ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
༸གོང་ས་མཆོག་གིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་མཛད་སྐབས་སྩལ་བའི་བཀའ་སློབ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་འབྱོར་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༤ ཉིན་བྷེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་༸ཞབས་སོར་བདེ་བར་འཁོད་ནས་མཐོ་སློབ་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་པ་དང་སྦྲགས། དགེ་ལས་སློབ་མ་དང་། ཕྱི་ནང་སྐུ་མགྲོན་སོགས་ལ་བཀའ་སློབ་སྩལ་དོན།
ལོ་རྒྱུས་ཡུན་རིང་ཡོད་པ་དང་། སོ་སོའི་སྐད་ཡིག་ལོགས་སུ་ཡོད་པ། སྐད་ཡིག་འདིའི་ནང་ཧ་ལམ་འཛམ་གླིང་འདིའི་སྟེང་ལྟ་གྲུབ་སྐོར་བཤད་པ་ཡིན་ན། ཕལ་ཆེར་ནཱ་ལེནྡྲའི་ལྟ་གྲུབ་ནི་ལྟ་གྲུབ་ཕྱུག་ཤོས་རེད་འདུག འདི་ལྟ་བུའི་ལྟ་གྲུབ་ཕྱུག་པོ་འདི་དེང་སྐབས་བོད་ཡིག་ནང་མ་གཏོགས་སྐད་ཡིག་གཞན་ནང་ཕལ་ཆེར་མི་འདུག དེ་འདྲའི་རླབས་ཆེན་མི་རིགས་རིག་གཞུང་ཕྱུག་པོ་ཡོད་པ་རྒྱུན་འཛིན་བྱེད་མཁན་སློབ་ཕྲུག་ཕོ་མོ་ཁྱེད་རང་ཚོ་གཙོ་བོར་གྱུར་པའི་དེ་རིང་འདིར་ཆེད་མངགས་མཛད་སྒོའི་སར་ཕེབས་པའི་མངའ་སྡེའི་ནང་སྲིད་བཀའ་བློན་མཆོག་དང་། མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག དེ་བཞིན་རྒྱབ་སྐྱོར་གནང་མཁན་སྦྱིན་བདག་དང་སྐུ་མགྲོན་རྣམ་པ་བཅས་ལ་ཞུ་རྒྱུར། དེ་རིང་འདིར་ང་ཚོ་བཙན་བྱོལ་མི་སྡེ་ཞིག་གིས་ས་གནས་འདིར་དཀའ་ལས་བརྒྱབ་ཏེ་འཛུགས་སྐྲུན་གྲུབ་འབྲས་མིག་མཐོང་ལག་ཟིན་ཡོད་པ་དེ་འདྲ་ཞིག་བྱུང་བ་རེད། དེ་རིང་སྒོ་འབྱེད་མཛད་སྒོའི་ཐོག་བཅར་ཐུབ་པ་ཧ་ཅང་དགའ་པོ་བྱུང་། ཁྱེད་རྣམ་པ་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གོང་གི་གསུང་བཤད་གནང་མཁན་ཚོས་དོན་སྙིང་ལྡན་པའི་བསླབ་བྱ་བཟང་པོ་དེ་འདྲ་གསུང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཤེས་རིག་བཀའ་བློན་ལ་ཆ་བཞག་ནའང་། སོ་སོར་ལས་འགན་ཞིག་ཡོད་རེད། ལས་འགན་ཡོད་པ་གཞིར་བཟུང་སོ་སོའི་