རྩེཿ མུན་སེལ།
རང་མཉམ་སྐྱེ་བོ་འགའ་ལ་ཕན་པའི་བློས།།
གོ་བར་དཀའ་བའི་ཚིག་གིས་མ་བསྒྲིབས་ཤིང་།།
རྒྱས་པར་འགྱུར་བའི་སྤྲོས་པ་ཉེར་བསྡུས་ཏེ།།
དེང་རབས་དྲྭ་འཕྲིན་དགེ་སྐྱོན་རིས་སུ་དགོད།
རྟོགས་ན་དོན་ཆེ་རྣམ་མང་ཤེས་བྱའི་ཚུལ།།
གསལ་བོར་འཆར་བས་དེང་རབས་དྲྭ་འཕྲིན་བཟང་།།
དྭངས་པའི་སེམས་ལ་ངན་རྟོག་ཆགས་སྡང་རླབས།།
གཡོ་བར་བྱེད་པས་དེང་རབས་དྲྭ་འཕྲིན་ངན།།
ལྷོད་མེད་ཤེས་བརྩོན་ལྡན་པའི་གང་ཟག་ལ།།
ཤེས་རབ་རྣོ་དབལ་སྟེར་བས་དྲྭ་འཕྲིན་བཟང་།།
ཡར་ཐོན་འདུན་པ་བྲལ་བའི་གྲས་གང་ལ།།
གཡེང་བའི་རླུང་རྒོད་གཏོང་བས་དྲྭ་འཕྲིན་ངན།།
བགྲང་ཡས་སྐྱེ་བོའི་མོས་བློ་དམ་ཆོས་ལ།།
སྐྱེན་པོར་སྐུལ་བྱེད་དེང་རབས་དྲྭ་འཕྲིན་བཟང་།།
ཅོལ་ཆུང་ཕོ་མོ་རྣམས་ཀྱི་ངག་སྒོ་ལས།།
བབ་པའི་འཆལ་གཏམ་བརྡོལ་བས་དྲྭ་འཕྲིན་ངན།།
ཆེན་པོས་གཏན་ལ་ཕབས་པ་གལ་ཆེའི་དོན།།
འཕྲལ་མར་དམངས་ཀྱིས་གོ་བྱེད་དྲྭ་འཕྲིན་བཟང་།།
མི་མང་འབད་པས་བསགས་པའི་ནོར་ཚད་མེད།།
དཔོན་གྱི་ལྐོག་བཟར་སྡུད་པས་དྲྭ་ཕྲིན་ངན།།
མི་བརྒྱས་བསྒྲུབས་པའི་ཚོང་གི་བྱ་བ་ཙམ།།
བདེ་བླག་ནུས་པས་དེང་རབས་དྲྭ་འཕྲིན་བཟང་།།
ངེས་མེད་ལམ་ནས་འཕེན་པ་གཡོ་སྒྱུའི་རྙིར།།
འཚུད་པར་བྱེད་པས་དེང་རབས་དྲྭ་འཕྲིན་ངན།།
འགྲུལ་བཞུད་གསར་པར་ཕྱོགས་དང་ཕྱོཊ་ཀྱི་ཆ།།
རྒྱུས་ལོན་བྱེད་པས་དེང་རབས་དྲྭ་འཕྲིན་བཟང་།།
ལྟར་སྣང་བརྫུས་མའི་ལམ་དང་བརྡ་རྟགས་ཀྱིས།།
ལམ་གོལ་སྡུག་ལ་སྦྱོར་བས་དྲྭ་འཕྲིན་ངན།།
སང་གི་གལ་ཆེའི་གྲོས་ནི་ད་ལྟ་ཉིད།།
ཆོད་པར་བྱེད་པས་དེང་རབས་དྲྭ་འཕྲིན་བཟང་།།
འཛོམ་པའི་དུས་ན་གཞན་དུ་འབྱོལ་བའི་ལམ།།
མང་དུ་འགྱུར་བས་དེང་རབས་དྲྭ་འཕྲིན་ངན།།
ལེགས་པའི་ཡོན་ཏན་བསྔཊ་པ་གཏམ་གྱི་དབྱངས།།
འཛམ་གླིང་ཁྱོན་ལ་འགྲེམས་པས་དྲྭ་འཕྲིན་བཟང་།།
ནོར་བ་ཆ་ཙམ་བྱུང་ཡང་སྒྲོ་བཏགས་སྐད།།
མྱུར་གྱིས་གང་སར་ཁྱབ་བྱེད་དྲྭ་འཕྲིན་ངན།།
ཁེར་རྐྱང་མི་ལ་སེམས་གསོ་སྟེར་བའི་གྲོགས།།
ཡིད་དུ་འོང་བས་དེང་རབས་དྲྭ་འཕྲིན་བཟང་།།
བློ་རྩེ་བསྔོག་བྱར་གཏོད་པོའི་ཕུགས་ཀྱི་ནོར།།
