—–ཀླུ་སྨྱོན།
སྟོན་པ་ཡེ་ཤུ
ཁྱིམ་ཚང་དབུལ་བོ་ཞིག་ལ་འཁྲུངས།
ཐ་ན་ཕ་ངོ་མ་ཡང་ངོས་འཛིན་མེད།
ལ་ལས་ཕ་མེད་ཀྱི་བུ་ཞིག་ཡིན་ཟེར།
གང་ལྟར་ལུག་ར་ཞིག་གི་ནང་དུ་བཙས།
དེ་ཡང་བདུད་ཀྱི་བར་ཆད་མང་པོ་ལས་གཡོལ་རྗེས་སུ་ཡིན།
རྩིས་པ་མི་གསུམ་མ་གཏོགས།
བྱིས་པ་ཆུང་ཆུང་དེའི་མ་འོངས་པ་རྟོགས་མཁན་མེད།
ཨ་མའི་གྲོགས་པོ་ནང་ཚགས།
ཇོ་སེབ་ཀྱིས་ཕ་གཡར་གྱི་འགན་ཁུར་ཏེ།
ཁྱེད་དགུང་ལོ་བཅུ་བཞིའི་དུས་སུ།
ཚོང་བ་མང་པོར་བཅོལ་ནས་རྒྱ་གར་དུ་བརྫངས།
དེ་དུས་དཔལ་ན་ལེནྡྲ་གྲགས་པ་ཆེ་བའི་སྐབས་ཡིན་པས།
འཛམ་གླིང་ཤར་ནུབ་ཀྱི་སློབ་གཉེར་བ་མང་པོ་ངང་པ་མཚོ་ལ་འདུ་བ་བཞིན།
མ་ཤི་ཀ་ཁྱེད་ཀྱིས་ཀྱང་ན་ལེནྡྲར་ལོ་བཅུ་བཞིར་སློབ་གཉེར་གནང་།
སྦྱངས་འབྲས་ཀྱང་ཕུལ་དུ་བྱུང་།
ལྷག་པར་དུ་ཐེག་པ་ཆེན་པོའི་བློ་སྦྱོང་གི་སྐོར་ལ་མཁྱེན་རྒྱ་ཤིན་ཏུ་ཡངས།
དེ་རྗེས་ཀྱི་ལོ་གཉིས་ལྷག་ཙམ་ལ།
རི་བོ་ཧི་མ་ལ་ཡའི་ངོགས་སུ་དྲང་སྲོང་མང་པོར་བསྟེན་ནས་སྒོམ་སྒྲུབ་བྱས་པས།
ཐུན་མོང་གི་དངོས་གྲུབ་ཁྱད་པར་ཅན་མང་པོ་ཡང་བརྙེས།
དེ་རྗེས་ཕྱིར་རང་གི་ཕ་ཡུལ་ཇི་རོ་སི་ལིམ་དུ་ཕེབས།
ང་ནི་དཀོན་མཆོག་གི་སྲས་ཡིན་ཞེས་བསྒྲགས།
དེ་ནི་བདག་ཅག་གི་སྟོན་པའི་མཛད་རྣམ་ལས།
བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད་ཅེས་པ་དང་ཡང་མཚུངས།
སྐལ་བ་ལྡན་པའི་མི་ཉུང་ཉུང་ཞིག་གིས་མ་གཏོགས།
དཀོན་མཆོག་གི་སྲས་ཡིན་པར་ངོས་ལེན་མ་ཐོབ།
ཁྱེད་ཀྱིས་ལོང་བར་མིག་སྦྱིན།
ཤི་བོ་གསོན་པོར་བསྒྱུར།
དབུལ་བོར་ཟས་བྱིན།
སྨྱོན་པར་རིག་པ་གསར་པ་སྦྱིན།
ཉིན་རེ་ཉིན་རེར་སྙན་གྲགས་རྒྱས།
