བེ་རི་རིག་པའི་རྡོ་རྗེ།
དེ་རིང་ངས་ཉེ་ཆར་རྡོར་གདན་དུ་འཚོགས་པའི་རྒྱལ་བ་ཇོ་ནང་བའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ་དང་འབྲེལ་བའི་སྐོར་ནས་ཅུང་ཟད་ཅིག་གླེང་དགོས་བྱུང་སོང་།
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ཉིན། རྒྱ་གར་རྡོ་རྗེ་གདན་དུ་འཚོགས་པའི་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་བསྡོམས་ཐོག བོད་གཞུང་ཆོས་དོན་བཀའ་བློན་ཀརྨ་དགེ་ལེགས་མཆོག་ཆེད་ཕེབས་ཀྱིས། གསུང་བཤད་གནང་སྐབས། “ཇོ་ནང་པར་ཐོབ་ཐང་གཅིག་ཀྱང་མ་སྤྲད་པ་དང་། ཕྱིར་ཕུད་བཏང་བ་ཞིག་མིན་པས་གོ་ལོག་ཐེབས་རྒྱུ་མེད་”ཅེས་གསུངས། འོ་ན། ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་ཐོག་མཐའ་བར་གསུམ་དུ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་པ་ལས་རྒྱལ་བ་ཇོ་ནང་བའི་མཚན་ཟུར་ཙམ་ཡང་མེད་པ་དེ་ཐོབ་ཐང་སྤྲད་པ་ཡིན་ཟེར་རྒྱུ་ཡིན་ནམ།
དེ་བཞིན་དུ་ཁྲིམས་ཡིག་དེའི་དོན་ཚན་གསུམ་པ། ཁྲིམས་ཡིག་གི་ཁྱབ་ཚད་ཅེས་པར། “བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།” ཞེས་ཁྱབ་བྱེད་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གིས་ཁྱབ་བྱ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་མ་གཏོགས་ཇོ་ནང་ལ་མ་ཁྱབ་ཅེས་ཚིག་ཐག་བཅད་དེ་བཤད་ཡོད་པ་འདི་ཇོ་ནང་བོད་ཀྱི་ཆོས་གྲལ་ནས་ཕུད་པ་རེད་དམ་བཞག་པ་རེད།
ཡང་། ཁོང་གིས། “དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ཆོས་བརྒྱུད་ལ་ངོས་འཛིན་ཡོད་མེད་དང་ཆོས་བརྒྱུད་ཀྱི་ཐོབ་ཐང་ཡོད་མེད་བསྲེ་བསྲེ་གཏོང་རྒྱུ་མི་འདུག རྐུབ་བཀྱག་ཁོ་རང་ཐོབ་ཐང་གི་ངོ་བོ་གཅིག་བྱས་ནས་དེ་ཐོབ་ཡོད་པ་རེད་དམ་ཟེར་ན་དེ་ཐོབ་ཡོད་པ་མ་རེད། ཡིན་ན་ཡང་དེ་གཉིས་བསྲེ་བསྲེ་གཏོང་རྒྱུ་མི་འདུག་”ཅེས་གསུངས། དེས་ན་ཆོས་དོན་ལྷན་ཚོགས་ཀྱི་དབང་ཚད་ཀྱི་ཐོག་ནས་དེ་གཉིས་ཁ་ཁར་ཕྱེས་ཏེ། དེ་གའི་ལྷན་ཁང་དང་འབྲེལ་ཡོད་ཡིག་ཆ་ཡོངས་རྫོགས་ཀྱི་ནང་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་ཞེས་འབྲི་ཐུབ་བམ། གལ་ཏེ་དེ་ལྟར་ཐུབ་ན། ང་ཚོས་ངོས་ནས་སྤྱི་འཐུས་ཀྱི་གྲུབ་ཆར་རེ་ཞིག་རྩོད་གླེང་མི་བྱེད་ཐག་ཆོད་ཡིན་ལ། ང་ཚོས་ནམ་ཡང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དམིགས་སུ་བཀར་ནས་བརྩད་ཀྱང་མྱོང་མེད། ང་ཚོའི་རྩ་དོན་གཙོ་བོ་དེ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཟེར་བ་འདི་ཡིན་པ་གཞུང་དམངས་གཉིས་ཀྱིས་མཁྱེན་རྒྱུ་གལ་ཆེ།
