རྔ་བཟའ་བདེ་པོ་འཚོ།
དུང་ཕྱུར་གྱི་ཕྱེད་ཀ་ཐོན་པ་(Half A Billion Rising) ཡང་ན་འབུར་ཐོན་རྒྱ་གར་གྱི་བུད་མེད(The Emergence of Indian Women) ཅེས་པའི་དེབ་འདི་ནི། རྒྱ་གར་གྱི་རྩོམ་པ་པོ་ཨ་ནྭེ་རྭོ་དྷ་དྷོ་ཏཱ(Anirudha Dutta) ལགས་ཀྱིས་ཕྱི་ལོ་༢༠༡༣ ནས་༢༠༡༥ བར་ལོ་གཉིས་ཀྱི་རིང་ལ་རྒྱ་གར་གྱི་མངའ་སྡེ་ཚང་མར་ཕྱིན་ཏེ། རྒྱ་གར་གྱི་བུད་མེད་སྤྱི་དང་བྱེ་བྲག་སྐབས་འདིའི་བུད་མེད་ཀྱི་གནས་སྟངས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་པའི་འབྲས་བུར་བྲིས་པ་ཞིག་རེད་འདུག
ངས་དེ་རིང་ཆེད་དུ་དེབ་འདིའི་སྐོར་གླེང་འདོད་པའི་རྒྱུ་མཚན་ནི།ང་ཚོ་མང་ཆེ་བ་ཞིག་གིས། རང་གི་མིག་མདུན་གྱི་ཁོར་ཡུག་དང་གནས་སྟངས་ཤིག་ལས་དེ་ལས་བརྒལ་བའི་གནས་ཚུལ་མང་པོ་ཞིག་མཐོང་གི་མེད། དཔེར་ན་མི་རིགས་གཞན་གྱི་ཡུལ་སྲོལ་གོམ་གཤིས་དང་སྤྱི་ཚོགས་ཀྱི་གནས་བབ། དཔལ་འབྱོར་གྱི་ཐོན་ཁུངས། དེ་ལྟ་བུའི་མངོམ་སུམ་དང་ལྐོག་འགྱུར་གྱི་གནས་ཚུལ་མང་དག་ཅིག་ལ་གོ་རྟོགས་དབེན།
དེའི་རྒྱུ་མཚན་གྱིས། ང་ཚོ་སུ་ཡིན་ཡང་དེབ་འདི་ལྟ་བུ་མང་ཙམ་བཀླག་རྒྱུ་ཧ་ཅང་གལ་ཆེ་བར་སྣང་། དེབ་འདིའི་སྤྱི་ཁོག་དང་ནང་དོན་མ་བརྗོད་སྔོན་ལ། རང་གི་བསམ་ཚུལ་ཐུང་ངུ་ཞིག་བརྗོད་ན།
སྤྱིར་སྲིད་པ་ཆགས་པ་ནས་བཟུང་འཇིག་རྟེན་འདིར་སྲོག་ཆགས་བྱུང་བ་དང་ལྷན་དུ། འགྲོ་བ་མི་ཞེས་པའི་སེམས་ཅན་ཧ་ཅང་དབང་ཤུགས་ཅན་དང་རྣམ་དཔྱོད་ལྡན་པ་ཞིག་རིམ་གྱིས་འཕེལ་བའི་བརྒྱུད་རིམ་ཁྲོད། འཛམ་གླིང་འདིའི་ཕྱི་སྣོད་དང་ནང་གི་བཅུད་སོགས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། དེ་ཡང་”གནམ་གྱི་ཕྱེད་ཀ་བུད་མེད་ “ཅེས་པ་ལྟར། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ཧྲིལ་བོ་ནི་སྐྱེས་ཕོ་མོ་ཟུང་ལས་གྲུབ་པ་ཞིག་རེད། དེ་ལྟར་ན་ཡང་དུས་ཡུན་རིང་པོ་ཞིག་གི་བརྒྱུད་རིམ་ཁྲོད། འཛམ་གླིང་གི་ཡུལ་གྲུ་མང་དག་ཅིག་ལ་ཕོ་མཆོག་མོ་དམན་གྱི་ལྟ་བ་དང་སྤྱོད་ཚུལ་ངན་པའི་དབང་གིས། བུད་མེད་གྲངས་ལས་འདས་པ་ཞིག་གི་མི་ཚེ་དེ་སྡུག་བསྔལ་དང་མིག་ཆུ། བཙན་ཤེད་དང་གཉའ་གནོན། འཚེ་བ་དང་ལོག་གཡེམ། བྲན་གཡོག་དང་བརྙས་བཅོས་ཁྲོད་ནས་སྐྱལ་དགོས་བྱུང་ཡོད།
ད་སྐབས་མཁས་པ་ལ་ལ་ཞིག་གིས། སྤྱི་ཚོགས་ཤིག་དང་མི་རིགས་ཤིག ཡང་ན་རྒྱལ་ཁབ་ཅིག་ཡར་རྒྱས་ཀྱི་ལམ་དུ་མདུན་བསྐྱོད་བྱེད་དགོས་ན། ཐོག་མར་ཁོར་ཡུག་དེའི་མི་རྣམས་ལ་ཐོབ་ཐང་དང་འཇོན་ཐང་། སྤོབས་པ། ཤེས་ཡོན། འཇོན་ནུས་སོགས་གཅིག་གྱུར་ཡོང་དགོས། དེ་བྱུང་བ་ཡིན་ན་ད་གཟོད་རྒྱལ་ཁབ་བམ་མི་རིགས་འདི་རིང་བཞིན་གྱིས་ཡར་ངོས་ཟླ་ལྟར་འཕེལ་ཞིང་རྒྱས་པར་འགྱུར་ཞེས་བརྗོད། དེ་ལྟར་བརྗོད་དེ་ལག་ལེན་གྱི་ཆ་ནས་སྟོངས་སོང་ན་སྐད་ཆ་སྙན་མོ་དེ་ཚོ་ཚིག་སྐམ་པོ་ཞིག་མ་རེད་དམ།