ས་གནས་ཇུའུ་ཆོས་ལུགས་པ་སྤྱི་དང་།
ཁྱད་པར་དུ་ཆོས་དཔོན་ཚོའི་ཕྲག་དོག་གི་མེ་ལྕེ་འབར།
ཆོས་དཔོན་ཚོའི་རྒྱབ་ཏུ་ཁྲིམས་དཔོན་ཚོ་ལངས།
ཁྱེད་ནི་ཞི་བདེའི་དེད་དཔོན་ཞིག་ཡིན་པས།
དམག་དཔུང་གི་གྲ་སྒྲིག་མ་བྱས།
མཚོན་ཆ་ཡི་སོ་ཁ་མ་བརྡར།
ཡུལ་གྲུ་གཅིག་ནས་གཅིག་ལ་སྐྱབས་བཅོལ་ལྟ་བུར་ཕེབས།
སྐབས་འགར་མཚོ་ལ་བྱ་ལྟར་ལྡིང་བའི་གྲུབ་རྟགས་ཀྱང་བསྟན།
རྗེས་འཇུག་སྟོང་ཕྲག་མང་པོ་ཡོད་ཀྱང་།
ཐུགས་སྲས་བུ་ཆེན་བཅུ་གཉིས་ལ་གདམས་ངག་ལྷག་མ་མེད་པར་སྦྱིན།
མི་ཡུལ་གྱི་འགྲོ་དོན་རེ་ཞིག་རྫོགས་པས།
བསམ་བཞིན་དུ་ཆོས་དཔོན་དང་ཁྲིམས་དཔོན་ཚོའི་ལག་ཏུ་ཚུད་པར་མཛད།
བདུད་ཀྱི་ཕོ་ཉ་དེ་ཚོས།
ཁྱེད་ལ་སྐྱེ་བོ་མང་པོའི་དབུས་སུ་དམའ་ཕབ་ཅིང་མཚང་བྲུས།
ཉི་མ་ནག་པོ་ཞིག་གི་ཉིན་གུང་།
ཁོ་ཚོས་ཁྱེད་ཀྱི་རྐང་ལག་ལ་ལྕགས་གཟེར་བརྡབས།
ཁོ་ཚོས་ཁྱེད་ཀྱི་སྐུ་ལུས་རྒྱ་གྲམ་ལ་བསྐྱོན།
ཁྱེད་ཀྱིས་ཞལ་གྱེན་དུ་ཕྱོགས་ཏེ།
ཕ་དཀོན་མཆོག་གིས་ཐུགས་རྗེས་གཟིགས།
ལག་དམར་བ་འདི་ཚོར་ཉེས་པ་མེད་ཅེས་ལན་གསུམ་གསུངས།
གློ་བུར་དུ་སྤྲིན་ནག་འཁྲིགས་ཤིང་ཐོག་ཆེན་ལྷུང་།
ས་གཞི་གཡོས་ཤིང་མུན་པ་རུབ།
ནང་པའི་གཞུང་ལུགས་ལྟར་ན།
དེ་ནི་ས་ཐོབ་ཀྱི་སེམས་དཔའ་སྐུ་བལྟམས་པའམ་ཞིང་གཞན་དུ་གཤེགས་པའི་ལྟས་སུ་གོ་ཆོག
ཉིན་གསུམ་གྱི་རྗེས་སུ།
ཁྱེད་ཀྱིས་སྐུ་ཕུང་ལ་འདས་ལོག་མཛད།
འོད་ཀྱིས་འཁྱུད་པའི་སྐུ་ལུས་སྐྱེ་བོ་མང་པོར་བསྟན།
སྔར་བཞིན་བྱམས་སྙིང་རྗེའི་སྐོར་གྱི་གདམས་པ་བསྩལ།
དེ་ནས་ཁྱེད་རང་གི་སྤྲུལ་གཞི་དཀོན་མཆོག་གི་ཞིང་ཁམས་སུ་ཕེབས།
འདས་པའི་ལོ་ངོ་ཉིས་སྟོང་ལྷག་གི་རིང་།