མཐོང་ཚུལ་དང་རེ་འདུན་ཟོལ་མེད་བཤད་པ་དེ་དག་ཧ་ཅང་ཡག་པོ་བཤད་སོང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་གཞོན་སྐྱེས་ཕོ་མོ་ཚོར་འདི་གཅིག་བརྗོད་འདོད་བྱུང་། ང་ཚོ་ཐོག་མར་བཙན་བྱོལ་ལ་འབྱོར་སྐབས་ང་རང་ཚོའི་ཆོས་དང་རིག་གཞུང་གཏིང་ཟབ་པོ་ཡོད་པ་དེ་དག་སོ་སོའི་ལུང་པའི་ནང་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད། སྐད་ཆ་དམར་པོ་བཤད་པ་ཡིན་ན་བོད་མིས་བོད་པའི་ཆོས་དང་རིག་གཞུང་ལ་ཞེན་ཆགས་བྱེད་མཁན་ལ་ཁ་བྲལ་རིང་ལུགས་ཐོག་ཉེན་ཁར་རྩི་བཞིན་པའི་བཟོ་འདྲ་བོ་དེ་འདྲའི་གནས་སྟངས་ཤིག་ཆགས་ཡོད་སྟབས། ཕྱོགས་མང་པོ་ཞིག་ནས་ང་རང་ཚོའི་ཆོས་དང་རིག་གཞུང་དེ་དག་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པ་ཞིག་རེད་འདུག
འོན་ཀྱང་ད་བར་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་ཁོ་ནའི་འཛིན་པ་མ་གཏོགས་གཞན་ཕྱོགས་མང་པོ་ཞིག་ནས་གནོན་ཤུགས་ཧ་ཅང་སྤྲོད་བཞིན་འདུག དེ་འདྲ་ཞིག་གི་སྟེང་བཙན་བྱོལ་ལ་འབྱོར་བ་དེ་དག་ཕྱོགས་གཅིག་ནས་རང་དབང་ལུང་པའི་ནང་གནས་ཡོད། གཉིས་ནས་འཕགས་བོད་གཉིས་ཟེར་ནས་ལོ་རྒྱུས་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད།
ངོས་ཀྱིས་ནམ་རྒྱུན་རྟག་པར་འདི་ལྟར་བཤད་ཀྱི་ཡོད། ང་ཚོ་བོད་པ་ལོ་རྒྱུས་ཐོག་དང་ནང་ཆོས་བོད་ལ་དར་བའི་རྗེས་ཀྱི་ལོ་རྒྱུས་ཐོག་ནས་མར་བཤད་པ་ཡིན་ན། ང་ཚོ་བོད་པ་ཚོ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གི་རྗེས་འཇུག་ལྟ་བུ་ཆགས་ཡོད། འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་ཧ་ལམ་ཆོས་དང་ལྟ་གྲུབ་ཆ་ནས་ང་ཚོ་དགེ་རྒན་དང་དགེ་ཕྲུག་ནང་བཞིན་ཆགས་ཡོད། དེ་ལྟ་བུའི་དམིགས་བསལ་གྱི་འབྲེལ་བ་ཆགས་ཡོད་པར་བརྟེན་འཕགས་བོད་གཉིས་ཀྱི་མིའི་བསམ་བློ་ནང་བོད་ཅེས་བརྗོད་དུས་རང་བཞིན་གྱི་སེམས་ཐག་ཉེ་བོ་ཡོང་བཞིན་འདུག