ཡང་ཁོང་གིས། “ཆོས་བརྒྱུད་ཆུང་ཁག་ཇོ་ནང་སོགས་” གསུངས་པ་ནི། ང་ཚོས་རྩ་བ་ནས་ངོས་ལེན་མེད། རྒྱུ་མཚན་རྒྱལ་བ་ཇོ་ནང་པ་ནི། ནང་བསྟན་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དགོངས་དོན། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་མཐར་ཐུག གཉིས་མེད་རྒྱུད་ཀྱི་ཡང་རྩེ། དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྟན་པའི་བཀའ་བབ་ཡིན་པས་ཆོས་བརྒྱུད་ཆེན་པོའི་ནང་གི་ཆེན་པོ་ཡིན་ཏེ། ༧རྒྱལ་དབང་ཐམས་ཅད་མཁྱེན་པས། མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི།། ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།། མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབ་པ།། ཇོ་ནང་པ་ཡི་བསྟན་པ་ཞེས་གསུངས་པ་ལྟར་དང་། ད་དུང་༧གོང་ས་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་དམིགས་སུ་བཀར་ཏེ་ཆོས་བརྒྱུད་ཆེན་པོ་ཞེས་པའི་ཐ་སྙད་ཀྱང་སྦྱར་ཡོད་དེ། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན། ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པར་བསྩལ་བའི་བཀའ་ཤོག་ཏུ། “བོད་ཀྱི་བསྟན་སྲིད་གོད་ཆགས་ཀྱིས་རྐྱེན་པས་རྒྱལ་བསྟན་སྤྱི་ཡོངས་ལ་སྔར་བྱུང་མྱོང་མེད་པའི་ཉམས་ཆག་བྱུང་བའི་ཁྲོད་རྒྱལ་བ་ཇོ་ནང་པའི་བསྟན་པ་ཡང་ཉག་ཕྲར་གྱུར་པ་ཀུན་ཤེས་ཡིན། རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཉམས་བཞེས་སྤྱི་དང་། ལྷག་པར་སྦྱོར་དྲུག་རྩལ་དུ་བཏོན་པའི་ཉམས་བཞེས་ཀྱི་བསྟན་རྒྱུན་བཟང་པོ་མི་ཉམས་རྒྱུན་འཛིན་ཡོང་ཐབས་སུ་ཆོས་བརྒྱུད་གང་གི་དབུ་ཁྲིད་ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེའི་མཚན་གནས་བསྐྱར་གསོ་དང་། འཕགས་ཡུལ་དུ་ཇོ་ནང་མ་དགོན་གྱི་གནས་གཞི་མཐུན་རྐྱེན་བཅས་ཆེད་དུ་སྦྱར་བས་མཚོན་ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་ཡུན་གནས་ཆེད་མཐུན་རྐྱེན་གང་ཐུབ་སྒྲུབ་པ་ཚང་མའི་ཐུགས་ངེས་ཡིན་ལ།” ཞེས་“ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་”ཞེས་ཆོས་བརྒྱུད་ཆེན་པོའི་ཐ་སྙད་དངོས་སུ་སྦྱར་དེ་ནན་ཏན་དུ་གསུངས་ཡོད།
འོན་ཀྱང་སྐུ་དྲག་ཚོས་ད་དུང་མིག་དང་རྣ་བ་བཀག་ནས་རྒྱལ་བ་ཇོ་ནང་པ་ཆོས་བརྒྱུད་ཆེན་པོ་མིན་ཚུལ་གསུངས་པ་ནི། ༧རྒྱལ་བའི་བཀའ་ལ་ལོག་འགྲེལ་དང་། འཛམ་གླིང་ཐོག་ཡོངས་སུ་གྲགས་པའི་དཔལ་མཆོག་དུས་ཀྱི་འཁོར་ལོའི་ཆོས་ཚུལ་ཆེན་པོ་འདི་ལ་མཐོང་ཆུང་བྱས་པར་ཟད་དོ།།
