དམིགས་བསལ་ཚོགས་ཆེན་སྟེང་ལ།།
མི་ཆེན་དཔོན་ཆེན་ཕེབས་སོང༌།།
དགོངས་ཚུལ་བསམ་ཚུལ་བར་ནས།།
རྒན་གཞོན་ཁྱད་པར་ཤོང་སོང༌།།
རྒན་པ་བབ་བརླིང་བརྟན་གསུམ།།
གཞོན་པ་གཡས་རྒྱུག་གཡོན་རྒྱུག།
རྒན་གཞོན་གོམ་འགྲོས་བར་ནས།།
དགོངས་ཚུལ་བསམ་ཚུལ་འཁྲུགས་སོང༌།།
ཁ་སང་རྨིས་པའི་རྨི་ལམ།།
བསམ་ཚུལ་ནམ་མཁས་བཀྱགས་སོང༌།།
མཐོ་བཤད་དམའ་བཤད་བར་ནས།།
དམིགས་བསལ་བསམ་ཚུལ་བརླག་སོང༌།།
མང་ཉུང་ལག་པ་བཀྱགས་ནས།།
བསམ་ཚུལ་སྒོ་མོ་བརྒྱབ་སོང༌།།
ཉིང་བསྡུས་ཚིག་ཐོའི་ནང་ལ།།
སྐུ་ངོའི་སྐུ་གཟུགས་མངོན་བྱུང༌།།
བསམ་ཚུལ་བསྡུས་པ་སྔ་སོང༌།།
གནད་དོན་འགྱུར་བ་ཕྱིས་སོང༌།།
སྔ་རྗེས་ཤོར་བའི་རྨི་ལམ།།
སྐྱ་རེངས་ལག་པས་བསུབ་སོང༌།།
ཐམས་ཅད་བདེན་ན་ལྟས་ངན།།
ཕྱེད་ཀ་བདེན་ན་ཡ་མཚན།།
གོ་རྟོགས་མཐོ་དམན་བར་ན།།
ཡ་མཚན་རི་མོ་ཇེ་མང༌།།
ས་ཡ་དྲུག་གི་དོན་དག།
ཉི་མ་དྲུག་ལ་གླེང་སོང༌།།
དོན་ཚན་དྲུག་གི་ཚིག་ཐོས།།
ཚོགས་ཆེན་རེ་བ་བརླག་སོང༌།།
སྙིང་གྲོགས་ཤ་ཞེན་ཅན་པོའི།།
འཁྲུལ་སྣང་རེ་བ་ཡལ་འདུག།
རྒྱལ་ཞེན་སེམས་ཀྱི་རི་མོ།།
བསམ་འཆར་ཐིགས་པས་བསུབ་འདུག།
མཐོ་བཤད་དམའ་བཤད་བར་གྱི།།
འཆར་གཞི་འཇའ་ཚོན་རི་མོ།།
ལག་ལེན་ལག་པས་ལེན་པར།།
རྒྱང་ཐག་ཧ་ཅང་རིང་ཟེར།།
ཨ་ཙི་གྲོགས་པོ་ཨེ་བདེན།།
ཨ་ལ་གྲོགས་པོ་ཅི་ཟེར།།
ཨ་ཡོད་ནང་གི་ད་ཡོད།།
ཨ་ལོང་སྒོར་མོའི་འཇུ་ཐག
མང་ཉུང་ལག་པ་བཀག་པའི།།
བཀའ་སྤྱིའི་ལམ་སྟོན་ཐིག་ཤིང༌།།
ཚོགས་ཆུང་བསམ་ཚུལ་ལག་པས།།
དེ་རིང་རྐེད་ནས་བཅགས་སོང༌།།
ཚིག་ཐོའི་ནང་གི་རི་མོ།།
མང་ཉུང་ལག་པའི་རི་མོ།།
རི་མོའི་ནང་གི་བསམ་ཚུལ།།
ལག་པ་བཀྱགས་པའི་རི་མོ།།
འདི་ནི་གྲོགས་པོས་ཚོགས་ཆེན་སྐོར་གླེང་བའི་གཏམ་ལས་ཉུང་ངུའི་ཚིག་ཏུ་སྤེལ་བའོ།།
རྒྱལ་མཆོག་ཐུགས་དགོངས་ཟབ་ནས།
མ་འོངས་བོད་ཀྱི་མདུན་ལམ།
མང་ཚོགས་བོད་ཀྱི་བདག་པོས།
ཐག་གཅོད་བྱེད་པར་མངགས་སོང་།
རྒྱ་ལོ་ཐུགས་སྣང་སྤྲོ་པོས།
ཏིང་དང་ཏིང་ཞེས་ཟེར་ནས།
མ་བྱུང་མ་ཡོང་མཐའ་དག
སྐུ་ཚབ་མགོ་ལ་བྱུག་སོང་།
འཇུ་ཆེན་བྱུས་ཀྱིས་བདག་པོས།
རྒྱ་ལོའི་འཁྲིས་ལ་ཞུགས་ནས།
གཟིམས་ཁྱི་ཨ་ལགས་འཇིགས་མེད།
རྒྱ་རིར་སྨུག་པར་བཏང་སོང་།
རྒྱ་རི་ཐུགས་རྒྱངས་ཅན་ནས།
ཛ་དྲག་ཚོགས་འདུའི་བར་ལ།
ཐག་རིང་མཆོད་རྟེན་དྲུང་དུ།
བུ་ཚ་སྤུལ་སྐུ་བཟོས་སོང་།
ཐུས་མི་སེམས་ཤུགས་ཆེ་ནས།
དབུ་མ་རང་བཙན་འབྲེལ་མོལ།
བཤད་བཤད་བཤད་བཤད་བཤད་ནས།
ཚོགས་འདུ་རྩབ་རལ་བཏང་སོང་།
གཟམ་སྟོང་མཁས་དབང་ཆེན་མོས།
ཁོར་ཡུག་བཟང་པོ་དགོངས་ནས།
མི་གྲངས་ལྔ་བརྒྱ་བརྒྱད་བཅུའི།
ཁ་མཆུ་སྦོག་མར་ལེན་སོང་།
ད་ནི་དོན་ཆེན་ཐམས་ཅད།
གནས་ཆུང་མཆོག་གིས་གནང་རོགས།
ཤུགས་ལྡན་འཇམ་དབྱངས་སྤྲུལ་པ།
གྱང་གི་ཕྱི་ལ་ཕེབས་སོང་།
ཚོགས་འདུ་ག་པ་ཡིན་ཡང་།
ཚོགས་མཁན་ལ་ཡོན་ཏན་མེད་ན།
ཉིན་མ་ག་ཚོད་འཚོགས་ཀྱང་།
དོན་དག་ཡོང་རྒྱུ་ཨ་ཡོད་།
ད་ནི་དོན་ཆེན་ཐམས་ཅད།
གནས་ཆུང་མཆོག་གིས་གནང་རོགས།
ཤུགས་ལྡན་འཇམ་དབྱངས་སྤྲུལ་པ།
གྱང་གི་ཕྱི་ལ་ཕེབས་སོང་།
http://news.creaders.net/photo/newsViewer.php?nid=366738&id=850787&aid=14