ཁྱེད་ཀྱིས་འཛམ་གླིང་འདི་ལ་ཞི་བདེ་བསྩལ།
ཁྱེད་ཀྱིས་མི་ཡུལ་འདི་ལ་འོད་སྣང་བཀྱེས།
དེ་རིང་ནི་གཅིག་བྱས་ན་ཁྱེད་ཀྱི་འཁྲུངས་སྐར་ཡིན་སྲིད།
སྟོན་པ་ཤྰཀྱ་ཐུབ་པའི་རྗེས་འཇུག་ཡིན་པའི་བདག་གིས།
ཁྱེད་དང་འུ་གཉིས་ན་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་པ་ཡིན་པའི་ཞེན་ཁོག་ཙམ་ཞིག་བཟུང་སྟེ།
ཁྱེད་ལ་རྗེས་དྲན་གྱི་སྙན་ངག་འབྲི།
ཁྱེད་ལ་གུས་ཞབས་ཀྱི་མཆོད་མེ་སྦར།
སྟོན་པ་ཡེ་ཤུའི་ལོ་རྒྱུས་འདི་ཁུངས་གང་ལ་གཏུགས་ནས་བྲིས་སམ། དཔེ་ལ་བལྟས་ནས་རང་བཟོ་ཡིན་རྒྱུ་མ་རེད་དམ། ཀླུ་སྨྱོན་ལགས།
སྦེ་སྦེ་སིས་བཟོས་པའི་བརྙན་འདིར་གཟིགས།
https://www.youtube.com/watch?v=BbZCfWZI6qE
རྒྱ་གར་གྱི་དྲང་སྲོང་སྙན་གྲགས་ཅན་ཤྲྰི་ཡོ་གིའི་གསུང་ལ་ཡང་ཉོན།
https://www.youtube.com/watch?v=h5HDjgyk5r4
སྟོན་པ་ཡེ་ཤུའི་གློག་བརྙན་སྐད་གྲགས་ཆེ་ཤོས་དེར་གཟིགས།
https://www.youtube.com/watch?v=NFiPCb8qj5M
འདི་ནི་སྟོན་པ་ཡེ་ཤུའི་རྣམ་ཐར་བཤད་སྲོལ་ཞིག་རེད། དགུང་ལོ་བཅུ་བཞི་ནས་བོར་བརླག་ཏུ་ཕྱིན་ནས། ས་གནས་གང་དུ་འགྲོ་མིན་བཤད་དཀའ།
སྟོན་པ་སངས་རྒྱས་ཀྱི་ལོ་རྒྱུས་ཀྱང་བཤད་རྒྱུན་བསྒྲིགས་པ་ཙམ་ཞིག་རེད། དེ་ཡང་མདོ་ལུགས་དང་སྔགས་ལུགས་གཉིས་སུ་བདེན་ད་བར་ཐག་ཆོད་མེད་པ་ཡང་བཤད་རྒྱུན་ཙམ་ལ་ཁུངས་བཅོལ་བས་རེད། དེ་མ་གཏོགས་ཀུན་དགའ་བོའམ་མཆོག་ཟུང་གིས་བརྩམས་པའི་སྟོན་པའི་ལོ་རྒྱུས་རྣལ་མ་ཡོད་ན་མགོ་འཁྲུག་གཞི་མེད་པ་རེད།
