་དང་། སློབ་གྲྭ་བའི་ཁྲོད་ནས་མཐོ་འབྲིང་སློབ་མའང་དེའི་ཁྲོད་དུ་ཚུད་ཡོད་ཚུལ་དང་། ཉེ་བའི་ཆར་བོད་ནང་བསྟུད་མར་བྱུང་གིན་པའི་རང་སྲེག་ཀྱང་མང་ཚོགས་ནང་བྱུང་བའི་རང་འགུལ་བྱ་སྤྱོད་ཅིག་ལས་གཞན་ལ་འབྲེལ་བ་ཆེར་མི་འདུག་པས། གནད་དོན་འདིར་ངེས་པར་དུ་ཁ་གཏད་དགོས་ཚུལ་སོགས་བརྗོད་འདུག་ཟེར།༽
ད་ནི་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་པ་ཚོ་ངོས་འཛིན་འདི་ལྟར་བྱས་འདུག བདེན་པ་རུ་མཐོང་།
༅༅། ག་རེ་བཤད་ཀྱང་རེད་མ་བཤད་ཀྱང་རེད། ཥཀས་མདོག་དང་བྱོན་མདོག་བྱས་ཏེ་བོད་ནང་རང་ལུས་
མེར་བསྲེགས་གནང་མཁན་རྣམས་ལ་སྐྱོན་བརྗོད་དང་། དམའ་འབེབས་སློབ་སྟོན་བྱེད་རྒྱུའི་སེམས་ཀྱི་
ནུས་ཤུགས་དང་ཤེས་ཡོན་གང་ཡང་མེད་ཞིག་རེད།
རྒྱ་དམར་པོས་བྱེད་སྟངས་ལ་་་བོད་སེམས་ཡོད་ཅན་ཚོ་ནས་ནམ་ཡང་སེམས་ནང་ཉར་མི་ཐུབ་པའི་
གནས་སྟངས་འོག་ནས་སྐུ་ལུས་མེར་བསྲེགས་གནང་བ་རེད། སེམས་ཡོད་ཤེས་ལྡན་པ་ཡིན་ན་རང་བཞིན་
གྱི་དཀའ་སྡུག་རྣམས་རྩོམ་མ་འབྲི་གོང་ནས་ཤེས་དགོས་པ་རེད།
སེམས་ནང་གང་ཤར་ཁ་ནས་མ་འདོན་ཨང། རང་གི་མི་འབྱོན་གཞན་ལ་སྐྱོན་མ་འཛུགས།
འབྱོན་པོ་རྒོད་པོ་ཡིན་ན་ཐང་དཀྱིན་རང་ལ་འཛོན་ཤོག།
སྐུ་ལུས་མེར་བསྲེགས་སྒྲོན་མཁན་ཚོ་མི་ལུས་རིན་ཆེན་འཕྲལ་དུ་ལེན་ནས་ཆོས་མེད་དགྲ་བོ་གཏུལ་
ཏུ་ངེས་པར་ཕེབས་རོགས།
་་་་་་་་་ ཀྲུང་གུང་སྲིད་གཞུང་གི་བཤད་སྟངས་ལྟར་བྱས་ན། “ད་ནས་བཟུང་ཕྱི་ལོགས་ཀྱི་བཙན་བྱོལ་སྒྲིག་འཛུགས་དང་རྒྱལ་བ་རིན་པོ་ཆེ་ནི་ཀྲུང་གུང་སྲིད་དབང་གི་ཉེན་ཁ་ཆེ་ཤོས་དེ་མ་ཡིན་པ་དང་། བོད་ནང་གི་ཤེས་ཡོན་པ་དང་སེར་མོ་བའི་ཁྲོད་ཀྱི་བོད་རང་བཙན་གཉེར་མཁན་དང་རྗེས་འཇུག་མང་ཚོགས་བཅས་པའི་ཁ་བྲལ་བའི་སྟོབས་ཤུགས་ནི་ཁ་གཏད་དགྲ་བོ་ངོ་མ་དེ་ཡིན།” འདི་ནི་འགྱུར་བ་ཆེན་པོ་ཞིག་རེད། ་་་་་་་་་
རྒྱ་གཞུང་གིས་འཇིགས་ས་མི་འཇིགས་ས། དེ་ལ་ཁུངས་དག་ལོས་ག་ཚོད་ཙམ་ཡོད་དམ། ལགས། ཨ་འཇིགས་ལགས།
