—ཐེ་བོ་སངས་རྒྱས།
འདས་པའི་ཟླ་ཤས་རིང་ང་དྲ་འཇུག་བྱེད་ལོང་མ་བྱུང་ཟེར་ན་སུའི་རྣ་བར་འགྲོ་མོད། དྲང་མོར་བཤད་ན། འཁྱོངས་ནི་མེད་པའི་ལས་དོན་ཙག་ཙིག་གི་རྐྱེན་པས་ལྷོད་ཤེད་ཀྱིས་དྲ་ཉུལ་བྱེད་མ་ཐུབ་ཐལ། ད་ནངས་ང་ལ་ཐང་ཧྲུའུ་རྩོམ་པ་པོའི་པོད་ཁུག་ལས་ཁོང་གིས་ཉེ་དུས་བྲིས་པའི་བོད་འབྲེལ་རྩོམ་ཡིག་ཅིག་རྙེད་པ་དྲྭ་གྲོགས་ཚོར་ཕྱི་ལོ་གསར་ཚེས་ཀྱི་ལེགས་སྐྱེས་སུ་འབུལ་སྙིང་འདོད།
“སྔོན་ཆད་རྒྱ་གར་ཨཱ་ཅཱརྱའི་ཁྲོད་དུ་གྲགས་པའི་གཏམ། བོད་ཀྱི་ས་འོག་ན་གསེར་ལུག་མགོ་འདྲ་བོ་རྙེད། ཟེར་བ་ད་ཆ་ཡུལ་མི་མང་ཆེ་བར་གསེར་སེ་བ་ཙམ་ཡང་མེད་ལ། དེ་བཞིན་ཕི་གླིང་བ་ཚོས་བོད་སར་སླེབས་པ་ན་རྒྱུ་མཚན་མེད་པར་སེམས་པ་དགའ་ཡལ་ལེར་འོང་ཞེས་པའང་། ད་སྐབས་ས་སྐྱེས་རྡོ་སྐྱེས་ཀྱི་མི་རྣམས་ཀྱང་རྒྱུ་ནོར་གསོག་འཇོག་འགྲན་ཤུགས་ཁྲོད་ངོ་ན་འཛུམ་ཙམ་ཡང་མཐོང་དཀའ་ན་ཕྱི་ནས་ཡོང་བ་ཞིག་ལ་ཅི་ཆ།
བོད་པ་དག་ནོར་དད་མི་ཆུང་ཙམ་ཡོད་ཀྱང་ཚོང་ལས་སོགས་ཕྲན་ཚེགས་གཉེར་ན་ངོ་ཚར་བརྩི། ཡུལ་གཞན་དང་རིགས་གཞན་པའི་ལག་ནས་ཅི་འབུད་བལྟ་བ་ལས་ཁོང་ཚོས་ཐ་ན་འབར་ཞུན་སྒམ་ཆག་ཅིག་ཀྱང་བཟོ་མི་ཤེས་ལ་ཨེ་ཤེས་ཀྱང་མི་ལྟ། ཡིན་ན་ཡང་། ཨ་གསར་ནི་ཅི་བས་ཆེ་སྟེ། རང་ཡུལ་ནས་ཐོན་པའི་མར་ཆུར་སོགས་ཕམ་འཚོང་བྱས་ནས་རྫས་འགྱུར་གྱིས་བསླད་པའི་བཟའ་བཏུང་སྣ་ཚོགས་ཉོས་ནས་འཇོལ་ཉོག་ཏུ་སྤྱོད། རང་མི་རྣམས་ལ་རྩིས་ཐང་ཆུང་བས་མི་ཤི་བའི་རྗེས་མ་གཏོགས་བསྟོད་ར་གཏོང་ས་དཀོན།
དེང་སང་རྒན་གཞོན་ཕལ་མོ་ཆེ་སྐད་འཕྲིན་ཟེར་བའི་འཕྲུལ་ཆ་ཞིག་གི་ནང་ཧ་ཅང་དབྱིངས་ཞུགས་པས། ཤེས་མི་ཤེས་ཚང་མས་ཀུ་ཤུ་ཁ་པར་རེ་བཟུང་ཞིང་། ཚོགས་པ་འདྲ་མི་འདྲའི་ནང་དགོས་མི་དགོས་བཅོ་བརྒྱད་བསྐུར་བའམ་ཆོ་མེད་ཀྱི་གཏམ་བཤད་པར་མ་ཚད། གཅིག་གིས་གཅིག་ལ་ཤོག་ཆག་དམར་པོ་སློང་མོ་བྱེད་ཀྱིན་བདོག