འཇབ་བུས་ཁྱེར་ཡང་མི་ཚོར་དྲྭ་འཕྲིན་ངན།།
སྒྱུད་ལུག་བྱེ་མའི་ཐང་ན་དུབ་པའི་མིར།།
སད་ཤུགས་འཕར་མར་སྦྱིན་པས་དྲྭ་འཕྲིན་བཟང་།།
ཚད་ལས་བརྒལ་བའི་བརྙན་དང་འགུལ་བརྙན་རིས།།
བསྟུད་མར་འཆར་བས་དེང་རབས་དྲྭ་འཕྲིན་ངན།།
དྲུག་ཅུ་རྩ་བཞིའི་འདོད་པའི་སྒྱུ་རྩལ་ཀུན།།
འདོད་ལྡན་ལྟད་མོར་འབོད་པས་དྲྭ་འཕྲིན་བཟང་།།
བརྒྱད་ཕྲག་དངུལ་གྱི་མཆོད་པར་ལྟོས་པ་ཡིས།།
དབུལ་པོའི་ཚང་ལ་ལྟུང་བྱེད་དྲྭ་འཕྲིན་ངན།།
ཕོ་མོའི་མཛའ་བརྩེ་ཉེ་བ་ཉེ་བའི་ངང་།།
ཟུང་དུ་སྦྱོར་བྱེད་དེང་རབས་དྲྭ་འཕྲིན་བཟང་།།
མངལ་ཆགས་དུས་ཀྱི་དྭངས་མའི་དྭངས་མ་གཉིས།།
ལྷད་པར་བྱེད་པས་དེང་རབས་དྲྭ་འཕྲིན་ངན།།
ཤིན་ཏུ་བསྐལ་པའི་ཡུལ་གྱི་གནས་ཚུལ་དག།
མྱུར་བོར་སྟོན་པས་དེང་རབས་དྲྭ་འཕྲིན་བཟང་།།
སྐྱིད་ཀྱི་འཚོ་བར་རོལ་བ་བཟའ་ཟླའི་ཁྱིམ།།
གཡུལ་གྱི་གནས་སུ་སྒྱུར་བས་དྲྭ་འཕྲིན་ངན།།
ལུས་ཀྱི་འདུ་སྙོམ་སྤང་བླང་མུ་བཞིའི་ཚུལ།།
བསླབ་བྱར་སྤེལ་བས་དེང་རབས་དྲྭ་འཕྲིན་བཟང་།།
འཇིང་པའི་ཚིགས་ལ་ནད་ཀྱི་རྐྱེན་འདུས་ཏེ།།
མགོ་བོ་བྲང་ལ་སྦྱོར་བྱེད་དྲྭ་འཕྲིན་ངན།།
དེ་ལྟའི་དྲྭ་འཕྲིན་སྐོར་གྱི་དགེ་སྐྱོན་ཚུལ།།
རང་གི་མྱོང་བས་གྲུབ་པའི་དོན་གང་ཞིག།
གཞན་གྱི་ངག་ལས་ཐོས་པའི་བསྣན་མར་བྱས།།
འཁྱམས་བུ་ཞིག་གི་སོར་མོའི་འཕྲུལ་གྱིས་བསྐྲུན།།
ཅེས་པའང་ཕྱི་ལོ་༢༠༡༦ ཕྱི་ཟླ༡༢ ཚེས་༢༨ ཉིན་གྱི་ཕྱི་དྲོའི་གུང་གསེང་གི་སྐབས་སུ་ཤར་མར་བྲིས་པའོ།།
དྲྭ་འཕྲིན།
དྲྭ་འཕྲིན་ཁྱོད་ནི་དཔེ་མཛོད་འདྲ། །
དྲྭ་འཕྲིན་ཁྱོད་ནི་ངན་སྤུངས་འདྲ། །
དྲྭ་འཕྲིན་ཁྱོད་ནི་ཕོ་ཉ་འདྲ། །
དྲྭ་འཕྲིན་ཁྱོད་ནི་མེ་ལོང་འདྲ། །
་
དྲྭ་འཕྲིན་མེད་ན་རྗེས་ལུས་འགྱུར། །
དྲྭ་འཕྲིན་ཡོད་ན་དུས་བཟང་ཤོར། །
དྲྭ་འཕྲིན་བཀླགས་ན་ཀུན་ཤེས་འགྱུར། །
དྲྭ་འཕྲིན་མ་བཀླགས་ཀུན་རྨོངས་འགྱུར། །
་
དྲྭ་འཕྲིན་དད་ན་ཁ་འདོན་བྱེད་དང་མཚུངས། །
དྲྭ་འཕྲིན་བཀླགས་ན་དཔེ་ཀློག་བྱེད་དང་མཚུངས། །
དྲྭ་འཕྲིན་བཞག་ན་ངེས་འབྱུང་སྐྱེས་དང་མཚུངས། །
དྲྭ་འཕྲིན་སྤེལ་ན་ནང་ཆོས་སྤེལ་དང་མཚུངས། །