ཡང་ཁོང་གིས། “གལ་སྲིད་ཇོ་ནང་ལ་སྤྱི་འཐུས་ཀྱི་རྐུབ་བཀྱག་དེ་ཚོ་བྱུང་ན་རྗེས་ནས་ང་ཚོ་ལ་དགོས་ཀྱི་ཡོད་ཅེས་ཁག་ཅིག་ཡོང་ཆོག་ཆོག་འདྲ་བྱས་ནས་བསྡད་ཡོད་པ་རེད་”ཅེས་དང་། “སྒྲུབ་བརྒྱུད་ཤིང་རྟ་བརྒྱད་བརྩི་སྟངས་མ་འདྲ་བ་ཁ་ཤས་ཡོད་རེད་ལ། ད་ལྟ་སྤྱི་འཐུས་ཀྱི་ཐོབ་ཐང་མ་རག་མཁན་ཇོ་ནང་བརྩིས་པའི་བཞི་ཞིག་ཡོང་གི་འདུག ཞི་བྱེད་དང་། ཞ་ལུ། བོ་དུང་བཅས་རེད། ད་དུང་བོད་པ་ཁ་ཆེའི་གཞིས་ཆགས་ནས་ཁོང་ཚོར་སྤྱི་འཐུས་དགོས་ཀྱི་འདུག་ལབ་ཀྱི་ཡོད། དེར་བརྟེན་དེ་སྤྱི་འཐུས་ལྷན་ཚོགས་སུ་ཅུང་ཁག་པོ་ཡོད་རེད།”ཅེས་གསུངས།
ང་ཚོས་ངོས་ནས་དམིགས་བསལ་ཆོས་བརྒྱུད་སྤྱི་འཐུས་ཀྱི་རྐུབ་བཀྱག་རྩོད་ཀྱིན་མེད་མོད། འོན་ཀྱང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཡོངས་རྫོགས་ཐོབ་པ་ཡིན་ན། དེ་ཡང་རང་བཞིན་གྱིས་ཐོབ་ཀྱིན་ཡོད་སྟབས། དེ་དུས་ཞི་བྱེད་དང་ཞ་ལུ་སོགས་མ་ཟད། བོད་པ་ཁ་ཆེ་དང་། ད་དུང་བོད་པ་ཡི་ཤི་ཆོས་ལུགས་པ་དེ་དག་གིས་ཀྱང་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་ཞེས་གསུང་ན་ངེས་པར་སྤྲོད་རྐྱང་བྱེད་དགོས་རེད། འདི་གཞུང་གི་ལས་འགན་རེད། གལ་ཏེ་མ་སྤྲད་ན་ཆོས་བརྒྱུད་དབྱེ་འབྱེད་བྱས་པ་རེད། མུ་མཐུད་དུ་ཆོས་བརྒྱུད་དབྱེ་འབྱེད་བྱེད་རྒྱུ་ཡིན་ནམ།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་བརྩི་ཚུལ་མི་འདྲ་བ་ཞིག་གང་དུ་ཡོད་དམ། ཡོད་ན་གསལ་བོར་བཤད་རོགས། གལ་ཏེ་བརྩི་སྟངས་མི་འདྲ་བ་ཞིག་ཡོད་ན། དེས་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་དང་། ཆོས་དོན་ལྷན་ཁང་གི་བྱེད་ཕྱོགས་ལ་ཕན་ཐོགས་ཅི་ཞིག་ཡོད་དམ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་དུ་མེད་པའི་ཆོས་བརྒྱུད་དེ་བོད་ཀྱི་ཆོས་གྲལ་ནས་ཕུད་རྒྱུ་ལས་སླ་བོ་རེད་དགོས་ཀྱིན་ཡོད་དམ།
ཡང་གཅིག་བཤད་ན། སྤྱི་འཐུས་ལྷན་འཚོགས་ཀྱིས་དཀའ་མོ་རྩ་མོ་དང་། རྩོད་ཉོག་འདི་ཞི་འཇམ་གྱི་སྒོ་ནས་ཐག་གཅོད་བྱེད་འདོད་ཡོད་ན། འདི་ཧ་ཅང་གི་དཀའ་མོ་ཞིག་མ་རེད། གང་ཡིན་ཟེར་ན། འདི་ལ་འདེམས་ཀ་གསུམ་ཡོད། གཅིག ད་ཡོད་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཟེར་བའི་ཞབས་འདྲེན་དེ་ཚོ་མེད་པ་བྱས་ཤིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ལྷན་ཁང་རྣམས་ཀྱི་སྒྲིག་གཞི་ཁག་ཏུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་ཞེས་ཐ་སྙད་དེ་གཏན་འབེབ་བྱེད་རྒྱུ་དེ་རེད།
གཉིས། ཆོས་བརྒྱུད་ཁག་གི་ཐོབ་ཐང་ཡོད་ན་ཡོད་མཉམ་དང་མེད་ན་མེད་ཉམས་བཟོ་རྒྱུ་དེ་རེད།
གསུམ། བཅའ་ཁྲིམས་ནང་གི་ “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་པའི་ཐ་སྙད་གཅིག་པོ་བསྒྱུར་བཅོས་བྱས་ཏེ། “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། ཇོ་ནང་། དགེ་ལུགས། གཡུང་དྲུང་བོན་བཅས” ཞེས་བཀོད་དགོས།