མིས་མཐོང་སར་དཔེ་དེབ་ལ་བལྟས་ན་རྩ་མི་ཚང་བ་ཞེས་འཕྱ་ལད་རྒྱག སྐད་ཆ་དྲང་པོ་དེ་ཙམ་མི་བྲིན་ཞིང་འུད་དང་འདྲེས་པའི་གཏམ་ལ་རྣ་བ་ཀྲོང་ཀྲོང་གིས་ཉན། སྔོན་ཆད་བོད་བཙན་པོའི་དུས་སུ་དམག་མི་སྡར་མ་དག་གི་མགོར་ཝའི་རྔ་མ་འདོགས་སྲོལ་ཡོད་པ་དེང་སང་རྒྱན་ཆར་རློམ་ནས་གྱོན་པར་བྱེད།
སྨྱུང་གནས་ཞེས་ཆོས་ཀྱི་ཆོ་ག་སྲུང་དུས་སྐད་ཆ་བཤད་མི་ཆོག་ནའང་། སྲུང་བ་པོ་དག་གིས་ཕུ་ཐུང་ནང་ཕུ་ཞིག་བཏབ་ཅིང་། གཞན་ལ་རྒྱབ་བཤད་ལུང་པ་གང་བཤད་རྗེས་དབུགས་ཕྱིར་བརྔུབས་ནས་ངག་བསྡམ་པར་བྱེད་པ་དང་། ཆང་སྤངས་མཁན་མི་ཉུང་ཙམ་འདུག་མོད། དེ་དག་གིས་བཏུང་འདོད་དུས་བླ་མ་རེའི་ས་ནས་བསྔགས་ཆུ་བསླངས་ཏེ། ཆང་རྫ་དང་རྫའི་ནང་བསྲེས་ནའང་ཉེས་པ་མེད་པར་བཤད་པ་སོགས་དགོད་བྲོ་བའི་ལྟད་མོ་སྣ་ཚོགས་གདའ།” འདི་དག་ཨེ་བདེན་མི་བདེན་སོ་སོས་སོམས།
ཕྱི་ལོ་༢༠༡༧ ཟླ་ ༡ ཚེས་ ༡ ལ།
ཧཧཧཧ་་་་ཁོ་རང་གིས་བྱས་པའི་ཉམས་མྱོང་བཤད་ཀི་་་་་་བདེན་འདྲ།
བོད་ས་བོད་མིའི་རེད། །
བོད་ཆུ་བོད་མིའི་རེད། །
བོད་རི་བོད་མིའི་རེད། །
བོད་ནོར་བོད་མིའི་རེད། །
བོད་གཏེར་བོད་མིའི་རེད། །
་
ཙག་ཀྲ་རྒྱ་མིའི་རེད། །
རྐང་འཁོར་རྒྱ་མིའི་རེད། །
མོ་ཊ་རྒྱ་མིའི་རེད། །
མེ་འཁོར་རྒྱ་མིའི་རེད། །
གནམ་གྲུ་རྒྱ་མིའི་རེད། །
་
བོད་ས་བོད་མིའི་ཡིན་ཡང་། རྒྱ་མིས་བོད་ལ་སྡོད་ཆོག །
གནམ་གྲུ་རྒྱ་མིའི་ཡིན་ཡང་། གླ་ཆ་བོད་མིས་སྤྲད་རེད། །
མེ་འཁོར་རྒྱ་མིའི་ཡིན་ཡང་། འཁོར་ས་བོད་ཡུལ་རེད་དོ། །
བོད་ཆོས་རྒྱ་མིའི་ཡིན་ཡང་། རྒྱ་མིས་དད་ན་འགྲིག་བགྱིད། །
རྒྱ་གཞུང་རྒྱ་ལ་ཡོད་ཀྱང་། བོད་པས་བརྩིས་ན་འགྲིག་བགྱིད། །
་
བོད་ས་མེད་པའི་རྒྱ་ནག རྒྱ་ནག་ཆུང་དུ་འགྲོ་ངེས། །
བོད་མི་མེད་པའི་རྒྱ་གཞུང་། རྒྱ་གཞུང་སྡུག་རྩུབ་གོང་བུ། །