ངས་ཀླུ་སྨྱོན་རྩོམ་ལ་མོས་མཐུན་ཡོད། བོད་སྤྱི་པའི་དོན་ཡིན་ནའང་རང་ལུས་མེ་མཆོད་མ་ཕུལ་ན་བཟང་། རང་ཁ་བ་ཅན་པ་ཐམས་ཅད་ནང་པ་སགས་རྒྱས་པ་དེའི་ནང་གསང་སྔགས་རྡོ་རྗེ་འཛིན་པ་ཡིན་ལབ་བསྡད་པ་བཞིན་རེད་བསྡད་པ་ཡིན་རང་ལུས་རྒྱལ་བ་ལྷའི་རང་བཞིན་ཡིན་དུས་དེ་ལ་མ་རུང་བ་བྱས་ན་དཉ་ལས་ཚབ་ཆེ་བ་ཅི་ཡོད།
རང་དབང་དང་འདྲ་མཉམ། ཐོབ་ཐང་སོགས་མང་པོ་ཞིག་གི་ཐོག་ནས་ནམ་ཞར་བོད་པར་བཙན་གནོན་དང་མཐོང་ཆུང་། ཁྱད་གསོད། མི་ས་ནས་བཞག་པས་རྐྱེན་གྱིས་ཐབས་ཟད་འུ་ཐུག་ཏེ་མེ་སྲེག་བྱེད་གི་ཡོད་པ་རེད། དགའ་བཞིན་སྤྲོ་བཞིན་མེ་སྲེག་བཏང་བ་མ་རེད། ད་དུང་ནང་ཆོས་ཟེར་ནས་ཁ་གཡོར་ཞོགས། དོན་ངོ་མ་རང་སྲེག་ནི་ཞི་བའི་ལམ་ཁ་གཅིག་པུ་དེ་རེད། དེ་ཡང་མི་འགྲིག་ཟེར་ན་བོད་མི་མང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཁྱོད་ཚོས་ཐག་གཅོད་ཨ།
རང་ལུས་མེར་བསྲེག་གི་སྐོར་ལ་དྲང་པོ་བཤད་ན། ཀླུ་སྨྱོན་དང་། ཨ་དོན་ཉི་གཉིས་ཀ་ལ་ཁག་མིན་འདུག ཀླུ་སྨྱོན་གྱིས་འདི་ལྟར་བྲིས་པ་དེ་ལ་རྒྱུ་མཚན་འདུག རང་ལུས་མེར་བསྲེག་གིས་སྤྱི་པར་ཕན་ཐོགས་འདི་རེད་ཟེར་བ་བསྟན་རྒྱུ་མེད་མཁར། ཆབ་སྲིད་ཁྲམ་པ་འགའ་ཤས་ཀྱིས་དེ་བེད་སྤྱད་ནས་སྒེར་ལ་ཆབ་སྲིད་ཀྱི་གཟེངས་བསྟོད་ཐོབ་ཆེད་བཀོལ་སོང་།
ཨ་དོན་ཉི་ལ་ཁག་མིན་འདུག དེ་དག་༧རྒྱལ་བ་རིན་པོ་ཆེ་ལ་མི་མང་པོས་མི་དགའ་བའི་རྒྱུར་འགྲོ་དྭོགས་ཀྱིས་ཤ་ཚའི་གཏམ་རེད་ལ། གཤེགས་ཟིན་པའི་དོ་བདག་དང་ཁོང་ཚོའི་ནང་མིར་ཡང་གློད་གཏོང་ཆེན་པོ་འདི་འདྲ་ཞིག་གི་རྗེས་ལ་འབྲས་བུ་རྣམས་བྱས་ཉེས་ལ་མི་འགྲོ་བའི་ཤ་ཚ་རེད།
ངའི་རེ་བར། ང་ཚོས་ཆབ་སྲིད་ཀྱི་བགྲོ་གླེང་ཆོ་མེད་དེ་ཚོ་སྤངས་ནས། བོད་ཀྱི་དུས་བབ་ལྟ་བུས། མེར་བསྲེག་སྐོར་ལ་བགྲོ་གླེང་བཙུགས་ནས། ངོ་མ་བགྲོ་གླེང་ཡག་པོ་ཞིག་བྱེད་ཐུབ་ན་ཀུན་ལ་ཕན། ང་ཚོ་ཕྱི་ནས་འདི་ལས་ལེགས་པའི་ཞབས་འདེགས་བསྒྲུབ་རྒྱུ་གཞན་མིན་འདུག སྨོན་ལམ་འདི་ག་ཚོད་ཕན་གྱི་ཡོད་མེད་སུས་ཤེས།