དེ་གསུམ་ལས་གང་རུང་ཞིག་ཐག་གཅོད་གནང་ཐུབ་ན། རྩོད་ཉོག་འདི་ནམ་མཁའི་སྤྲིན་དང་སའི་རྡུལ་བཞིན་དངས་ཚར་བ་རེད། དེ་མིན་ཆོས་བརྒྱུད་དབྱེ་འབྱེད་ཇི་སྲིད་བྱས་པ་དེ་སྲིད་དུ་རྩོད་ཉོག་འདི་རྒྱུན་མི་ཆད་པར་ཡོང་རྒྱུ་ཡིན་པ་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན་ལ། ང་ཚོས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་ཟིན་དང་། ལྷག་པར་དུ་༧གོང་ས་ཐམས་ཅད་མཁྱེན་པས། “ཡག་པོ་རེད། ཁྱེད་རང་ཚོར་ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་རེད་པ། རྩོད་དགོས་རེད། སྔོན་མ་ནས་བཤད་ཡིན་པ།” ཞེས་ཚིག་གི་བདག་པོས་ཚིག་ཐག་བཅད་དེ་བཀའ་བསྩལ་བ་གཞིར་བཟུང་བྱས་ནས་འདྲ་མཉམ་གྱི་ཐོབ་ཐང་མ་རག་བར་དུ་འཐབ་རྩོད་བྱེད་ངེས་ཡིན།
མཐའ་དོན་མཇུག་མ་བསྡུས་པའི་གོང་དུ་སླར་ཡང་གསལ་བཤད་ཅིག་འདོད་པ་ནི། ང་ཚོས་ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་དེ་རིང་གི་བར་དུ། ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་གནང་རོགས་ཞེས་འབོད་བསྐུལ་དང་ཞི་འབོད་བྱེད་བཞིན་ཡོད་པ་ལས། དམིགས་སུ་བཀར་ཏེ་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་རྐུབ་བཀྱག་དགོས་ཞེས་ནམ་ཡང་ཞུ་མྱོང་མེད་ལ། མ་འོངས་པར་ཡང་མི་ཞུ་ཐག་ཆོད་ཡིན། འོ་ན་ཅི་ཞིག་དགོས་སྙམ་ན། གོང་དུ་ཞུས་པ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ལྷན་ཁང་ཁག་གི་སྒྲིག་གཞི། ད་དུང་གཞུང་འབྲེལ་ཡིག་ཆ་ཡོངས་སུ་རྫོགས་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་ཞེས་འཁོད་དགོས་པ་དེ་ཡིན། དེས་ན་བྱ་མ་དཀྲོག་པར་སྒོ་ང་ལེན་ཚུལ་ཞིག་ཡོད་ན། ང་ཚོས་གཞུང་གིས་གང་གསུང་དངས་ལེན་དང་། མཛུབ་མོས་གར་བསྟན་ཤར་ལ་ངོས་འཛིན་བྱས་ནས་ཁུ་སིམ་མེར་སྡོད་ངེས་ཡིན་ཞེས་ཞུ་བ་ཡིན།
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༤ ཉིན།
་་་་་་་་ཐ་སྙད་གཅིག་པོ་བསྒྱུར་བཅོས་བྱས་ཏེ། “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། ཇོ་ནང་། དགེ་ལུགས། གཡུང་དྲུང་བོན་བཅས” ཞེས་བཀོད་དགོས། ་་་་་་་་་
འོ་ཡ་་་་་ད་ནི་དབུས་སྒྲིག་འཛུགས་ཀྱིས་བསམ་མནོ་ཡག་པོ་ཐོངས་མ་གཏོགས་བེ་རི་རིག་པའི་རྡོ་རྗེས་སྡིག་རྭ་གཏོང་འདུག་གདའ། ༼བྱ་མ་དཀྲོག་ནས་སྒོ་ང་ལེན་འདོད་ན་༽ གཏམ་འདི་ཉོན་ཤེས་ན་མ་གཏོགས་་་་་་་་་་་
ངས་སྔོན་མ་ནས་ཇོ་ནང་ལ་ཆོས་ལུགས་ལོགས་སུ་བརྩི་དགོས་པར་རྒྱབ་སྐྱོར་ཞུ་བཞིན་ཡོད། དེ་བཞིན་ཇོ་ནང་བ་རྣམས་པས་གསུངས་པ་བཞིན། རིམ་བཞིན་ཞི་བྱེད་དང་། ཞ་ལུ། བོ་དོང་། བོད་པའི་ཁ་ཆེ་སོགས་ལ་ཡང་ཐོབ་ཐང་འདྲ་མཉམ་སྤྲོད་དགོས།