རྒྱ་བོད་མཉམ་གནས་མེད་ན། བོད་རྒྱའི་དགྲ་ཡ་ཐོན་འོངས། །
བོད་རྒྱ་མཉམ་གནས་བྱུང་ན། བོད་རྒྱལ་རྒྱ་རྒྱལ་མིན་ནམ། །
བོད་ཤར་ཕྱོགས་པ་མང་པོས་རྒྱབ་པ་ལ་རྒྱག་པ་ཞེས་འབྲི་བ་ནི་བོད་སྐད་བོད་ཡིག་འཆོལ་བའམ་རྙོག་པར་བྱེད་པའི་རྟགས་སུ་མཐོང་ངོ་།
ཧཧཧ་་་་་ངོ་མ་འདྲ་བོ་ཞིག་བྲིས་འདུག
ལ་དྭགས་པ་ཁྱོད་ཀྱིས་གཞན་གྱི་ཡི་གེ་དག་བཅོས་བྱེད་པར་ཐོག་མར་རང་གིས་དག་ཆ་དང་ཚིག་སྡེབ་སོགས་ལེགས་པོ་སྦྱོངས་ཤིག དེ་མིན་དགེ་ཕྲུག་གིས་དགེ་རྒན་ལ་སློབ་སྟོན་བྱས་པ་ལྟ་བུ་རེད་འདུག གོ་སོང་བས།
འདིར་མཆན་འདེབས་ཀུན་ལ་བཀྲིན་ཆེ་ཞུ་བ་དང་སྦྲགས། བསྔགས་ཆུ་ཞེས་པ་སྔགས་ཆུ་ལ་བཅོས།
རང་སྡིག་ཤེས་ནས་སྡིག་སྦྱོངས་དགོས། །
རང་སྐྱོན་ཤེས་ནས་ཡར་རྒྱས་དགོས། །
་
བོད་སྐྱོན་ཤེས་ནས་ཡར་རྒྱས་ཐོངས། །
རྒྱ་སྐྱོན་ཤེས་ནས་ཐག་རིང་སྡོད། །
བསོད་ནམས་ཁྱོད་ལ་ཤེས་རབ་ཀྱི་མིག་ཡོད་ན་ངའི་དག་ཆ་ནོར་ཡོད་པ་དེ་དག་ལ་ཞུས་དག་བྱེད་དགོས། དེ་ཡིས་རང་གཞན་གྱི་བློ་གྲོས་གོང་འཕེལ་ལ་ཕན། ངས་ནོར་འཁྲུལ་ཡོད་པ་རྗེས་སུ་ང་རང་གིས་ཀྱང་མཐོང་དང་མཐོང་བཞིན་པ་ཡིན། ང་ལ་སྦྱང་དགོས་པ་མང་པོ་ཡོད།
རང་བློ་ཤེས་བྱ་ཀུན་ལ་མ་སྦྱང་ན།
ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་རིང་།
ཚིགས་བཅད་འདི་དཔེ་ཆ་གང་ན་ཡོད། ངས་བརྗེད་འདུག
་
རང་སྐྱོན་རྡུལ་བཞིན་དུ་རྟོགས་པར་དཀའ།
གཞན་སྐྱོན་རི་བོ་བཞིན་དུ་མངོན་པར་གསལ།
་
མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ན་དོན་འདྲ་བ་ཡོད་ཀྱང་།་ཚིག་ཇི་ལྟ་བ་བཞིན་མེད་སྙམ་མོ།
་
ང་ཁོམ་དུས་ཁྱོད་དང་མཉམ་དུ་རྩོད་དགོས་པ་འདུག
རྒན་ལ་དྭགས་པ་མཆོག་གིས་བོད་ཀྱི་རིག་གཞུང་ཐད་སེམས་ཤུགས་ཆེན་པོ་དང་། ཐུགས་ཁུར་ཚད་མེད་གནང་བ་ལ་ནམ་ཡང་གུས་བཀུར་ཡོད།
ཐུགས་རྗེ་ཆེ།