ཡེ་ཤུ་རྗེས་འབྲང་བ་དག་ནང་བསྟན་གཉིས། ཡེ་ཤུས་འཇིག་རྟེན་འདི་ མི་མངིན་པའི་ལྷས་God དེས་བྱེད་པོ་འདོད། ནང་པས་འཇིག་རྟེན་འདི་ཉིད་རང་ཀྱིས་ལས་ལས་བྱུང་བར་འདོད། དེ་ནི་གཞི་རྩའི་ཁྱད་པར་ཡིན། ཡེ་ཤུས་རྗེས་འབྲང་བས་འཇིག་རྟེན་མི་ལ་ཧ་ཅང་གི་མཐོང་དང་བརྩི་བསྐུར་དང་། དེ་མིན་སྲོག་ཆགས་ཉ་དང་བྱ་རིགས་ཚེ་སྲོག་བཅོམ་ནའང་སྡིག་པའི་ལས་ལ་གཏོགས་པ་མི་འདོད། ནང་བསྟན་སྲོག་ཆགས་ཆེ་ཕྲ་ཅི་འདྲ་ལའང་ལུས་སེམས་གང་གིས་སྒོ་ནས་འཚེ་བ་བྱས་ན་ནང་བསྟན་ལས་འགལ་ཟླ་འགྲོ་བས་འཚེ་བ་མེད་པའི་སྤྱོད་པར་འཇུག་ཚུལ་ལ་ཁྱད་པར་དང་། ཡེ་ཤུས་པས་གང་ཟག་ཚེ་འཕོས་ནས་ཕུང་པོ་དུར་དུ་སྦས་ཏེ་རྣམ་ཤེས་འཇའ་ལྟར་ཡལ་ཏེ་ མི་མངོན་ལྷར་བཏིམ་པར་འདོད། སྐྱེ་བར་ཕྱི་མར་སླར་སེམས་ཅན་གང་དུ་ལུས་ལེན་པར་མི་འདོད། ནག་བསྟན་ནས་སྲོག་ཆགས་སུ་འདྲ་ཞིག་ཚེ་འཕོས་ནས་རྣམ་ཤེས་བར་དོ་ནས་འགྲོ་བ་གང་དུ་སྐྱེ་བ་ངེས་ཅན་ལེན་པར་དང་ལས་ཉོན་ལས་བྱ་བ་མ་གཏོགས་སླར་འཇིག་རྟེམ་སྐྱེ་བ་རྒྱུན་མ་ཆད་པར་སྐྱེ་བ་ལེན་པར་འདོད་པས། གཞི་ལམ་འབྲས་བུ་གང་ནང་བསྟན་དང་མཚུངས་སམ། འདི་རག་ཙམ་ཡིན། སྤྱིར་སྟངས་བྱམས་པ་དང་སྙིང་རྗེ་ཙམ་ཆོས་ལུགས་ཀུན་ལའང་ཡོད་དེས་འབྲས་མཐོ་རུས་བདེ་འབྲས་ཙམ་འབྱུང་ཡང་དོན་ཐོག་ལ། ཡེ་ཤུ་འངི་ན་ལན་ཌར་བཞུགས་ལྟ་སྤྱོད་གང་མ་མཚུངས་པས་bbc གནས་ཚུལ་བདེན་པ་ཡིན་པར་མ་རློམས་ན་དགེ
ཡེ་ཤུ་སྟོན་པ་ལོ་ངོ་བཅོ་བརྒྱད་རིང་གར་སོང་ཆ་མེད་དུ་གྱུར་བ་དང་། ལོ་བཅོ་བརྒྱད་ཀྱི་རིང་གི་ལོ་རྒྱུས་གང་ཡང་ཡིག་ཐོག་ཏུ་བཀོད་མེད་པ་གསལ་པོ་རེད།