མུ་སྟེགས་པ་ས་ཡ་བྱེ་བ་མང་པོས་ལྷ་ཆེན་དབང་ཕྱུག་ལ་དད་པ་བྱས་ནས་རྗེས་སུ་འབྲང་གི་ཡོད། ལྷ་ཆེན་དབང་ཕྱུག་གཏན་དུ་བཞུགས་ཡུལ་ནི་གངས་ཏེ་སེ་ཆགས་ཡོད། གངས་ཏེ་སེ་ནི་བོད་ནང་ཡོད། བོད་རྒྱ་ཆེའི་མི་མང་ནི་སངས་རྒྱས་པའི་ཆོས་བྱེད་མཁན་རེད། སངས་རྒྱས་པའི་ཆོས་བྱེད་མཁན་གྱི་སྟོན་པ་ཐུགས་རྗེ་ཅན་དང་། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་རྒྱ་གར་ཆགས་ཡོད། དེར་བརྟེན་གང་ལྟར་ཧིན་དུ་དུང་ཕྱུར་མང་པོ་ཞིག་གིས་སྨོན་ལམ་རྒྱག་ཡུལ་སྐྱབས་གནས་ནི་བོད་ཀྱི་ལྷ་ལྟ་བུ་ཆགས་ཀྱི་འདུག ལྷ་ཆེན་དབང་ཕྱུག་གཙུག་ཏུ་བཞུགས་ཡུལ་གངས་ཏེ་སེ་ནི་བོད་ཀྱི་ས་ཁུལ་དུ་ཡོད་སྟབས། དེ་འདྲའི་ཐོག་ནས་དམིགས་བསལ་ཞིག་འདུག བོད་ནས་རྒྱ་གར་དུ་འབབ་པའི་ཆུ་བོ་གང་གཱ་གཙོ་བོར་གྱུར་པའི་གངས་ཏེ་སེ་དང་འབྲེལ་བ་ཡོད་པའི་ཆུ་བོ་དེ་དག་བདུད་རྩི་ལྟ་བུ་རྩི་གི་ཡོད་པར་བརྟེན་ཧ་ཅང་གི་འབྲེལ་བ་ཟབ་མོ་རེད་འདུག
ངོས་རང་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱང་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དུས་ཆེན་དེར་རྒྱ་གར་ དུ་ཐེངས་དང་པོ་འབྱོར་སྐབས་རྒྱ་གར་ས་ཁུལ་ཁག་འགའ་ཤས་ནང་ལྟ་སྐོར་དུ་ཕྱིན་པ་ཡིན། སྐབས་དེར་སྦེང་ལོར་དང་ཕལ་ཆེར་མེ་སོར་ལའང་བསླེབས་པ་ཡོད། སྐབས་དེ་དུས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཅི་ལིངྒ་པ་མཆོག་ཡིན། ངོས་ཀྱིས་སྐབས་དེ་དུས་ནས་སྐུ་ཞབས་དམ་པ་ཁོང་ངོ་ཤེས་ཀྱི་ཡོད། ཁོང་ནི་སྐབས་དེ་དུས་ནས་དམིགས་བསལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་མཁན་ཞིག་ཡིན། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བོད་མི་ཁ་ཤས་ཤིག་རྒྱ་གར་དུ་བསླེབས་པ་རེད། སྐབས་དེ་དུས་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་ལ་བོད་པ་གནས་སའི་གཞིས་ཆགས་ཁག་གནང་སྐྱོང་ཡོང་བར་ཞུ་སྐབས་སྲིད་བློན་མཆོག་གིས་མངའ་སྡེ་ཚོར་ཕྱག་བྲིས་ཕུལ་བའི་ནང་ནས་མེ་སོར་མངའ་སྡེས་སེམས་ཁུར་ཆེན་པོས་དང་ལེན་གནང་འདུག དེར་བརྟེན་རྒྱ་གར་ལྷོ་ཕྱོགས་ནང་བོད་མིའི་གཞིས་སྒར་ཆེ་ཤོས་རྣམས་ཚུགས་ཐུབ་པ་བྱུང་ཡོད་པ་མ་ཟད། ཆོས་སྒར་ཆེ་ཁག་ཀྱང་འདིར་འདུས་ཡོད། རྣམ་པ་ཚོས་ནི་ཅི་ལིངྒ་པའི་སེམས་ཁུར་ད་དུང་ཡིན་ནའང་འཁྱེར་བཞིན་འདུག་པར་ བརྟེན་བསྔགས་བརྗོད་ཞུ་རྒྱུ་ཡིན།
