ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒིག་འོག་ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་དང་ལོ་རྒྱུས་ཐོག་ནས་བོད་རང་བཙན་གྱི་གནས་བབ་དང་། འབྱུང་འགྱུར་བོད་ཀྱི་གནད་དོན་གསལ་ཆེད་དབུ་མའི་ལམ་གྱི་ཐབས་ལམ་གཞི་རྩར་བཟུང་བའི་སྲིད་བྱུས་རྒྱུན་སྐྱོང་དགོས་པའི་སྐོར་གྱི་དཔེ་དེབ་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པ་མཚན་བྱང་དུ། བོད་རྒྱ་ནག་གི་ཆ་ཤས་མིན། འོན་ཀྱང་བོད་ཀྱི་གནད་དོན་གསལ་ཐུབ་པའི་ཐབས་ལམ་ཉག་གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན། ཞེས་པ་དབུ་འབྱེད་གནང་།
དེ་རྗེས་མཁས་པའི་བགྲོ་གླེང་ལྷན་ཚོགས་དབུ་འཛུགས་གནང་འདུག དེ་ཡང་ཚོགས་ཐུན་གསུམ་ནས་ཚོགས་ཐུན་དང་པོའི་སྐབས་ལོ་རྒྱུས་སྨྲ་བ་སྐུ་ཞབས་ཀོ་ལོ་ཌི་ཨར་པི་ Claude Arpi ལགས་དང་། རྒྱ་ནག་ཐོག་ཉམས་ཞིབ་དང་བྱུས་འགོད་པ་སྐུ་ཞབས་ཇ་ཡ་དེབ་ར་ན་དེ་ Mr Jayadeva Ranade ལགས་བཅས་བགྲོ་གླེང་གནང་མཁན་ཡིན་པ་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་གཙོ་སྐྱོང་གནང་མཁན་ཡིན་འདུག
སྐབས་དེར་ལོ་རྒྱུས་སྨྲ་བ་སྐུ་ཞབས་ཀོ་ལོ་ཌི་ཨར་པི་ལགས་ཀྱིས་ས་བབ་ཀྱི་གནས་སྟངས་ཐོག་ནས་བོད་འདི་རྒྱ་དཀར་ནག་གཉིས་ཀྱི་བདེ་འཇགས་ལ་ཇི་ཙམ་གལ་གནད་ཆེན་པོ་ཆགས་མིན་དང་། དེ་བཞིན་ཇ་ཡ་དེབ་ར་ན་དེ་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་སྒྱུར་འོག་མཁྲེགས་འཛིན་གྱི་སྲིད་བྱུས་ཤུགས་ཆེ་རུ་འགྲོ་བཞིན་པ་དེས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་སྐོར་བགྲོ་གླེང་གནང་འདུག བགྲོ་གླེང་ལྷན་ཚོགས་སྐབས་ཚོགས་ཁང་རྦད་དེ་ཁེངས་ཡོད་འདུག
དེ་བཞིན་ཚོགས་ཐུན་གཉིས་པའི་སྐབས་ཁོར་ཡུག་ཉམས་ཞིབ་པ་གྲགས་ཅན་སྐུ་ཞབས་བྷྲམཱ་ཅེལ་ལ་ནི་ Prof Brahma Chellaney ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཀེ་ཊི་སོན་དར་སི་ Kate Saunders ལགས་གཉིས་ཀྱི་བགྲོ་གླེང་སྐབས་སྐལ་ལྡན་མཚོ་མོ་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་འདུག
