མདོ་བ་བློ་བཟང་བསྟན་པ། (འོས་སྦྱོར།)
སྤྱིར་བཏང་ང་ཚོའི་དཔལ་ཡོན་ཡར་ཐོན་ཚད་ངེས་ཅན་ལ་སོན་པའི་མི་རིགས་དང་རྒྱལ་ཁབ་གང་རུང་ལ་མཚོན་ན། མི་ཚུལ་རིག་པ་ཞེས་པ་ནི་མི་བུའི་སོ་སོའི་རྒྱུན་ཤེས་སུ་ཆགས་ཟིན་པ་ཞིག་ཡིན་ཅིང་། སྤྱིར་ན་མི་ཚུལ་རིག་པ་ཞེས་པར་རིག་གནས་ཕྱོགས་གཅིག་གིས་སྡོམ་བརྒྱབ་ན་ཆོག་པ་ཞིག་མིན་ཞིང་། དཔེར་ན། མི་ཚུལ་ཀུན་སྤྱོད་རིག་པ་དང་། མི་ཚུལ་དཔལ་འབྱོར་རིག་པ། མི་ཚུལ་དམག་དོན་རིག་པ་སོགས་ཧ་ཅང་མང་བས་རེ་རེ་ནས་བགྲང་བར་མི་བྱ་འོ། ཡིན་ནའང་མི་ཚུལ་རིག་པར་རྒྱས་མངའ་མེད་པའི་མི་རིགས་ཤིག་ལ་མཚོན་ན་འདི་ནི་རྣ་བའི་ལམ་དུ་ཐོས་མྱོང་མེད་པའི་ཚོད་དུ་འདུག།
རང་རིགས་ལྟ་བུར་མཚོན་ན་མི་ཚུལ་རིག་གནས་ཀྱི་གོ་རྟོགས་ཡོད་མཁན་མི་ཉུང་ཤེས་ལས་མེད་པ་འདུག་སྙམ། དཔེར་ན་མི་ཚུལ་ཀུན་སྤྱོད་རིག་པ་ལྟ་བུ་ཡིན་ནའང་ང་ཚོའི་མི་མང་པོ་ཞིག་གིས་ཧ་གོ་ཡི་མེད་ཚོད་འདུག དེ་ནི་མི་བུ་རེ་རེའི་འགྲོ་འདུག་སྤྱོད་གསུམ་གྱི་ངོས་ནས་ཀྱང་ལས་སླ་མོར་ར་འཕྲོད་ཡོང་། དྲང་མོ་བཤད་ན་ང་ཚོས་མི་བུ་ཞེས་པ་ནི་ཅི་ཞིག་ཡིན་པ་དང་། མི་བུ་ཞེས་པ་ནི་ཅི་འདྲ་ཡིན་དགོས་པའི་མི་ཚུལ་རིག་གནས་མང་པོ་ཞིག་མ་མཐོང་བའི་རྐྱེན་གྱིས་མི་ཡི་འགྲོ་སྟངས་ཀྱང་ཡག་པོ་ཞིག་ཆགས་མ་ཐུབ་པ་ཡིན། ང་ཚོའི་མི་བུའི་རིག་གནས་མང་པོ་ཞིག་ནི་མི་བུའི་འཚོ་གནས་ཀྱི་གནད་དོན་དང་འབྲེལ་ཞིང། སོ་སོའི་མི་ཚེའི་ནང་དུ་དགོས་དབང་གིས་བྱུང་བ་ཞིག་ཡིན། དེ་ཡང་མི་བུ་ཞིག་ཡིན་ན་མི་བུའི་འཚོ་གནས་ཀྱི་གནད་དོན་དང་འབྲེལ་བའི་མི་ཚུལ་རིག་གནས་མང་པོར་མཐོང་རྒྱ་མེད་ཚེ། མི་བུས་མི་ངོ་ཟིན་དཀའ་བ་ནི་མི་ཚུལ་རིག་གནས་ཀྱིས་སྟོང་བའི་མི་བུ་མང་པོ་ཞིག་གི་བྱེད་སྟངས་ཀྱིས་གོ་བ་བདེ་ལེགས་དུ་སྟེར་འོང་། དཔེར་ན་ང་ཚོའི་བོད་པ་ལྟ་བུ་ཡིན་ནའང་། མི་ཚུལ་རིག་གནས་ཀྱི་སད་རྟོགས་དང་ཉམས་མྱོང་གང་ཡང་མེད་པ་ཡིན། དེ་ཙམ་དུ་མ་ཟད་ཆོས་ལུགས་རིག་གནས་ཀྱི་མཐོང་ཐོས་ཀྱང་ང་ཚོ་བོད་མི་སྤྱི་བྱིངས་ལ་གཞི་ནས་མེད་པ་ཡིན་སྙམ།
ང་ཚོ་ཆོས་ལུགས་རིག་པར་དད་མོས་ཆེན་པོ་ཡོད་ཀྱང་། དེ་ནི་དད་མོས་ཁོ་ན་ཞིག་ལས་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་ནི་ང་ཚོའི་དགོན་སྡེའི་བཤད་གྲྭ་ཉུང་ཙམ་ལས་གཞན་དུ་མེད་པ་ཡིན། དེ་ནི་མང་བོ་བཤད་མི་དགོས་ཏེ། འདས་པའི་ལོ་རྒྱུས་ལས་ཀྱང་ང་ཚོའི་བོད་མི་སྤྱི་བྱིངས་ནི་ཡིག་རྨོངས་པ་རྐྱང་བ་ཡིན་པ་དེ་ལས་ཀྱང་ར་འཕྲོད་ངེས། དེ་ལྟར་ཡིན་དུས་ང་ཚོས་ཡིག་རྨོངས་མ་སད་པར་ནང་བསྟན་རིག་པར་སློབ་སྦྱོང་བྱ་མི་ཐུབ་པ་ནི། དཔེར་ན། བྱ་ཞིག་ལ་གཤོག་ཟུང་མ་འཛོམས་དུས་ནམ་མཁར་འཕུར་མི་ཐུབ་པ་བཞིན་ནོ།
དེས་ན་ང་ཚོའི་མི་རིགས་ལྟ་བུ་ཡིན་ན་མི་ཚུལ་རིག་པ་མང་པོ་ཞིག་མ་མཐོང་བའི་རྐྱེན་ཆེ་ཤོས་ནི། དང་པོ་ཡིག་རྨོངས་ཀྱི་འདམ་རྫོབ་ལས་འཕག་མ་ཐུབ་པས་སོ། དེས་ན་རང་རེའི་ལེགས་ལམ་ཀུན་གྱི་རྩ་བ་ནི་ཡིག་རྨོངས་སད་དགོས་པ་དེ་ཆགས་འདུག་སྙམ། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ཡིན་ནའང་། ཡིག་རྨོངས་མ་སད་པར་གང་ལའང་རྨོངས་དད་ཀྱིས་ང་ཚོ་ཡར་ཐོན་ཡོང་དཀའ་ཚོད་རེད་ཨང་།
དེའི་ཕྱིར་རང་རེ་ནི་དཔལ་ཡོན་ཡར་ཐོན་གྱི་ཚུལ་དུ་བསླེབས་དགོས་ན་ཐོག་མར་ཡིག་རྨོངས་སད་དགོས་པ་དེ་གནད་ཀྱི་དོན་པོ་ཞིག་ཏུ་ཁོ་བོས་སེམས། དཔེར་ན་ཆོས་ལུགས་རིག་གནས་མ་གཏོགས་མེད་པའི་མི་རིགས་ཀྱི་མི་མང་ཤས་ཤིག་ལ་ནི། ཡོད་ཚད་ཆོས་ལུགས་དང་འབྲེལ་ཡོད་སྙམ་པའི་སྣང་ཚུལ་ཡོང་གི་ཡོད། དཔེར་ན་འགྲོ་བ་མི་ཡི་བཟང་སྤྱོད་དེའང་ཆོས་ལུགས་རིག་གནས་དང་ཆོས་ལུགས་པ་ཁོ་ནའི་ཉམས་ལེན་བྱ་དགོས་པར་འདོད་པའི་འཁྲུལ་ཤེས་ཅན་གྱི་མི་མང་བོ་ཞིག་འབྱུང་གི་ཡོད་ཚོད། དེ་ནི་མི་ཚུལ་རིག་པ་ཞེས་པར་སློབ་སྦྱོང་མེད་པའི་རྐྱེན་གྱིས་ཡིན། ང་ཚོ་སུ་ཞིག་ཡིན་ནའང་མི་བུ་ཞིག་ཡིན་ཕྱིན་མི་བཟང་བོ་ཞིག་ཡོང་བར་རེ་བ་བྱེད་དགོས་པ་དང་། མི་ཚུལ་ཀུན་སྤྱོད་རིག་པ་དེ་ཅི་ཞིག་ཡིན་པ་ངོས་ཟིན་ན། ད་གཟོད་མི་བུས་མི་ངོ་ཟིན་ཐུབ་པ་ཡིན།
མི་ཚུལ་རིག་པ་མ་དར་བའི་ང་ཚོ་ལྟ་བུ་ཡིན་ན། དཔེར་ན་གཞན་ཕན་གྱི་ཀུན་སློང་། བྱམས་བརྩེ། གུས་བརྩི་བྱེད་དགོས་པ། རྐུ་བྱེད་པ་དང་འཕྲོག་བཅོམ་རིགས་བྱེད་མི་ཆོག་པ་སོགས་མི་ཚུལ་ཀུན་སྤྱོད་རིག་པའི་སྐོར་ནི། ཆོས་ལུགས་པའི་འགན་འཁྲི་ཁོ་ནར་འདུག་སྙམ་པ་མ་གཏོགས། ཆོས་ལུགས་པའི་སྡེ་ཁག་ཏུ་ཞུགས་མེད་པའི་མི་ཞིག་ཡིན་ན། གང་བྱུང་བྱ་ཆོག་སྙམ་པའི་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་འཛིན་མཁན་གྱི་མི་མང་བོ་འབྱུང་གི་ཡོད། དེ་ནི་མི་ཚུལ་ཀུན་སྤྱོད་རིག་པ་སོགས་ཀྱི་རྒྱུན་ཤེས་ཙམ་ཡང་མེད་པའི་རང་མདོག་ཕྱི་ལ་འཁྲབ་པ་ཙམ་ཡིན། སྤྱིར་བཏང་མི་བཟང་བོ་ཞིག་སྟེ་རྒྱུ་འབྲས་བློ་མིག་ཅན། གཞན་ཕན་ཅན། གུས་བཀུར་ཅན། སེམས་བཟང་ཅན་སོགས་བྱེད་དགོས་པ་ནི། ཆོས་དད་ཡོད་མིན་ལ་མ་ལྟོས་པར་འགྲོ་བ་མིའི་རིགས་ཐུན་མོང་གི་འགྲོ་འདུག་སྤྱོད་གསུམ་གྱི་ཁྲོད་དུ་ཉམས་ལེན་རྩིས་མཐོང་བྱ་དགོས་པའི་ལས་རླབས་ཆེན་པོ་ཞིག་ཏུ་གྱུར་ཡོད། དཔེར་ན་དཔལ་ཡོན་ཡར་ཐོན་ཅན་དུ་བསླེབས་པའི་མི་བུ་དག་ལ་འདི་དག་གི་རྒྱུན་ཤེས་ཆགས་ཟིན་པའི་ཕྱིར་རོ།
དེས་ན་ང་ཚོས་མི་ཚུལ་ཀུན་སྤྱོད་རིག་པ་སོགས་མི་ཚུལ་རིག་གནས་མང་པོ་ཞིག་ལ་སློབ་སྦྱོང་བྱ་ན། ང་ཚོས་ཀྱང་མི་བུས་མི་ངོ་ཤེས་ཤིང་། མི་བུ་སོ་སོར་འགན་འཁྲིའི་འདུ་ཤེས་ཞེས་པ་ཞིག་ཡོད་པ་དེའང་ཡོད་དགོས་པ་ཞིག་དང་། མི་ཚུལ་ཀུན་སྤྱོད་རིག་པ་སོགས་ནི་རང་ཉིད་མི་བུ་ཞིག་ཡིན་པའི་ངོས་ཐད་ནས་ཀྱང་། སོ་སོའི་འགན་འཁྲིའི་འདུ་ཤེས་གཞི་བྱས་པའི་སྟེང་དུ་ངེས་པར་དུ་ཉམས་ལེན་བྱ་དགོས་པའི་གནད་དེ་རྟོགས་པ་ན། ད་གཟོད་ང་ཚོས་ཀྱང་མི་བུས་མི་ངོ་ཟིན་ཞིང་། མི་བུའི་མི་ཚེའི་ནང་དུ་འཚོ་གནས་ཀྱི་ལམ་བུ་ཡག་པོ་ཞིག་གི་སྣེ་མོར་འཇུ་ཐུབ་པ་ཡིན་སྙམ། དེ་ལྟར་ན་ང་ཚོ་དཔལ་ཡོན་ཡར་ཐོན་ཅན་གྱི་སྤྱི་ཚོགས་ཤིག་ཀྱང་ཆགས་ཐུབ་པར་རེ་བ་ཡོད་དོ། དེ་དག་གི་སྔོན་འགྲོ་རུ་གོང་དུ་བཤད་པ་ལྟར་མི་ཚུལ་རིག་གནས་མང་པོ་ཞིག་གི་སད་རྟོགས་ཡོད་དགོས་པ་དེ་འོ།
༅༅། མི་ཚུལ་རིག་གནས་སྐོར་ལ་ལྗགས་རྩོམ་གནང་པ་དེ་ཡག་པོ་འདུག་ བཀྲིས་བདེ་ལེགས་ཞུ།
མི་ཚུལ་རིག་པ་མཐའ་གཅིག་ཏུ་ཡི་གེར་རག་ལས་པར་མི་འདོད། འཛམ་གླིང་ན་ཡི་གེ་མེད་པའི་མི་རིགས་སྟོང་ཕྲག་མང་པོ་ཡོད། དེ་ཚོའི་རིག་གཞུང་ཤིན་ཏུ་ངོ་མཚར་བ་དང་། ཁོ་ཚོས་རང་གི་མི་རིགས་དང་རང་བྱུང་ཁམས་ལ་བཅངས་པའི་བརྩེ་དུང་ནི་ཧ་ལས་པ་རེད། དཔེར་ན་ཡོ་རོབ་པ་ཚོ་མ་བསླེབས་སྔོན་གྱི་ལྷོ་བྱང་ཨ་མེ་རི་ཀའི་གདོད་མའི་མི་རིགས་བཞིན།
དམག་ཆེན་དང་པོ་དང་གཉིས་པ་སློང་མཁན་གྱི་ཡོ་རོབ་རྒྱལ་ཁབ་དག་དང་ཁྱད་པར་དུ་སྐབས་དེའི་འཇར་མན་དང་འཇར་པན་གྱི་མི་ཕལ་མོ་ཆེར་ཡི་གེའི་སློབ་གསོ་ཐོབ་ཡོད་པ་རེད། ཡིན་ཡང་རང་གཞན་གཉིས་ཕན་གྱི་འདུ་ཤེས་མེད་པར་རང་རྒྱལ་གཞན་ཕམ་གྱི་འདུ་ཤེས་ཛ་དྲག་པའི་རྐྱེན་གྱིས་འཛམ་གླིང་ལ་ཁྲག་གི་འཁོར་ལོ་བསྐོར་པ་རེད།
་་་་་་་་་ དཔེར་ན་ང་ཚོའི་བོད་པ་ལྟ་བུ་ཡིན་ནའང་། མི་ཚུལ་རིག་གནས་ཀྱི་སད་རྟོགས་དང་ཉམས་མྱོང་གང་ཡང་མེད་པ་ཡིན། དེ་ཙམ་དུ་མ་ཟད་ཆོས་ལུགས་རིག་གནས་ཀྱི་མཐོང་ཐོས་ཀྱང་ང་ཚོ་བོད་མི་སྤྱི་བྱིངས་ལ་གཞི་ནས་མེད་པ་ཡིན་སྙམ། ་་་་་་་་་ ཟེར།
