གཡང་དཀར་སྒྲོལ་མ། (འཛིན་གྲྭ་བདུན་པ།)
མགོ་བོ་ཡར་བཀྱགས་ནས་སྣག་ཅིང་སྣུམ་པའི་སྒོ་སམ་ཁ་ལྟ་དུས། དགེ་རྒན་གྱིས་བྲིས་པའི་ཡིག་འབྲུ་དཀར་པོ་དེ་དག་མིག་ལམ་དུ་འཆར་འོངས། དེ་དུས་ཆེས་སྤྱིར་བཏང་གི་སློབ་ཁྲིད་ཡོ་བྱད་དེ་ས་སྨྱུག་ངའི་ཡིད་ལ་ཤར་བྱུང་། ས་སྨྱུག་གི་གཟུགས་ཕྲ་ཞིང་ཆུང་ལ། རིང་ཚད་ལ་སོར་བཞི་ལྔ་ཙམ་ལས་མེད་པ་དང་། མགོ་སྦོམ་ལ་མཇུག་མ་ཕྲ། མི་ལ་ལས་ས་སྨྱུག་མིག་ལམ་དུ་མི་འཇོག་པས། དེར་གཅེས་སྤྲས་ཀྱང་མི་བྱེད། ལ་ལས་ད་དུང་དེ་དུམ་བུར་བཅག་སྟེ་རྩེད་ཆས་བྱེད་པ་རེད། ས་སྨྱུག་གི་ཚེ་ཚད་ཧ་ཅང་ཐུང་། བཟོ་གྲྭ་ནས་སློབ་གྲྭ་དང་། སློབ་གྲྭ་ནས་སློབ་ཁང་བར། ཁོ་ཚོ་དྲང་མོར་གྲལ་བསྒྲིགས་ནས་སློབ་མ་རྣམས་ལ་ཤེས་བྱ་བརྒྱུད་སྤྲོད་བྱེད་པར་སྒུག་འདུག
དགེ་རྒན་གྱིས་ས་སྨྱུག་སྒམ་ཆུང་གི་ཁ་ཕྱེ་ནས་ནང་གི་ས་སྨྱུག་ལེན་དུས། དེར་འགྱོད་པ་དང་ཕངས་སེམས་ཅི་ཡང་མེད་པར་རང་ལུས་མི་མང་གི་ལས་དོན་ལ་འབུལ་བར་སྒུག་པ་ཡིན་ཞིང་། སེམས་ལ་དཀའ་སྤྱད་ཀྱིས་སློབ་སྦྱོང་བྱེད་པའི་སློབ་མ་འདི་དག་ནི་མེས་རྒྱལ་གྱི་རེ་བ་དང་། མ་འོངས་པའི་བདག་པོ་ཡིན་པས། ཁོ་ཚོ་ལེགས་པོར་འཚར་ལོངས་འབྱུང་ཆེད། རང་ཉིད་ཀྱི་ལུས་པོ་འབུལ་དགོས་ཀྱང་འགྱོད་པ་སྤུ་ཙམ་མེད་ཅེས་བསམ་བཞིན་པ་དང་འདྲ།
དགེ་རྒན་གྱི་ལག་པ་བྱང་ཆ་ལྡན་པའི་སྒོ་ནས་སྒོ་སམ་ངོས་སུ་འགུལ་སྐྱོད་བྱེད་དུས། ས་སྨྱུག་གི་ལུས་པོ་རིམ་བཞིན་ཇེ་ཐུང་དུ་སོང་ནས། གྲལ་འགྲིག་པོའི་ཡི་གེ་དང་ཨང་ཀི། དཔེ་རིས་བཅས་སུ་གྱུར། སློབ་ཐུན་གྲོལ་བ་ན། ལས་རེས་པས་སྒོ་སམ་གཙམ་མང་ཕྱིས་ཚེ། ས་སྨྱུག་གི་མི་ཚེ་འདི་ལྟར་གྲག་འགུལ་མེད་པར་མཇུག་རྫོགས་པ་ཡིན།
ས་སྨྱུག་གི་རང་གཤིས་འདིས་ང་ལ་ཡིད་འགུལ་ཆེན་པོ་ཐེབས་སུ་བཅུག གལ་ཏེ་འཇིག་རྟེན་ཐོག་གི་མི་ཚང་མ་ས་སྨྱུག་དང་འདྲ་བར། རང་དོན་བསྐྱུར་ཏེ་གཞན་དོན་ཁོ་ན་བསམ་པ་དང་། རང་ནུས་ཅི་ཡོད་ཀྱིས་གཞན་དོན་བསྒྲུབས་ཚེ། འཇིག་རྟེན་འདི་ནི་ཇི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་། ཕུགས་བསམ་ཡག་པོ་དེ་ལེགས་པར་འགྲུབ་ཆེད། ངས་ས་སྨྱུག་ལྟར་འཚོ་བ་རོལ་འདོད་ཅིང་། ས་སྨྱུག་ལྟར་རང་ལུས་འབུལ་འདོད།
ས་སྨྱུག་ལགས། ཁྱོད་ལ་དེ་ལྟ་བུའི་གཞན་ཕན་གྱི་སེམས་ལྡན་པས། ཁྱོད་ནི་ཇི་འདྲའི་བཀུར་འོས་པ་དང་། ཇི་འདྲའི་བསྔགས་འོས་པ་ཞིག་རེད།
ཇི་འདྲའི་ཡིད་མགུ་བ་ཞིག་བྲིས་འདུག་ཨང་།
འདི་བྲིས་རྩོམ་ཞིག་མ་རེད། བསྒྱུར་རྩོམ་ཞིག་རེད། རྩོམ་འདི་ངས་རྒྱ་ཡིག་ནས་མཐོང་མྱོང་། ཡག་པོ་བསྒྱུར་འདུག
ས་སྨྱུག་ལ། ཨིན་སྐ་དུ་ཅོག་དང་། སྔར་རྒྱ་གར་སྐད་ཅིག བོད་སྐད་དུ་ཐོད་ལེ་ཀོར་ཞེས་བསྒྱུར་ཡོད་སྙམ།
བོད་པས་ས་སྨྱུག་བཟོས་མྱོངས་སམ། ད་ལྟའི་བར་དུ་བཟོས་མྱོང་མེད་ན་ག་དུས་བཟོ་ཐུབ་བམ། སྤོས་བཟོས་ཐུབ་ས་ལ། ས་སྨྱུག་བཟོ་མི་ཐབ་པ་ག་ལ་ཡོད།
སྒོ་སམ་ཁ་ཟེར་ན་ནག་པང་ཡིན་ནམ། ལགས།