ལ་དྭགས་པ་ལགས། ཞུས་དག་མ་རེད་ཞུ་དག་རེད་སྙམ། བྱ་ཚིག་ནས་མིང་བཟོ་དུས་ད་ལྟ་བ་གཙོར་འདོན་བྱ་དགོས་ལ་རྗེས་འཇུག་ས་ཞིག་ཐོལ་པ་སྦྱར་ནས་དགེ་མཚན་གང་ཡོད་དམ། དེ་ནས་ངས་ནོར་འཁྲུལ་ཡོད་པ་ཞེས་པའི་ཚབ་ལ་ང་ལ་ནོར་འཁྲུལ་ཡོད་པ་ཞེས་རྣམ་དབྱེ་བདུན་པ་སྦྱར་ན་གང་འདྲ་འདུག་གམ། ཁྱོད་ལ་བོད་ཀྱི་སྐད་བརྡ་རིག་པའི་ཐོག་གོམས་འདྲིས་དེ་ཙམ་མི་འདུག་གོ
ཐེ་བོ་སངས་རྒྱས་མཆོག་ལ་སོགས་པ་བདེན་པའི་ལམ་ན་བཞུགས་པ་རྣམས་ཀྱི་ཞེ་འདོད་ལྟར། རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རིག་གཞུང་སློབ་ཚོགས་[Sahitya Ecademy] ཀྱིས་གཟེགས་བསྟོད་བྱ་དགའ་སྤྲོད་པར་གུས་པའང་བདམས་ཡོད་ཅེས་ཚོགས་པའི་དྲུང་ཡིག་ནས་ཡི་གེ་འབྱོར།
བསོད་ནམས་ལེགས། བྱས་ཞེས་པ་འབྲི་བར་བསམས་ཀྱང་འབྲི་དུས་ཆད་པར་ཁྱོད་ལ་གླགས་རྙེད་ཏེ། བདེན་པ་ཆགས་སོ། དེས་ན་བརྗོད་པ་དེ་ལ་ཞུས་དག་བྱས་ཏེ། གཤམ་གསལ་ལྟར་བྲིས་
“ངས་ནོར་འཁྲུལ་བྱས་ཡོད་པ་རྗེས་སུ་ང་རང་གིས་ཀྱང་མཐོང་དང་མཐོང་བཞིན་པ་ཡིན།”
ཞུ་དག་ཅེས་མིང་ཚིག་ཆག་སྐྱོགས་མ་ཡིན། ཞུས་དག་ཅེས་འཇུ་མི་ཕམ་རིན་པོ་ཆེ་སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་མིང་ཚིག་དག་ཆ་རྣམས་ལ་བསྟུན་དགོས་པ་ཡིན། དེར་མ་ཟད་ལ་དྭགས་པའི་ཕལ་སྐད་དུ་ཡང་ཆོས་སྐད་ལུས་ཡོད། ལས་ཀ་སྤུས་དག་བྱེད་པ་ལ་ཞུན་དག་བྱེད་པ་ཟེར། རྗེས་འཇུག་ས་དང་ན་གཉིས་རེས་མོས་ཀྱིས་འཇུག་པ་ཡིན་ཏེ། དཔེར་ན། ཟན་དང་ཟས་ཞེས་པ་ལྟ་བུ།
“ཁྱོད་ལ་བོད་ཀྱི་སྐད་བརྡ་རིག་པའི་ཐོག་གོམས་འདྲིས་དེ་ཙམ་མི་འདུག་གོ” འདི་ལ་ཁྱོད་བདེན། བོད་ཀྱི་སྐད་བརྡ་རིག་པ་ནི་རྒྱ་མཚོ་ལྟ་བུ་དང་། ཁོ་བོས་བོད་ཀྱི་སྐད་བརྡ་ཤེས་པ་ནི་སོར་རྩེར་ཆགས་པའི་རྡུལ་ཕྲན་ཙམ་མོ།
ཞུ་དག་ཅེས་མིང་ཚིག་ཆག་སྐྱོགས་མ་ཡིན། བརྗོད་པ་འདི་ལ་ཞུས་དག་བྱས་ཏེ། ཞུ་དག་ཅེས་མིང་ཚིག་ཆག་སྐྱོགས་ཡིན། ཀློག་པར་མཛོད།