སྐྱོ་བྲག་དགའ་དབང་།
སྤྱིར་སྐྱེས་སྐར་གྱི་དུས་སྟོན་བྱེད་པའི་སྲོལ་ལུགས་གནའ་ནས་ཡོད་ནའང་། དིང་སང་ཡེ་ཤུས་པའི་ཤུགས་རྐྱེན་ལྟ་བུས་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་སྐབས་འདིར། ང་ཚོ་ནང་པ་སངས་རྒྱས་པ་རྣམས་ལའང་། སྟོན་པ་སངས་རྒྱས་ཀྱི་འཁྲུངས་སྐར་ནི། ངེས་པར་དུ་ཡོད་དགོས་པ་ཞིག་ཡིན་ནའང་། ད་བར་གཅིག་གྱུར་གྱི་དུས་སྟོན་ཞིག་མེད་པ་རེད།
མེད་པའི་རྒྱུ་མཚན་གང་ལ་ཐུག་པ་ནི། ནང་པ་སྤྱི་སྲོལ་གྱི་སངས་རྒྱས་ཀྱི་འཁྲུངས་ཚེས་གཅིག་གྱུར་ཞིག་མེད་པ་འདི་རེད། སངས་རྒྱས་ཀྱི་འཁྲུངས་ཚེས་གཅིག་གྱུར་མེད་པ་ནི། མཁས་པ་ཡིན་ཁུལ་གྱི་རྗེས་འཇུག་ཚོས་གང་འདོད་རེ་སྦྱར་བས་ལན་པ་ཡིན་གྱི། དོན་དངོས་ལ་སངས་རྒྱས་ཀྱི་འཁྲུངས་ཚེས་གཅིག་གྱུར་བྱེད་མི་ཐུབ་པ་ཞིག་ནི་མ་རེད།
གཅིག་གྱུར་བྱ་ཐབས་ནི། ད་ལྟར་འཛམ་བུའི་གླིང་འདིར་བདག་ཅག་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པའི་ནང་བསྟན་ནི། ལྷོ་བརྒྱུད་ནང་པ་དང་། རྒྱ་བརྒྱུད་ནང་པ་དང་། བོད་བརྒྱུད་ནང་པ་གསུམ་ཙམ་རེད། བརྒྱུད་པ་གསུམ་པོའི་འདུལ་བའི་གཞུང་རྣམས་ལ་གཞི་བཅོལ་ཏེ། སངས་རྒྱས་འཁྲུངས་སྐབས་ཀྱི་གཟའ་སྐར་ཚེས་གྲངས་དང་། གཟའ་འཛིན་སོགས་ཀྱི་དམིགས་བསལ་དུས་རྟགས་རྣམས་ལོ་ཟླ་ཞག་དུས་གང་ལ་འདུག་འཕྲུལ་ཆས་ཀྱིས་ཡར་སློག་བྱས་ན་ཡུད་ཙམ་གྱིས་ཤེས་ཡོང་བ་སྟེ། དིང་སྐབས་འཛམ་གླིང་གི་ས་གནས་གང་སར། ནང་བསྟན་བརྒྱུད་པ་གསུམ་གྱི་བགྲོ་གླེང་། ཞེས་པ་ཞིག་འཚོགས་བཞིན་འདུག་པ། དེ་འདྲའི་ཚོགས་ཐེངས་གཅིག་གི་སྐབས་ལྟ་བུར་ཁྲུན་ཐག་ཆོད་པའི་ཞིབ་འཇུག་ཅིག་བཟོས་ཤག་ན་དགོས་དོན་གྲུབ་ཟིན་པ་རེད།
འཕྲུལ་ཆས་ལ་ཤར་ཡོང་བ་ནི། སྐབས་དེ་དུས་ཀྱི་རྒྱ་གར་བའི་སྤྱི་ཚོགས་ལ་ཡོངས་ཁྱབ་ཡིན་པ་ནི། ད་ལྟའི་གཟའ་སྐར་གྱི་འགྲོས་རྣམས་འཕྲུལ་ཆས་ཀྱི་ལམ་ནས་ང་ཚོར་མངོན་སུམ་དུ་སྟོན་བཞིན་ཡོད་པ་འདི་ཀས་ཤེས་པ་ཡིན། རང་གི་བླ་མ་ཡིན་པའི་ཕོ་རུས་དང་ཞེན་པས་མངོན་སུམ་དུ་མཐོང་བ་ལ་སྙོན་མ་དོར་ན་སངས་རྒྱས་ཀྱི་འཁྲུངས་ཚེས་གཅིག་གྱུར་ནི་དིང་སང་ཆེས་ལས་སླ་བོ་རེད། གཅིག་གྱུར་ཆགས་ཟིན་ན། སངས་རྒྱས་ཀྱི་འཁྲུངས་སྐར་ནི། སྤྱི་སྒེར་ག་རེས་བྱས་ནའང་བྱ་ཆོག་ཏུ་ཡོད་པ་རེད།