སྐབས་དེར་གཙུག་ལག་སློབ་དཔོན་སྐུ་ཞབས་བྷྲམཱ་ཅེལ་ལེ་ནི་ལགས་ཀྱིས་གཏེར་དངོས་ཀྱིས་ཕྱུག་པའི་བོད་ཀྱི་རང་བྱུང་ཁོར་ཡུག་སྤྱི་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་བྱས་རྗེས་ལན་གཅིག་ལ་ཨེ་ཤི་ཡའི་གླིང་ཆེན་ནང་གི་རྒྱུག་ཆུའི་ས་ཁྲ་རྩ་བ་ནས་བརྗེ་སྒྱུར་བཏང་བའི་གནས་སྟངས། དེ་བཞིན་བོད་ཀྱི་ཁོར་ཡུག་ཉམས་ཆག་བཏང་བ་དེས་འཛམ་གླིང་ས་ཕྱོགས་གཞན་ལ་རྗེས་འབྲས་ངན་པ་ཇི་ལྟར་ཐེབས་བཞིན་ཡོད་སྐོར་སོགས་གསུངས།
ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཀེ་ཊི་སོན་དར་སི་ལགས་ཀྱིས་ད་ལྟའི་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་ཆོས་དད་རང་དབང་གི་གནས་སྟངས། དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་ཆོས་སྒར་དུ་གྲྭ་བཙུན་རྣམས་ཀྱི་སྡོད་ཤག་གཏོར་བཤིག་གཏོང་བཞིན་པ་མ་ཟད། གྲྭ་བཙུན་མང་པོ་དགོན་པ་ནས་གནས་དབྱུང་བཏང་བ་བརྒྱུད་ཆོས་སྡེ་ཆེན་པོ་དེའི་ནང་གི་དགེ་བཙུན་གྱི་ཞལ་གྲངས་ལ་ཚད་བཀག་བཟོ་རྒྱུའི་ལས་འགུལ་སྤེལ་མུས་ཡིན་སྐོར་སོགས་གསུངས། མུ་གེའི་སྒང་ཟླ་ལྷག་གི་དཔེ་ལྟར། གསེར་རྟ་བླ་རུང་སྒར་དུ་དགེ་བཙུན་རྣམས་ལ་ཆོས་དད་རང་མོས་ཀྱི་ཐོབ་ཐང་རྩ་བ་ནས་མ་སྤྲད་པའི་ཁར་རྒྱ་ནག་གཞུང་གིས་བདམས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་རློམ་པ་རྒྱལ་མཚན་ནོར་བུ་ཟེར་བར་བོད་མི་ཚོས་དད་གུས་ཞུ་དགོས་པའི་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་གནོན་སྤྲོད་བཞིན་ཡོད་སྐོར་གསུངས།
ཚོགས་ཐུན་མཐའ་མའི་སྐབས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་གཙུག་ལག་སློབ་དཔོན་སྐུ་ཞབས་ཌིབ་ཡེ་ཤི་ཨ་ནནྡ་ Dibyesh Anand ལགས་གཉིས་ཀྱི་བགྲོ་གླེང་སྐབས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་འདུག
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་གསལ་ཐུབ་པའི་ཐབས་ལམ་འོས་ཤིང་འཚམས་པའི་སྲིད་བྱུས་ནི་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་འདི་ཉིད་ཡིན་པ་ཙམ་དུ་མ་ཟད། ཐབས་ལམ་དེ་བརྒྱུད་གལ་ཏེ་བོད་ཀྱི་དཀའ་ངལ་སེལ་ཐུབ་ཚེ། ཤུགས་མ་ཐུག་གིས་རྒྱ་གར་གྱི་དཀའ་ངལ་ཡང་སེལ་ཐུབ་རྒྱུ་ཡིན་སྐོར་གསུངས།