སྟོན་པ་མཆོག་ལོ་ངོ་བཅོ་བརྒྱད་ཀྱི་རྗེས་སུ་ཕྱིར་གློ་བུར་དུ་རང་ཡུལ་ལ་འབྱོར་ནས་ས་ཆ་གང་དུ་སོང་བ་དང་སློབ་སྦྱོང་ཅི་ཞིག་བྱས་པ་སོགས་བུ་སླ྄ོབ་ཚོར་གསུངས་ཡོད་ཀྱི་རེད་སྙམ། འོན་ཀྱང་དེ་དུས་ཤར་ཕྱོགས་ཀྱི་ཆོས་ལུགས་གསར་བ་ཤིག་སྤེལ་ན་མི་མང་གི་བློར་ཤོང་དཀའ་ཕྱིར་ཡོད་ཚད་གསང་ནས་ཡེ་ཤུ་སྟོན་པ་ཁོང་ནི་ལྷས་བཏང་བའི་ཕོ་ཉ་ཡིན་ཞེས་སྨོས་ཀྱང་ཡོད་སྲིད་པ་རེད། གང་ལྟར་ཀྱང་ཡེ་ཤུ་སྟོན་པ་ཁོང་ལ་རྫུ་འཕྲུལ་ཡ་མ་ཟུང་རེ་སྟོན་ཐུབ་པའི་ནུས་པ་ཡོད་པ་གསལ་པོ་རེད་འདུག ཁོང་གི་མཛད་སྤྱོད་ཀྱང་ཁེ་དང་རྒྱལ་ཁ་གཞན་ལ་བྱིན། གྱོང་དང་ཕམ་ཁ་རང་གིས་འཁུར་ཟེར་བའི་ལུགས་སྲོལ་ཡིན་པར་སྣང། ཁ་ཆེ་སྟོན་པས་གཞན་གྱིས་ཚུར་ལ་གནོད་པ་བྱས་ན་དེ་ལ་ངེས་པར་དུ་ཕར་རྒོལ་བྱེད་དགོས་ཟེར་བའི་ལུགས་སྲོལ་དེ་རེད། དེའི་ཕྱིར་ཁོང་གིས་ཀྱང་དམག་དཔོན་བྱས་ཏེ་གཡུལ་འཁྲུགས་ཆེན་པོ་ཞིག་རྒྱབ་པར་མ་ཟད་རྒྱལ་ཁའང་ཐོབ་པ་རེད། ཁ་ཆེ་སྟོན་པ་དང་ཡེ་ཤུ་སྟོན་པ་གཉིས་བསྡུར་ན་ཡེ་ཤུ་སྟོན་པའི་ལུགས་ལ་ནང་པ་བཞིན་ལྟ་སྒོམ་སྤྱོད་གསུམ་མེད་ཀྱང་འཚེ་བ་སྤོང་བ་དང་ཉམས་ཆུང་ལ་རོགས་སྐྱོར་བྱེད་པ་སོགས་ནང་པ་དང་ཧ་ཅང་མཐུན་པོ་རེད་འདུག་གོ །
་་་་་་་་་ མ་ཤི་ཀ་ཁྱེད་ཀྱིས་ཀྱང་ན་ལེནྡྲར་ལོ་བཅུ་བཞིར་སློབ་གཉེར་གནང་། ་་་་་་་་
ཡི་ཤུ་མ་ཤི་ཀ་ནི།
ཕ་མེད་བུ་དེ་ལྷ་ཡི་སྤྲུལ་པར་གྲགས། །
ཁྱོ་མེད་མ་དེ་ཁྲིམས་གཙང་མ་ཡུམ་འདོད། །
ཇིའུའི་རྒྱལ་ས་འཕྲོག་འུར་བཤན་པས་དེད། །
མི་ལོ་བཅུ་ཕྲག་ལྷག་པ་བོར་བརླག་སོང་། །
ཆུར་འགྲོ་ནད་གསོ་ཤི་སློང་རྫུ་འཕྲུལ་མང་། །
ཆོས་ནི་ཞིང་ཁམས་རྒྱལ་ས་བཟུང་ལ་འཁྲིད། །
དད་ལྡན་མང་ཁྲོད་བཅུ་གཉིས་འཁོར་གྱི་གཙོ། །
མཐའ་མ་ཉེས་ཕོག་རྒྱ་གྲམ་ལྕགས་གཟེར་བརྒྱབས། །
འདི་ནི་དཀོན་མཆོག་སྲས་ཀྱི་རྣམ་ཐར་ལགས། །
འོནད་ཀྱང་། གཞན་གྱིས།
ཕ་མེད་བུ་ཡོད་ཟེར་བ་མི་བདེན་ཟེར། །
ཁྱོ་མེད་མངལ་ཆགས་ཟེར་བ་ཧམ་ཆོས་ཟེར། །
ལོ་མང་བོར་བརླག་རྒྱ་གར་འགྲིགས་ཞེས་ཟེར། །
སོ་གཉིས་མ་གྲོངས་བརྒྱད་ཅུ་ལྷག་བཞུགས་ཟེར།
ལོ་མང་བོར་བརླག་རྒྱ་གར་འགྲིགས་ཞེས་ཟེར། །
འདི།
ལོ་མང་བོར་བརླག་རྒྱ་གར་འགྲིམས་ཞེས་ཟེར། །
ཨ་ཧ་ཧ དྲིན་ཆེན་གོ སྨྱོན་བཤད གློའུ་བཤད་གང་མང་བཤད་གོ་ག ལྷག་པར་དུ་སྐུ་ཞབས་ཀླུ་སྨྱོན་ཟེར་བའི་དྲ་སྨྱོན་འདིས་ཡེ་ཤུ་ཆོས་ལུགས་ལ་འདི་ལྟར་ལན་འགྲེལ་བྱས་ཡོད་པ་ནི་ངོ་མ་ཡ་ང་བྱས་སོང་། བརྟག་དཔྱད་མེད་ན་གླེང་དབང་མེད་ཟེར་བ་ལྟར། ཁྱོད་ཀྱིས་ཡེ་ཤུ་ཆོས་ལུགས་ཅི་ཤེས་འདི་ཤེས་མེད་པར་བརྙན་ཐུང་འགའ་རེ་དྲ་ཐོག་ཏུ་བལྟས་ནས་དེ་ལ་བདེན་པར་བཟུང་བ་ནི་ངོ་མའི་རང་ཚུགས་མེད་པའི་བྱ་སྤྱོད་ཞིག་རེད། གཉིས་ནས་བརྙན་ཐུང་དང་དྲ་ཚུགས་ཁ་ཤས་ཞིག་གི་བརྗོད་སྟངས་དངོས་དོན་དུ་བཟུང་ནས་བརྗོད་པ་ནི་ཡེ་ཤུ་ཆོས་ལུགས་ལ་དམན་གཞུགས་འཇོག་པ་དང་ནང་བསྟན་ནི་མཐོ་ཤས་ཏུ་བརྩིས་བའི་རང་རློམ་ཤ་སྟག་རེད། ཁྱོད་ཀྱིས་བཤད་པ་ལྟར་ན། མ་གཞི་ཡེ་ཤུ་ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་ལས་འཆད་པའི་གྲུབ་མཐའ་ཞིག་ཡིན་པར་འདོད། ཧ་ཧ རྙོག་གཏམ་སྙིགས་གཏམ་འདི་འདྲ་དྲ་ལམ་དུ་གང་འདོད་དུ་མ་བརྗོད་རོགས་ཁ་དྲོ་ད། ཡེ་ཤུ་འཁྲུངས་ཡུལ་དང་མི་ཡུལ་དུ་ཕེབས་པའི་གནས་ཚུལ་དང་དོན་སྔ་ཕྱི་གསལ་བོ་ཤེས་འདོད་ན ཡེ་ཤུ་ཆོས་ལུགས་ཀྱི་གཞུང་ངམ་ཡང་ན་དམ་པའི་གསུང་རབ་ཞལ་ཆད་གསར་བ་བོད་འགྱུར་མ་གསལ་བོར་གཟིགས་རོགས
https://www.bible.com/en-GB/bible/1933/MAT.1.gsar%20ma