བགྲོ་གླེང་དེའི་ནང་ལ་རང་ལུས་མེར་བསྲེག་གི་ཕན་ཐོགས། གནོད། ཕུགས་ལ་ཁ་ཕྱོགས་སོགས་གླེང་ཐུབ་ན་ལེགས། སྐབས་དེ་དུས། གནམ་ཀླད་བརྒྱུད་ཡེ་ཤེས་རིན་པོ་ཆེ་སོགས་གདན་ཞུ་བྱས་ནས་ཕན་ཚུན་གླེང་ན་ཆོག
འདི་ཡག་པོ་མིན་འདུག་གམ།
ཡག་པོ་འདུག
རིན་ཆེན་མི་ལུས་གཙང་མ་འདི། ཡི་དམ་ལྷ་ཡི་དཀྱིལ་འཁོར་ཡིན། རང་ལུས་མེ་བསྲེགས་བཏང་བ་དེ། ལྷ་ཡི་དཀྱིལ་འཁོར་བཤིགས་དང་མཚུངས། དེ་དང་གང་འབྲེལ་སྐྱེ་བོ་རྣམས། དམྱལ་བ་སྐྱེ་བར་ཐེ་ཚོམ་བྲལ། དེ་ཕྱིར་ཚུལ་མིན་སྤྱོད་པ་རྣམས། དོར་ནས་བག་ཡོད་ཚུལ་མཐུན་གྱིས། བོད་དོན་འཐབ་རྩོད་བྱེད་པར་ཤོག །
རང་བསྲེག་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཁ་ནང་དུ་ལོག་ནས་བསམ་བློ་ཡག་པོ་ཞིག་གཏོང་རྒྱུ། ཁྱོད་རང་གི་ནང་མི་ཞིག་གིས་རང་བསྲེགས་བཏང་། ནང་མི་སྤུན་ཟླ་ཚོའང་བཙོན་ཁང་དུ་བཅུགས། ད་དུང་ཁྱོད་ཀྱིས་རྗེས་སུ་ཡི་རང་དང་བཅས་ཕྱི་རྒྱལ་ཡུལ་གྲུ་གང་རུང་ཞིག་ནས་སྐྱིད་བཟའ་སྐྱིད་ཐུང་བྱས་ནས་སྡོད་ཚུགས་གམ། ཕྲན་ལ་མཚོན་ན་རང་བས་གཞན་གཅེས་ཀྱི་བསམ་བློ་གང་ན་ཡོད། ཡིན་ཀྱང་ངེད་ཀྱི་ནང་མི་ཞིག་གིས་རང་བསྲེགས་བཏང་ན་བཟོད་ཐུབ་ས་མ་རེད་ལ། དེ་བས་ཀྱང་རྗེས་སུ་ཡི་རང་ཡང་ནམ་ཡང་བྱེད་ཐུབ་ས་མ་རེད། ཁ་ཆེ་ལོག་སྤྱོད་པའི་འགོ་ཁྲིད་སྦིན་ལ་ཏྲིན་གྱིས་ཀྱང་ཁོང་གི་ནང་མི་ཚོར་ཞལ་ཆེམས་འདི་ལྟར་བཞག་པ་ཐོས། ཁྱོད་རང་ཚོ་ཨ་རི་སོགས་ཕྱི་རྒྱལ་ལ་ཡུལ་ལ་བསྐྱོད་ནས་སློབ་སྦྱོང་ཡག་པོ་བྱོས། འཚོ་བ་སྐྱིད་པོ་རོལ། ངེད་ཀྱི་རྗེས་སུ་ནམ་ཡང་མ་འབྲང་ཞེས་གསུངས་པ་རེད། འོན་ཀྱང་རང་ལ་འབྲེལ་བ་མེད་མཁན་ཚོར་ཁ་ཆེ་མི་རིགས་ཀྱི་ལ་རྒྱའི་ཆེད་དུ་རང་སྲོག་བློས་གཏོང་དགོས་ཞེས་སྐུལ་སློང་བྱས་པ་རེད། འདི་ནི་ཤིན་ཏུ་ནས་སྐྱུག་བྲོ་བའི་གཏམ་རྒྱུད་རེད།