སྐུ་ཞབས་ཌིབ་ཡེ་ཤི་ཨ་ནནྡ་ Dibyesh Anand ལགས་ཀྱིས་སྐབས་དེར་སྤྱིར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཙོ་བོ་རྒྱ་གར་ཆགས་ཡོད་ཀྱང་ཁོང་སྒེར་གྱི་བསམ་ཚུལ་ལྟར་ན། ད་དུང་ཡང་རྒྱ་གར་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་མ་འདང་བའི་ཆ་མང་པོ་ཞིག་གཟིགས་བཞིན་ཡོད་ཚུལ། དེར་བརྟེན་རྒྱ་གར་གཞུང་གིས་བོད་ཐོག་འཛིན་བཞིན་པའི་ཕྱི་འབྲེལ་སྲིད་བྱུས་དེར་བསྐྱར་ཞིབ་གནང་རྒྱུའི་དུས་ལ་བབ་ཚུལ་དང་། རྒྱ་གར་གཞུང་གིས་རྒྱ་ནག་དང་འབྲེལ་བ་གནང་སྐབས་བོད་ཀྱི་འཇམ་པོའི་སྟོབས་ཤུགས་ཇི་ལྟར་བཀོལ་སྤྱོད་གནང་ཐུབ་པའི་སྲིད་བྱུས་སྐོར་སོགས་བགྲོ་གླེང་གནང་འདུག །
རང་ཚོའི་རང་བཙན་རྩོད་ཀྱི་ཡོད་ན་ཕྱིའི་རྒྱལ་ཁབ་ཀྱི་རོགས་སྐྱོར་མེད་ན་མེད་ཐབས་ཡིན་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་གི་དགོས་འདུན་ང་ཚོའི་སྟོན་ཡོད་ན་བོད་རྒྱ་གཉིས་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བྱས་ནསབོད་རྒྱའི་དཀའ་ངལ་སེལ་དགོས་པ་ལས་རྒྱ་ནག་གི་རྩ་ཁྲིམས་འོག་བསྡད་ནས་ཕྱིའི་རྒྱལ་ཁབ་ལ་རོགས་སྐྱོར་ཞུ་རྒྱུ་དེ་བོད་རྒྱའི་འབྲེལ་ལམ་གྱི་བར་ཐག་རིང་དུ་གཏོང་རྒྱུ་ཙམ་ལས་བོད་རྒྱའི་འབྲེལ་ལམ་ལ་ཕན་ནུས་ལྡན་པའི་ཆབ་སྲིད་ཀྱི་ལམ་ཁ་བསྟན་རྒྱུ་ཁག་པོ་མིན་འགྲོ་།
གཞུང་པ་ཚེ་དབང་བསོད་ནམས་ལགས་ནས་གསུང་བ་ལ་འཐད། ལོ་རབས་བརྒྱད་ཅུ་ནས། ང་ཚོས་བཏོན་པའི་གྲོས་གཞི་ལ་རྒྱབ་སྐྱོར་ནུབ་ཕྱོགས་ནས་བཙལ་གྱི་བསྡད་པ་དེས་རྒྱ་ནག་དང་གྲོས་མོལ་བྱེད་རྒྱུར་གནོད་ཡོད། བྱེད་སྟངས་དེ་ད་དུང་ཡང་འགྱུར་མེད། ད་ལྟ་བསྒྱུར་ན་ཡང་། རྒྱ་ནག་གཞུང་གིས་ཁ་ཡང་མི་བྱེད་པའི་ཚད་ལ་སླེབས་ཡོད།
ད་དུང་རྒྱ་ནག་གཞུང་ལ་སྐྱོན་རྐྱང་རྐྱང་གི་ངོས་ནས་ལྟ་བ་མ་གཏོགས། བཟང་ཕྱོགས་ནས་ཚིག་གཅིག་བཤད་མི་ཐུབ་པ་འདི་ཡང་ང་ཚོའི་ཕྱོགས་ཀྱི་སྐྱོན་ཞིག་རེད་སྙམ། རྒྱ་ནག་ལ་སྐྱོན་མང་པོ་དང་ཆེན་པོ་ཡོད་པ་རེད། ཡིན་ན་ཡང་བཟང་ཆ་རྩ་བ་ཉིད་ནས་མེད་པ་དེ་འདྲ་ཡང་མ་རེད། དཔེར་ན། བོད་ཀྱི་གླུ་དང་ཞབས་བྲོ་འཁྲབ་སྟོན་ལྟ་བུ་ཆ་བཞག་ན། བོད་ནང་གི་ད་ལྟའི་གསོན་ཤུགས་འདི་འདྲ་ཞིག་ནི་ལོ་རྒྱུས་ཐོག་བྱུང་ཡོད་པ་མ་རེད། བཙན་བྱོལ་སྤྱི་ཚོགས་ཀྱིས་རྒྱ་ནག་གིས་ང་ཚོའི་རིག་གཞུང་ལ་གཏོར་སྐྱོན་བྱེད་ཀྱི་འདུག་ཟེར་ཞོར་དུ། གླུ་དང་ཞབས་བྲོ་བོད་ནང་གི་འཁྲབ་སྟོན་ལ་ལྟ་ཉན་བྱེད་དགོས་པ་དང་དེ་ལ་ལད་མོ་བྱད་དགོས་པ་དེ་རེད། ད་དུང་གསུང་རབ་རྙིང་པའི་དཔེ་སྐྲུན་ཡང་དལྟའི་དུས་ཀྱི་འཁྲུག་པོ་འདི་འདྲ་ཞིབ་བྱུང་མྱོང་ཡོད་པ་རེད། འདི་ཚང་མ་བཙན་བྱོལ་གཞུང་དང་མི་དམངས་ཀྱིས་མཐོང་གི་ཡོད་པ་རེད། ཡིན་ན་ཡང་བཟང་ཕྱོགས་ཀྱི་ཚིག་གཅིག་ཀྱང་བཤད་ཐུབ་ཀྱི་ཡོད་པ་མ་རེད། གཞན་གྱི་བཟང་ཕྱོགས་རེ་བརྗོད་ནས་རྩ་དོན་ནི་ཤོར་གྱི་མ་རེད། གཞན་གྱི་སྐྱོན་ཕྱོགས་དང་མཉམ་དུ་བཟང་ཕྱོགས་མཐོང་ཐུབ་པ་འདི་ཡོན་ཏན་རེད་མ་གཏོགས་སྐྱོན་ཆ་མ་རེད། ཕྱོགས་གཅིག་མ་གཏོགས་མི་མཐོང་བ་འདི་སྐྱོན་རེད། འདིས་སུ་ཡིན་ཡང་ང་ཚོ་དང་མཉམ་དུ་གྲོས་མོལ་བྱེད་པའི་འདོད་པ་ཇེ་ཆུང་ལ་གཏོང་བ་མ་གཏོགས་ཇེ་ཆེར་གཏོང་གི་མ་རེད།
རང་བཙན་མ་རྩོད་མཉམ་གནས་རྩོད། །
མཉམ་གནས་ཆེད་དུ་འདྲ་མཉམ་རྩོད། །
འདྲ་མཉམ་ཆེད་དུ་དྲང་བདེན་རྩོད། །
དྲང་བདེན་རྩོད་ཕྱིར་སློབ་སྦྱོང་བརྩོན། །
རྒྱ་བོད་མཉམ་གནས་ལས་ལ་བརྩོན། །
བོད་རྒྱ་མཐུན་འབྲེལ་ལམ་ལ་བཞུགས། །
གཉིས་སྨན་མཉམ་གནས་དབུ་མའི་ལམ། །
ཁྱིམ་མཚེས་བོད་རྒྱི་དཔང་པོར་འཇོག །
྇ཁྱིམ་མཚེས་བོད་རྒྱི་དཔང་པོར་འཇོག །
འདི།
ཁྱིམ་མཚེས་བོད་རྒྱའི་དཔང་པོར་འཇོག །
རླུང་གི་སྒོ་ང་ཁ་ཕྱེ་ནས་ད་ལྟའི་འཇིག་རྟེན་འདི་ཆགས་པ་ནས་
བོད་རྒྱ་ས་སྦྲེལ་དང་ཆོས་དང་རིག་གཞུང་གཉེན་སྒྲིག་སོགས་འདས་པའི་བོད་རྒྱའི་ལོ་རྒྱུས་ལ་ཁ་ཕྱོགས་ནས་བོད་རྒྱ་གཉིས་མི་དང་མི་ཐུག་ནས་དངོས་ཡོད་རྒྱུ་ཚན་འབྲེལ་བཤད་རྒྱད་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བྱས་ནས་འ་མོང་བོད་རྒྱ་གཉིས་ཀྱི་ཚ་བོ་ཚ་མོའི་མི་ཚེའི་མདུན་ལམ་ལ་བདེ་སྐྱིད་སྦྱིན་ཐུབ་པའི་གཉིས་སྨན་ཆབ་སྲིད་ཀྱི་ཐབས་ལམ་ཚོལ་དགོས་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བསྡད་ནས་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཚད་ལྡན་ལེན་དགོས་པ་ལས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བསྡད་ནས་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཚད་ལྡན་དེ་ཕྱིའི་རྒྱལ་ཁབ་ཀྱི་ནམ་ཡང་སྤྲོད་མི་ཐུབ་ན་ཆབ་སྲིད་རིག་པ་དང་ལོ་རྒྱུས་རིག་པ་ཚོའི་དཔྱད་ཞིབ་ནན་ཙམ་གནང་དགོས་པ་དེ་བོད་རྒྱའི་འབྲེལ་ལ་ཞིག་ན་གལ་ཆེན་ཞིག་མ་རེད་དམ་?