རྗེས་མ་རིམ་བཞིན། དགེ་ལྡན་པ་ལས་ལོགས་སུ་འདོན་པ་ཤུགས་ལྡན་པ་ཚོར་ཡང་དགོངས་པ་བཞེས་རོགས། ཁོང་ཚོར་ཡང་བསམ་བློ་མ་གཏོང་དཀའ་མེད་རེད། ཁོང་ཚོ་ནི་བཀྲུས་ནས་མ་དག་པའི་བོད་པ་རེད། ནང་པའི་རྗེས་བྲངས་པ་རྗེས། ཁོང་ཚོར་ཡང་རང་གི་དབུ་ལ་བསྐུར་ཡུལ་གྱི་བླ་མ་ཡོད་ལ། དེའི་རྗེས་འཛིན་པ་ཡང་ཡོད་པས། རྒྱལ་དབང་མཆོག་ནས་ཐུགས་བརྩེ་བ་ཆེན་པོ་མ་དོར་བར། ཁོང་ཚོར་ཡང་ལོགས་སུ་ཆོས་ལུགས་ཀྱི་འདྲ་མཉམ་ཐོབ་ཐང་སྤྲོད་ན་ལེགས།
ང་རང་ཤུགས་ལྡན་དང་འབྲེལ་བ་མེད། ལྷག་པར་དུ་རྒྱལ་བ་རིན་པོ་ཆེའི་དྲུང་ནས་དབང་ཞུས་ནས། རྟ་མགྲིན་གྱི་བསྐྱེད་རྫོགས་ཉམས་ལེན་བྱེད་མཁན་ཞིག་ཡིན་ཚེ། ཤུགས་ལྡན་འཛེམས་དགོས་པའི་བསླབ་བྱ་ཡོད། ལྷག་པར་དུ་རྟ་མགྲིན་ཡང་གསང་ཉམས་ལེན་བྱེད་པའི་སྐབས་ལ་༧སློབ་དཔོན་པད་མའི་བྱིན་རླབས་བཞུགས་པ་ཡིན་པས། ཤུགས་ལྡན་འཛེམས་ཀྱི་རེད།
འོན་ཀྱང་ཆོས་ལུགས་ཀྱི་ཐོབ་ཐང་ཤོད་པའི་སྐབས་ལ། ཁོང་ཚོར་ངོ་མ་སྙིང་རྗེ་ཡི་འདུག
བོད་ནང་ལ་ཤུགས་ལྡན་རྗེས་བྲང་ཤིན་དུ་མང་ཞིང་། ཆོལ་ཁ་གསུམ་ལ་ཁྱབ་འདུག ལྷག་པར་དུ། དབུས་གཙང་དྭགས་ཀོང་དང་། ཆབ་མདོ་ཁུལ་དང་། དཀར་མཛེས་ཁུལ། དེ་བཞིན་ཚ་བ་རོང་པའི་ཁུལ་བཅས་ལ་རྗེས་བྲང་མང་པོ་འདུག དེ་དག་ལ་བཙན་དབང་བཏང་ནས་ཁོང་ཚོས་དད་པ་བྱེད་པའི་ལྷ་ཞིག་འདྲེ་རེད་ཟེར་ན། སྔོན་མ་ངས་ཀྱང་དེ་ལྟར་ཤོད་མྱོང་། ཕྱིས་སུ་ཉམས་ཆུང་བོད་མི་དེ་དག་གི་གནས་བབ་དང་ཁོང་ཚོའི་དད་སེམས་མཐོང་དུས་ཤོད་ཕོད་ཀྱི་མིན་འདུག་ལ། ང་རང་གཙོས་པའི་ལྟ་བ་མཁྲེགས་འཛིན་པ་རྣམས་ཀྱི་ནོར་འདུག ཆོས་ལུགས་དད་མོས་ལ་ངེས་པར་དུ་གུས་ཞབས་བྱེད་དགོས་པའི་ཚོར་སྣང་བྱུང་།
ཇོ་ནང་པ་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཞིག་ཡིན་པ་ནི་ཆོས་འབྱུང་ཁག་ཏུ་གསལ་བ་ལྟར་རྩོད་མེད་ཡོངས་གྲགས་རེད། དེར་བརྟེན་ཇོ་ནང་པར་ཆོས་བརྒྱུད་གཞན་ཁག་དང་འདྲ་མཉམ་དགོས་པ་ནི་ཤིན་ཏུ་ནས་འོས་བབ་ཡོད་པ་ཞིག་ཏུ་མཐོང་སོང་།
དེས་ན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་མི་ཟེར་བར་
བོད་ཀྱི་ཆོས་བརྒྱུད་རྣམས་ཟེར་ན་ག་འདྲ་འདུག
དེས་ན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་མི་ཟེར་བར་
བོད་ཀྱི་ཆོས་བརྒྱུད་རྣམས་ཟེར་ན་ག་འདྲ་འདུག
་་་་་གོང་བཅོས
སྟོན་པ་ཤཱཀྱ་ཐུབ་པས་ཆོས་བརྒྱུད་ཆེན་པོ་༡-༢-༣-༤-༥
གང་ལས་གསུངས་འདུག་གམ་ཁུངས་སྐྱེལ་གསལ་པོ་ཞིག་སུས་སྟོན་ནམ
ནོར་བུ་ལགས་ སྟོན་པ་ཤྭཀྱ་ཐུབ་པས་ཆོས་ལུགས་ཆེན་པོ་༡་-༢-༣-༤
སོགས་གསུང་མེད་པ་ཚང་མས་མཁྱེན་གསལ་རེད་དེ་ལ་རྩོད་པ་གངཡང་