དེ་དང་གཅིག་མཚུངས་རང་བསྲེག་ལ་རྒྱབ་སྐྱོར་བྱེད་མཁན་འདི་ཚོ་རང་ལས་གཞན་ལ་བསམ་བློ་སྤུ་རྩེ་ཙམ་ཡང་མེད་མཁན་རྐྱང་རེད་སྙམ། ཐ་ན་མི་འདི་ཚོས་རང་བཙན་ལག་དེབ་ཀྱི་དཔྲ་ཁྲལ་ཀྱང་སྤྲོད་ཀྱི་ཨེ་ཡོད་སྙམ་པའི་དོགས་པ་ཞིག་ལྷང་ངེར་འཆར་གྱི་འདུག ཁྱོད་ཚོས་བོད་དོན་ཀྱི་ཆེད་དུ་དཀའ་ལས་ཅི་ཞིག་རྒྱབ། ཞལ་འདེབས་སྒོར་མོ་ཅི་ཙམ་ཕུལ། ང་ལ་དོགས་པ་ཞིག་ལྷང་ངེར་འཆར་བ་ནི། ཁྱོད་ཚོ་མི་གཅིག་ཀྱང་བོད་དོན་ལས་འགུལ་ལ་ཞུགས་ཀྱི་ཡོད་དམ་སྙམ་པ་དེ་ཡིན། །
རེད་ཡ། གཞན་ཕན་གྱི་ཀུན་སློང་བཟང་བོའི་དྲི་ཙམ་ཡང་མི་དྲོ་བའི་མི་ངན་འདི་ཚོས་རང་སྲེག་ནི་བྱས་རྗེས་ཆེན་པོ་ཡིན་ཚུལ་དང་། དཔའ་བོ་རེད་སོགས་བརྗོད་ནས་གཞན་ལ་བསླུ་བྲིད་དང་མགོ་སྐོར་ཁོ་ནས་དུའ་འདའ་བར་བདོག་ལགས། དོན་ལ་མི་འདི་ཚོས་དཔྱ་འཁྲལ་ཙམ་ཡང་འབུལ་གྱི་ཡོད་མེད་སུས་ཤེས། གལ་ཏེ་མེད་ཚེ་དེ་ལས་ལྷག་པའི་ཞབས་འདྲེན་ཞིག་ག་ལ་ཡོད། རང་ཐོག་ཏུ་བབས་ན་སྒོར་ཁ་ཤས་ཀྱང་བློས་གཏོང་ཐུབ་ཀྱི་ཡོད་མེད་སུས་ཤེས་ཐུབ། །
རང་སྲེག་གིས་ཀྱང་། རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས། གསུངས་པ་ལས་་་་་་
གྲ་ལོག་སྐྱ་མིན་སེར་མིན། སངས་རྒྱས་བསྟན་པའི་དགྲ་བོ། ཀླུ་སྨྱོན་བླ་བྲང་སྐལ་བཟང་། ཨ་དོན་རིག་པའི་རྡོ་རྗེ། །རྒྱ་ཁྱི་བོད་པའི་ནང་དགྲ། །བསྟན་སྲུང་མཐུ་ནུས་ལྡན་ན། ཐལ་བའི་རྡུལ་དུ་བསྒྱུར་ཅིག
ལྷ་སྲུང་ལ་ནུས་བ་ཞིག་ཡོད་ན་རྒྱ་ནག་སྔོན་ནས་མེད་པ་བཟོས་ཟིན་ཡོད་བ་རེད་ལགས། ཧཧ
ཆོས་སྐྱོང་ལ་ནུས་པ་ཡོད་རེད། ཆོས་པ་རང་ཉིས་ཀྱིས་གནོན་སྤྲད་བསྲེག་པ་ལ་སོགས་པ་བྱ་འདོད་ན། ཆོས་སྲུང་གིས་བྱེད་ཐུབ། དེ་མིན་བྱང་ཆུབ་སེམས་དཔའ་སེམས་གུ་ཡངས་ཅན་ཞིག་ཡིན་ན། ཆོས་སྐྱོང་གིས་ཉམས་ལེན་པ་རང་གི་ཉམས་ལེན་བསྡུ་བའི་དངོས་པོ་བཞི་དང་། སྦྱིན་སོགས་ཕན་ཕྱིན་དྲུག་གམ། ཞི་རྒྱས་དབང་དྲག་གི་ལས་སྒྲུབ་པའི་ནུས་མཐུ་འོངས་བ་ལ་བར་ཆད་སེལ་ཞིང་། མཐུན་གྲོགས་བྱེད་ཙམ་ལས། གཞན་ནུས་པ་གང་ཡང་ཡོད་མ་རེད་ལབ་ན་མི་འགྲིགས་པ་ཡོད་མ་རེད་དོ།། དེ་རིང་དེ་ཙམ་གྱིས་འགྲིགས་པ་བྱས། རྩོད་མཁན་ཡོད་ན་དགའ་བསུ་ཡོད་གདའ།། །།