༅༅། པད་རྣམ་ལགས།
གཞན་པ་བཤད་རྒྱུ་མང་ཞིང་རྗོགས་རྒྱུ་མེད། བོད་ལ་སྐྱིད་པོ་དང་རང་དབང་ཆེན་༷པོ་ཡོད་ཅེས་འགྲོ་གྲོན་བཏང་ནས་གཞས་ཞབས་བྲོ་འཁྲབ་
བཅུག་གི་ཡོད་པ་ལས་དེ་མིན་ཅི་ཡང་མེད། གཞས་ཚིག་ལའང་བརྟག་དཔྱད་བྱེད་ཀྱི་ཡོད།
དོན་དངོས་སུ་ཉེ་ཆར་གྲ་ཤག་གཏོར་བ་དང་གྲ་བཙུན་ཕྱིར་ཕུད་བཏང་པ་དེ་ནས་ཤེས་ཐུབ་པ་རེད།
མང་པོ་བཤད་རྒྱུ་མིན། བཟང་ཕྱོགས་ཀྱི་ཚིག་བོད་པས་ཁ་ནས་འདོན་གྱི་མེད་པ་རེད།
མ་འདོན་པའི་རྒྱུ་མཚན་ཁྱེད་ཀྱི་ཤེས་ཀྱི་ཡོད་ཤག།
༅༅།བཙུན་མ་དགོན་ནས་ཕྱིར་འབུད་བྱས་དང་གཅིག།
བཙུན་མས་དམག་ཆས་གློན་བཅུག་པ་དང་གཉིས།
བཙུན་མས་དམག་གླུ་བཏང་དུ་བཅུག་དང་གསུམ།
འདི་གསུམ་རང་དབང་ཡིན་དང་བཙན་གནོན་ཡིན།
སེམས་ཡོད་མཁས་པ་རྣམས་ཀྱི་དགོངས་ཚུལ་ཤོད།
རང་བཙན་མེད་ན་རང་དབང་གང་ན་ཡོད་།
གཞན་དབང་འོག་ཏུ་བོད་མིའི་ལས་དབང་རྫོགས་།
འུ་ཐུག་ཐབས་ཟད་རང་ལུས་མེ་ལ་བསྲེགས་།
འདི་དག་ཐམས་བཅས་རང་དབང་མེད་པའི་སྐྱོན་།
བོད་རྒྱའི་དཀའ་སྙོགས་སེལ་ལ་ཁ་དམག་དོར་།
བོད་རྒྱའི་དཀའ་སྙོགས་སེལ་ལ་སྐྱོན་འཛུགས་དོར་།
བོད་རྒྱའི་དཀའ་སྙོགས་སེལ་ལ་ཕན་ཚུན་ཐུག་།
བོད་རྒྱའི་དཀའ་སྙོགས་སེལ་ལ་གོ་བསྡུར་བགྱིས་།
བོད་རྒྱའི་དཀའ་སྙོགས་སེལ་ལ་རྒྱུ་ཚན་བཤོད་།
བོད་རྒྱའི་དཀའ་སྙོགས་སེལ་ལ་འབྲེལ་ལམ་བཙུགས་།
བོད་རྒྱའི་དཀའ་སྙོགས་ཕར་བཤད་ཚུར་ཉན་དགོས་།
བོད་རྒྱའི་དཀའ་སྙོགས་ཚུར་བཤད་ཕར་ཉན་དགོས་།
བོད་རྒྱའི་དཀའ་སྙོགས་གཉིས་ཕན་ཆབ་སྲིད་ཚོལ་།