མེད་པ་རེད་ང་ཚོས་བོད་ཀྱི་ཆོས་ལུགས་ཆེན་པོ་གཞི་ཟེར་གི་ཡོད་
དེ་གཉིས་བར་ལ་ཁྱད་པར་ཆེན་པོ་ཡོད་པ་མཁྱེན་ནས་བཀའ་མོལ་
གནང་དགོས་དྲན་སོང་ནོར་བ་ཡིན་ན་དགོང་འགལ་མེད་པ་ཞུ་།།
༅༅། ལངས་དང་མ་ི་ལངས་ལངས་སོང། ཇོ་ནང་ཆོས་རྒྱད་ལངས་སོང།
དགོས་པའི་ཆོས་ནི་མི་བྱེད། ཆོས་མིན་རྐུབ་བཀྱག་རྕོད་གི།
ད་ནི་ལངས་ཤོག་ལསང་ཤོག། ཁ་ཆེའི་ལོས་ལུགས་ལངས་ཤོག།
ལངས་ཤོག་ཡར་ལ་ལངས་ཤོག། ཡེ་ཤུའི་ཆོས་ལུགས་ལངས་ཤོག།
ལངས་ཤོག་ཡར་ལ་ལངས་ཤོག། ཆོས་མེད་རིང་ལུགས་ལངས་ཤོག།
ཆོ་ནང་དབུ་ཚུགས་མ་བྱེད། ཆོས་ཁྲིམས་སྤྱི་ཁྲིམས་ནང་དུ།
ཇོ་ནང་ཞེས་པ་འཁོད་མེད། མ་འཁོད་ཁྲིམས་སྒྲིག་འགལ་ནས།
སུ་དང་གང་ལ་དབང་མེད།
བསམ་ཤེས་ལགས་ཀྱི་གསུང་པ་དེ་ལ་ཧང་སང་ཡ་གི་རྒྱུ་མཚན་འདུག་དོལ་རྒྱལ་ཟེར་བ་དེ་ཚོ་དེ་ཇོ་ནང་ལས་ཚད་ལས་བརྒལ་བའི་ཁྱབ་ཚད་འདུག ལས་སླ་པོ་མི་འདུག་རབ་བྱུང་ན་ཇོ་ནང་བའི་ངན་རྒོ་དེ་ལ་དེ་ཙམ་གྱིས་གཙིགས་འཛིན་ན་ལྟས་ངན་པ་མང་པོ་ཞིག་ཤར་མར་ཡོང་ཉེན་ཆེ་ལ་དེ་ལས་ལྷག་པའི་གནས་ཚུལ་མི་ལྷག་པའི་ངེས་པ་མི་འདུག ཇོ་ནང་པ་གང་དགོས་པ་དེ་ནི་རག་གི་འདུག་མིང་ཙམ་དང་སྤྱི་འཐུས་ཟེར་བ་དེ་ལ་ཁྱོད་ཚོ་ཆོས་ལུགས་པ་ཞིག་ལ་ཡིན་གཅིག་དགོས་པ་ཡོད་ན་བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུང་ཡོན་ན། ང་རང་ངོས་ནས་ཁྱོད་ཚོ་ལ་རྒྱབ་བསྐྱོར་ཡོད་ཡིནའང་འཇུག་འབྲས་ལ་བསལ་བློ་གཏོང་དུས་ལས་སླ་པོ་མི་འདུག་དེ་འདྲ་སོང་ཁྱོད་ཚོ་ཐོབ་ཀྱི་རེད་དེ་བོད་པའི་རྩ་དོན་དང་མཐུན་སྒྲིལ་དེ་གང་དུ་འགྲོ་མིན་ཁྱོད་ཚོ་ལ་སེམས་གྲ་སྒྲིག་ཡོད་པ་གྱིས། མུ་འཐུད་ངོ་བརྒོལ་གྱིས། བཀའ་བློན་གྱིས་བཀའ་དང་མ་བསམ་ན།
ད་ལྟའི་ཆར་ཆཽས་ལུགས་སྤྱི་འཐུས་དེ་ཡོད་པ་ལས་མེད་པ་དགེ་མཚན་ཆེ་བ་གླེང་མཁན་མང་པོ་བྱུང་ཡོད་པས། མ་འོངས་པར་རིམ་པས་ཆོས་ལུགས་སྤྱི་འཐུས་རྣམས་རིམ་བཞིན་གྲོས་ཚོགས་རལ་བ་ནས་ག་ལེར་མེད་པ་ཆགས་སྲིད་པ་ཞིག་རེད། དེར་བརྟེན། ཆོས་ལུགས་སྤྱི་འཐུས་ཀྱིས་གྲོས་ཚོགས་ནང་བཞག་པའི་བག་ཆགས་ངན་པ་དེ་བོད་པའི་སྤྱི་ཚོགས་ཁྱོན་ལ་ཁྱབ་བཞིན་ཡོད་སྟབས། ཇོ་ནང་ལ་བག་ཆགས་ངན་པའི་ཤུགས་རྐྱེན་དེ་ཐེབས་འདོད་ཡོད་ཀྱི་མ་རེད། དེ་བས་ཇོ་ནང་བས་ཆོས་ལུགས་སྤྱི་འཐུས་རྣམས་མེད་པར་བཟོ་རྒྱུའི་ཐད་ལ་ཤུགས་རྒྱབ་ན་དགེ་མཚན་ཆེ་བ་མེད་དམ་སྙམ། དེ་མིན་དོན་མེད་ཆཽས་ལུགས་བར་དང་སྤྱི་ཚོགས་ཐཽག་ཏུ་སྙོག་ཁྲ་མང་རོགས་རེད་འདུག་ཀ
དོལ་རྒྱལ་རིང་ལུགས་པ་ཚོར་ཆོས་ལུགས་ཅེས་པའི་ཐ་སྙད་འདི་སྦྱོར་མི་རིག་ལ། དེ་ནང་ཆོས་ཕྱི་ཆོས་གང་གི་ཁོངས་སུའང་མི་གཏོགས
ཇོ་ནང་པ་ལ། སྤྱི་འཐུས་ས་དམིགས་ཐོབ་པ་ཙམ་གྱིས། ཇོ་བསྟན་ཉམས་པ་གསོར་ཆུད་མི་ཉམས་གོང་འཕེལ་ལ་ཕན་ཐོགས་ཡོད་དམ་མེད། འདི་ནི་དོན་གནད་ཆེན་པོ་ཞིག་རེད་དོ།།
གང་ལྟར་ཇོ་ནང་བའི་མིང་འཛིན་སྒེར་རྩོད་པ་འགས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་སུ་བཅུག་སོང་། རང་གཞུང་ལ་རྒོལ་རྡུང་དང་། ཆོས་བརྒྱུད་ལ་སྣ་འབབ། དོན་ལ་ཚང་དབྱངས་དང་། ཆོས་ཀྱི་སྣང་བ་གཉིས་ཀྱི་རང་འདོད་ཁོག་བཅུག་ལས་ཅང་མ་རེད། དོན་ལ་ཇོ་ནང་ཚང་ལ་སྤྱི་འཐུས་ཐོབ་པའི་དབང་དུ་བྱས་ན་འོས་བླུག་མཁན་ག་ཚོད་ཡོད། དེབ ལྗང་གི་ཡོད་མཁན་ག་ཚོད་ཡོད།
ངམ་རིང་ཡོན་ཏན་ལགས་ཀྱིས་གསུངས་པ་ལ་མོས་མཐུན་ཡོད། ཆོས་རྒྱུད་ཀྱི་སྤྱི་འཐུས་དེ་མེད་ན་རྟག་རྟག་རེད། ཆོས་དོན་བཀའ་བློན་ཟེར་བ་དེ་ཡོད་ཚར་དུས་གཞན་དགོས་ཡག་མི་འདུག་ཇི་ནང་པ་ཐུགས་ཕྲལ་དོན་མེང་སྐུ་ལས་མ་སྤྱོན་ན་ཡག་
ཆོས་བརྒྱུད་དང་གྲུབ་མཐའི་རྩོད་རྙོག་ལ་ངོ་མ་སུན་གི གྲྭ་བའི་རིགས་བཞུགས་ས་དགོན་པ་དང་རི་ཁྲོད་ཡིན་པ་ལས་ཁྱིམ་པའི་ཚོགས་གྲལ་དུ་ཕེབས་ནས་རྙོག་གྲ་བཟོ་བ་ངོ་མ་ཐ་ཆད་རེད། ཆོས་བརྒྱུད་སོ་སོའི་སྐུ་འཚབ་མེད་པ་བཟོས་ན་ཡག་པོ་རེད། ༧གོང་ས་རིན་པོ་ཆེའི་ལས་གནས་ལས་བཟུར་བ་ལྟ་བུ་བྱས་ན་དཔེ་མ་སྲིད་པའི་ཡག་པོ་རེད། ཇི་སྐད་དུ། རབ་ཏུ་བྱུང་བའི་ལས་ནི་རྣམ་པ་གཉིས་ཏེ། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ནོ།། ཅེས་གསུང་བ་བཞིན་དེ་ལ་འབད་དགོས་པ་ལས་ཁྱིམ་པའི་སྲིད་སྐྱོང་བའི་གྲས་སུ་ཕེབས་ནས་རྙོག་གྲ་བཟོས་ན་ནང་ཆོས་ཀྱི་ཞབས་འདྲེན། བོད་མའི་ཞབས་འདྲེན་རེད། ཆོས་བརྒྱུད་གཞན་པ་ཚོ་ལ་སྤྱི་འཐུས་དགོས་ན་ཇོ་ནང་པ་ཅི་ལ་མི་དགོས། ཁ་ནས་རང་དབང་གླེང་བཞིན་དོན་ལ་གཉའ་གནོན་བྱས་ན་སུས་ཁུར་གི་རེད། ཁྱོད་ཚོ་ལ་རང་དབང་དགོས་ན་ཇོ་ནང་པ་ཅི་ལ་མི་དགོས། ང་ཚོ་ཚང་མའི་འདོད་པ་རང་དབང་དང་གནས་ལུགས་མ་ཡིན་ནམ།
ཆོས་བརྒྱུད་གཞན་ལ་སྤྱི་འཐུས་དགོས་ན་ཇོ་ནང་པ་ལའང་དགོས། ཡོད་ན་ཡོད་མཉམ་མེད་ན་མེད་མཉམ་རེད། ངོ་མ་བཤད་ན་གྲྭ་བཙུན་རིགས་དེའི་གྲལ་དུ་དཔེ་མིག་རྫོད་ཅིག་རེད། དེ་ལས་བཤད་སྒྲུབ་ལ་འབད་ནས་ཁོ་སུས་རྗེས་འཇུག་ཡིན་པ་དེ་མ་བརྗེད་པ་གལ་ཆེན་རེད། ངུར་སྨྲིག་གི་གོས་ནི་སྟོན་པ་ཐུགས་རྗེ་ཅན་གྱི་སུ་ལ་གནང་བ་རེད།
སྤྱིར་ཆོས་བརྒྱུད་སྤྱི་འཐུས་འདི་དགོས་པ་མེད་པ་སྙོག་དྲའི་རྩ་བ་ཞིག་ཡིན་པས་སྤང་ན་ལེགས་པར་མཐོང་། འོན་ཀྱང་ཇོ་ནང་ཉམ་ཆུང་ལ་མཐོང་ཆུང་བྱེད་པ་ཕོ་ཁྱོ་ཀ་ཞིག་གི་ལས་ཀ་མ་རེད་ལ། སྤྱི་འཐུས་མི་དགོས་པའི་སྒྲུབ་བྱེད་ཐམས་ཅད་གནས་ལུགས་མེད་པའི་ཕྱོགས་རིས་ཀྱི་གཏམ་ཁོ་ནར་ཟད་དོ། །
༡༽ ཇོ་ནང་ལ་སྤྱི་འཐུས་དགོས་པ་ཆོས་བརྒྱད་ཡིན་ན་ཆོས་རྒྱུད་གཞན་གྱི་སྤྱི་འཐུས་ཀྱང་ཆོས་བརྒྱད་དོན་དུ་གཉེར་མཁན་ཡིན་པ་གྲུབ།