ཆེད་རྩོམ་ལ་དགའ་བསུ་ཡོད་ཀྱང་། མདོ་བས། མི་ཚུལ་རིག་གནས་ཤེས་མ་ཤེས་དང་། མི་ཚུལ་རིག་གནས་ཡོད་མེད་གཉིས་ཀྱི་ཁྱད་པར་དང་། ཁ་ཕྱེ་མ་ཤེས་ནས་ལུས་འདུག་སྙམ་ལགས།
ལོ་ཉི་བརྒྱའི་གོང་ལ་ཨ་རི་གདོད་མའི་མི་རིགས་རྣམས། མི་རིགས་དཀར་པོ་ལས་མཐོ་བའི་མི་ཆོས་རིང་ལུགས་ཡོད་རེད། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་སྐབས་ལ་རྒྱརིགས་ལས་བོད་རིགས་རྣམས་མི་ཆོས་རིང་ལུགས་མཐོ་བ་ཡོད་རེད། འོནད་ཀྱང་། སྡུག་རྩུབ་པ་མི་ངན་པས་མི་བཟང་པོ་མེད་པར་བཟོ་བ་མི་ཆོས་རིང་ལུགས་ཀྱིས་གནས་སྐབས་མི་ཕན་ཡང་། མཐར་ཐུག་གཉིས་ཀ་ལ་ཕན་ཐོགས་ཐུབ་པ་རེད།
མི་ཡི་ཚུལ་ལུགས་གང་དང་གང་། དེ་དང་དེ་ལ་ཆོས་རྗེས་འཇུག དེ་ལྟ་བས་ན་ཆོས་པས་ཀྱང་། འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང་། ཞེས་དང་། །མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པའང་གམ་ན་འདུག ཅེས་དང་། །ས་པཎ་གྱིས་ས་སྐྱ་ལེགས་བཤད་ཀྱི་མགོར། རིག་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །ཞེས་སོགས་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་གསུངས་པ་མང་པོ་ཡོད། །དཔལ་ན་ལེཎ་ཌའི་ཆོས་བརྒྱུད་འཛིན་པའི་ངོས་ནས་སྔོན་ཐོན་ཡིན་པའི་མ་ཚད་རི་རྒྱ་ཀླུང་རྒྱ་བསྡམ་པའི་སྲོལ་དང་འཁོར་ཡུག་ལ་བདག་གཅེས་དང་འབག་བཙོག་མི་ཡོང་བའི་ངང་ཚུལ་བཟང་པོ་དེ་རྣམས་ཀྱང་སྔོན་ཐོན་ནོ།
མི་ཆོས།
མི་ཆོས་མེད་པའི་ལྷ་ཆོས་མེད། །
ལྷ་ཆོས་མེད་པའི་ཡ་རབས་མེད། །
ཡ་རབས་མེད་པའི་དྲང་བདེན་མེད། །
དྲང་བདེན་མེད་པའི་མི་ཆོས་མེད། །