ང་ཚོའི་ངོས་ནས་སངས་རྒྱས་ཀྱི་འཁྲུངས་སྐར་ནི། དཔེ་མེད་ཀྱི་གལ་ཆེན་རེད། གང་ཡིན་ཞེ་ན། རྒྱུན་སྲོལ་ཞིག་སྲུང་སྐྱོབས་བྱེད་པ་ན། ཡུལ་དུས་དང་སྟུན་པའི་ལས་ཀ་ནི་བྱ་ཤེས་དགོས་ཤིང་། རྗེས་སུ་དྲན་པ་ཞིག་ལ་སངས་རྒྱས་ལས་གལ་ཆེ་བ་ཞིག་དྲན་དུ་མེད་ལ། འཁྲུངས་སྐར་གྱི་དུས་སྟོན་གཅིག་གིས། གཞོན་ནུའི་སེམས་ལ་ནང་པའི་བག་ཆགས་ཧ་ལས་པ་འཇོག་ཐུབ་ཀྱི་རེད།
སངས་རྒྱས་ཀྱི་འཁྲུངས་ས་འདས་ས་དང་། སངས་རྒྱས་ས་དང་ཆོས་འཁོར་བསྐོར་ས་བཞི་ཡི་ས་གནས་ངོས་འཛིན་ཐུབ་ནས་གནས་ཆེན་བཞི་རུ་གྱུར་པ་བཞིན། དུས་ཚིགས་བཞི་ཡང་སྤྱི་མཚུངས་གཏན་འབེབས་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ་ངེས་འདུག་པ་ནི་ཤིན་ཏུ་ནས་བདེན་པ་འདུག
འཁྲུངས་སྐར་ངོ་མཚར་དད་པ།
་
སྟོན་པ་ལུམ་བིའི་ཚལ་དུ་འཁྲུངས་པར་དད། །
མ་ཡུམ་ཡལ་གར་འཆང་ནས་འཁྲུངས་པར་དད། །
ཕྱག་གཡས་མཆན་འོག་འཁྲུངས་པར་ངོ་མཚར་དད། །
འཁྲུངས་ནས་གོམ་བདུན་སྤོས་སོགས་ངོ་མཚར་དད། །
ང་ནི་འདི་ན་མཆོག་གསུངས་ངོ་མཚར་དད། །
ཞབས་འོག་པདྨ་འཁྲུངས་པ་ངོ་མཚར་དད། །
ཚངས་བརྒྱས་མེ་ཏོག་གཏོར་སོགས་ངོ་མཚར་དད། །
ཀླུ་ཡིས་རས་གོས་ཕུལ་སོགས་ངོ་མཚར་དད། །
་
ཀརྡོས་འཁྲུངས་སྐར་དད་འབུལ།
གསུངས་འཆར་ཡག་པོ་འདུག །སྤྱིར་བཏང་ལྷོ་རྒྱུད་ནང་བསྟན་བ་ཚོའི་ས་ག་ཟླ་བའི་ཚེས་བདུན་ཉིན་”ཝའི་སཀ” (Vaisak) ཞེས་པའི་དུས་སྟོན་དེ་སྟོན་པའི་འཁྲུངས་སྐར་རྩ་ཆེན་རྩི་བཞིན་འདུག །ངེད་བོད་ལུགས་ལ་འདས་མཆོད་དེ་རྩ་ཆེན་རྩིས་པ་ལས་འཁྲུངས་སྐར་ལ་དེ་ཙམ་དོ་སྣང་མི་གནང་བར་འདུག་པའི་རྒྱུ་མཚན་ཅི་ཡིན་ཆ་མ་ཚལ། ད་སྟོན་པ་ཡེ་ཤུ་མཆོག་གི་འཁྲུངས་སྐར་འཛམ་གླིང་གང་སར་ཧ་ལས་པོ་རྩི་ཡོངས་དུས་གཞི་ནས་བདག་ཅག་སྟོན་པའི་འཁྲུངས་སྐར་རྩི་རྒྱུ་དྲན་པ་དེའང་ཕྱི་མི་འདུག་སྙམ།