༢༽བཅོམ་ལྡན་འདས་ཀྱིས་སྤྱི་འཐུས་མ་གསུང་ཟེར་ན་ཆོས་བརྒྱུད་གཞན་གྱི་སྤྱི་འཐུས་ཀྱང་བཅོམ་ལྡན་འདས་ཀྱི་དགོངས་པ་དང་འགལ་བ་གྲུབ།
༣༽བོ་དོང་ཞི་བྱེད་སོགས་ལ་སྤྱི་འཐུས་སྤྲོད་དགོས་ཐུག་པས་མི་སྤྲད་ཟེར་ན་ཆོས་རྒྱུན་གཞན་གྱིས་ཐོབ་ཐང་འཕྲོག་པའི་རིས་གཅོད་དུ་གྲུབ།
༤༽སྤྱི་འཐུས་རྩོད་པས་དཀྲུགས་ཤིང་བཟོས་ཟེར་ན་སྤྱི་འཐུས་ཡོད་མཁན་ཚོས་དཀྲུགས་ཤིང་བྱས་ཏེ་ཐོབ་པ་ཡིན་པར་གྲུབ།
༥༽དོལ་རྒྱལ་དང་འདྲའོ་ཟེར་ན་དོལ་རྒྱལ་བརྟེན་མཁན་ཚོར་སྲུང་མ་ལྷག་མ་ཅིག་ལས་རང་ཉིད་ཀྱིས་དགེ་ལྡན་གཙང་མར་འདོད་པས་མི་འདྲའོ། །
༦༽ཁ་ཆེ་དང་། ཡེ་ཤིའི་ལ་སྤྱི་འཐུས་དགོས་ཟེར་ན་མི་གྲངས་ངེས་ཅན་ཞིག་ལ་སླེབས་ན་དགོས་དང་དགོས་ཞུའོ། །
༧༽དེབ་ལྗང་མང་པོ་མེད་པས་མི་དགོས་ཟེར་ན། བལ་ཡུལ་གྱི་བཀའ་རྙིང་གི་དགོན་སྡེ་ཕལ་མོ་ཆེར་དེབ་ལྗང་་མེད་ལ། སྔོན་ཆད་རུམ་བཏེགས་ཀརྨ་བཀའ་བརྒྱུད་ཀྱིས་ཀྱང་དཔྱ་ཁྲལ་སྤྲད་མེད་པ་སྟོབས་དགའི་དེབ་དུ་གསལ་ལོ། །
༨༽སྤྱི་འཐུས་ས་མིག་ཐོབ་པ་ཙམ་གྱིས། ཇོ་བསྟན་ཕན་ནམ་ཟེར་ན། རྟོགས་པའི་བསྟན་པ་ལ་ཕན་པ་ཅི་ཡང་མེད། འཆད་ཉན་ལ་ཕན་པ་ཆེ། གྲྭ་རྒྱུན་བསྡུ་བ་དང་བགྲོ་གླེང་དུ་ཞུགས་པ། བསྟན་པའི་སྦྱིན་བདག་རྣམས་ཀྱི་སྤྱི་ཚོགས་ཀྱི་འདྲ་མཉམ་ཐོབ་ཐང་ལ་ཕན། གྲྭ་རྒྱུན་བསྡུ་སྐབས་དོལ་པོ་ཙམ་ལས་ས་གནས་གཞན་གྱིས་ཇོ་ནང་ཟེར་བ་སུས་ཤེས་བོད་ཀྱི་ཆོས་ལུགས་ཞིག་རེད་མི་འདུག་བོད་གཞུང་གི་ཆོས་རྒྱུད་ཀྱི་ནང་ན་མི་འདུག་ཟེར་བ་ལན་མང་དུ་བྱུང་བ་དང་། ཇོ་ནང་དུ་ཞུགས་མཁན་གྱི་གྲྭ་བ་ཁག་གི་ཉེ་འབྲེལ་ཚོས་ཁྱོད་ཚོ་མི་སྟེགས་པ་ལ་ཞུགས་འདུག་ཅེས་བརྙས་བཅོས་བྱས་པ་གོ་སོང་། སྦྱིན་བདག་མང་པོ་ལ་དེས་དཀའ་ངལ་འཕྲད་ཟེར། དགོན་པ་འདེབས་སའི་ས་ཁུལ་དུའང་ནང་པ་ཡིན་མིན་གྱིས་དོགས་པ་ཤུགས་དྲག་བྱུང་བ་དང་། ཕྱི་རྒྱལ་དུ་ཆོས་ཚོགས་དེབ་སྐྱེལ་བྱེད་ཚེའང་ནང་པའི་ཁོངས་ནས་དེབ་སྐྱེལ་བྱེད་པར་དཀའ་ངལ་ལན་མང་འཕྲད་ཟེར། འདི་དག་གོ་ཐོས་ཡིན། དངོས་ཡོད་གནས་ཚུལ་ལ་དཔྱད་པ་བྱ་དགོས་སོ། །
་་་་་་་་་ གྲྭ་རྒྱུན་བསྡུ་སྐབས་དོལ་པོ་ཙམ་ལས་ས་གནས་གཞན་གྱིས་ཇོ་ནང་ཟེར་བ་སུས་ཤེས་བོད་ཀྱི་ཆོས་ལུགས་ཞིག་རེད་མི་འདུག་བོད་གཞུང་གི་ཆོས་རྒྱུད་ཀྱི་ནང་ན་མི་འདུག་ཟེར་བ་ལན་མང་དུ་བྱུང་བ་་་་་་་
གལ་ཏེ་ང་ཚོས་ནང་ཁུལ་ལ་ཐོབ་ཐང་རྩོད་བྱེད་ན། བོད་གངས་ཅན་གྱི་ཐོབ་ཐང་སུ་ཡིས་རྩོད། གལ་ཏེ་ང་ཚོས་རྒྱལ་སྤྱིའི་ངོས་འཛིན་མེད་པའི་རང་རེའི་བཙན་བྱོལ་གཞུང་ལ་གཏུག་བཤེར་བྱེད་སྡོད་ན། འུ་ཚོའི་འཐབ་རྩོད་ཀྱི་སྲོག་ཤིང་དུ་གྱུར་པའི་བཙན་བྱོལ་གཞུང་ལ་དབུ་འོག་དཔུང་འདེགས་སུ་ཡིས་བྱེད།