བོད་ནང་དཀའ་ངལ་འདི་ལྟར་འཕྲད་བཞིན་ཡོད་སྟབས། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་པ་ཚོས་བོད་པའི་ཆོས་དང་རིག་གཞུང་། ལྟ་གྲུབ་འདི་དག་བདག་པོ་བརྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རིག་གནས་ཆེ་བ་ལྔ་པོ་ནི་ང་ཚོ་བོད་པས་ད་བར་བདག་པོ་བརྒྱབ་ནས་ཉར་བ་འདི་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུའི་དུས་ཚོད་སླེབ་ཀྱི་ཡོད་པའི་བཟོ་འདྲ་ཞིག་འདུག དེར་བརྟེན་ཁྱེད་རང་ཚོ་གཞོན་སྐྱེས་དེ་དག་གང་ལྟར་ངོས་ཀྱི་མི་རབས་རྫོགས་པའི་རྗེས་སུ་ཁྱེད་རང་ཚོ་འགན་འཁྱེར་མཁན་ཆགས་ཀྱི་ཡོད། མཁྱེན་སོང་ངམ། ངོས་རང་ལོ་ ༨༡ སླེབས་ཡོད། ལོ་བཅུ་ཕྱིན་ན་དགུ་བཅུ་གོ་གཅིག་རེད། དེ་ནས་ལོ་ཉི་ཤུ་ཕྱིན་ན་བརྒྱ་དང་གཅིག་གི་སྟེང་སླེབ་ཀྱི་ཡོད། དེ་ནས་ཕལ་ཆེར་ཚུགས་ཀྱི་མ་རེད། ཁྱེད་རང་ཚོ་དེ་དག་མུ་མཐུད་ནས་དེའི་མཇུག་འཛིན་མཁན་ཆགས་ཡོད།
དེར་བརྟེན་དེ་སྔ་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་རྩ་ཆེན་པོ་འདི་དག་བདག་པོ་བརྒྱག་ནས་བསྡད་པ་འདི་ད་ཆ་འཛམ་གླིང་འདིའི་ཁྲོམ་རའི་སྟེང་སྟོན་རྒྱུའི་དུས་ཚོད་སླེབ་འདུག ངོས་ཀྱིས་འཛམ་གླིང་གར་སར་སྐད་ཆ་བཤད་དུས་དོ་སྣང་བྱེད་མཁན་ཧ་ཅང་ཡོང་བཞིན་འདུག འདི་ངོས་རང་མཁས་དྲགས་ནས་བྱུང་བ་གང་ཡང་མ་རེད། ང་ཚོ་བོད་ལ་དེ་ལྟ་བུའི་སློབ་སྦྱོང་གཏིང་ཟབ་པོ་ཡོད་པའི་རྒྱུ་མཚན་གྱིས་ཚན་རིག་པ་དང་མཉམ་དུ་གྲོགས་པོ་སྒྲིག་ཐུབ་ཀྱི་འདུག་ཤེས་སོང་ངམ། དད་པ་གཅིག་པུའི་ཐོག་ཕྱིན་པ་ཡིན་ན་ཚན་རིག་པ་ཟེར་དུས་ཕྲན་བུ་ཟོན་བྱེད་དགོས་པའི་བཟོ་འདྲ་ཞིག་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།།
་་་་་་་་་་རྒྱ་གར་ལྷོ་ཕྱོགས་ནང་བོད་མིའི་གཞིས་སྒར་ཆེ་ཤོས་རྣམས་ཚུགས་ཐུབ་པ་བྱུང་ཡོད་པ་མ་ཟད། ཆོས་སྒར་ཆེ་ཁག་ཀྱང་འདིར་འདུས་ཡོད། རྣམ་པ་ཚོས་ནི་ཅི་ལིངྒ་པའི་སེམས་ཁུར་ད་དུང་ཡིན་ནའང་འཁྱེར་བཞིན་འདུག་་་་་་་་་་་
་་་་་་་་་ཅི་ལིངྒ་པ་་་་་་་