དེར་བརྟེན། ཁ་ནས་ཚིག་སྐམ་པོ་ཞིག་བརྗོད་དེ་རང་གི་མཚན་སྙན་བསྒྲགས་པ་ཙམ་མིན་པར། རྩོམ་པ་པོ་ཨ་ནྭེ་རྭོ་དྷ་དྷོ་ཏཱ་བཞིན་ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཚོགས་སུ་ངོས་སུ་བསྐྱོད་དེ། ཞིབ་འཇུག་དང་འདྲི་རྩད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བར་སྣང་། ཁོང་གི་དེབ་དེ་ཀློག་དུས། འཛམ་གླིང་སྤྱིའི་བུད་མེད་ཀྱི་གནས་སྟངས་དང་བྱེ་བྲག་རྒྱ་གར་གྱི་མེད་ཀྱི་གནས་བབ་མེ་ལོང་ནང་གསལ་བ་བཞིན་རེ་རེ་བཞིན་འཆར་ཡོང་།
དེབ་ཀྱི་སྤྱི་ཁོག
རྩོམ་པ་པོ་ཁོང་ཉིད་ཐོག་མར་དངུལ་རྩིས་ཞབས་ཞུའི་ལས་ལ་གཉེར་ཞིང་།རྗེས་སུ་བཟོ་བཀོད་པ་དང་པར་ལེན་སྒྱུ་རྩལ་གྱི་ལས་ལ་གཞོལ་བའི་ཞར་དུ་བུད་མེད་ཀྱི་ལས་དབང་སྐོར་ལ་རྩོམ་ཐུང་རེ་བྲིས་འདུག བར་སྐབས་ཤིག་ལ་ཁོང་གི་གཟའ་ཟླའི་གཅེན་པོའི་སྐུལ་སློང་ལ་བརྟེན་ནས། རྒྱ་གར་སྤྱི་ཚོགས་ཀྱི་བུད་མེད་ཀྱི་གནས་སྟངས་ངོ་མ་དེ་ཤེས་དགོས་ན།ཕྱི་ནས་རྒྱང་ལྟ་བྱེད་པ་ཙམ་མིན་པར་སྤྱི་ཚོགས་སུ་ངོས་སུ་བཅར་དགོས་པའི་རྒྱུ་མཚན་གྱིས། ཁོང་ལོ་ཧྲིལ་བོ་གཉིས་ལ་རྒྱ་གར་མངའ་སྡེ་ཡོངས་ལ་བསྐོར་བསྐྱོད་ཀྱིས། གྲོང་གསེབ་དང་གྲོང་ཁྱེར་འདུས་པའི་ས་ཁུག་ཚང་མར་ཕྱིན་ཏེ། བུད་མེད་རྒན་གཞོན་ཚང་མར་བཅར་འདྲི་བྱས་པའི་བརྒྱུད་རིམ་ཁྲོད། ཁོང་གིས་ངེས་རྟོགས་བྱུང་བ་ནི།
དང་པོ། སྤྱིར་རྒྱ་གར་ནི་ལོ་རྒྱུས་ཐོག་ནས་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པས། མི་ཚང་མ་འདྲ་མཉམ་ཡིན་པར་འདོད་ཀྱང་། དོན་དངོས་སུ་སྤྱི་ཚོགས་ནང་ལ་རིགས་རུས་དང་དབུལ་ཕྱུག ཆོས་ལུགས། ལྷག་པར་དུ་ཕོ་མོ་དབྱེ་འབྱེད་ཀྱི་ནད་ཡམས་དེ་ལས་དུས་ཡུན་རིང་པོར་ཐར་མེད།
གཉིས་པ། གྲོང་གསེབ་ཀྱི་མི་ཚང་རེ་རེའི་ཁྱིམ་ལ་ཕྱིན་ཏེ། བུད་མེད་ཚོར་བཅར་འདྲི་བྱེད་སྐབས། བུད་མེད་ལ་ལས་ཁོང་མཐོང་བ་དང་མགོ་རས་གོས་ཀྱི་གཏུམས་ནས་བྲོས་པ་དང་། ལ་ལས་མཐོང་ཡང་མ་མཐོང་ཁུལ་བྱེད་པ། ཟེ་ཟུང་གིས་རང་གི་ཁྱོ་ག་སྐད་བཏང་ནས་མགྲོན་པོ་སྣེ་ལེན་བྱེད་དུ་བཅུག་སྟེ།ཁོང་མོ་ཁང་པའི་ཕུག་ཏུ་ཕྱིན་ནས་ཟ་མ་གཡོ་སྐོལ་བྱེད་པ་ལས་ཚིག་གཅིག་ཀྱང་བཤད་པའི་སྤོབས་པ་མེད་པ་དང་། ཁྱོ་གའི་ཆོག་མཆན་མ་ཐོབ་པར་དུ་མགོ་ཡང་ཡར་འགྱོག་མི་ཕོད་པ། དེའི་ཁྲོད་ནས། བུད་མེད་ཚོས་རང་གི་མི་ཚེའི་ལོ་རྒྱུས་དང་རང་གི་ཨ་མའི་མི་ཚེའི་ལོ་རྒྱུས་འཆད་དུས། ང་ཚོའི་བློ་ཡུལ་ལ་མི་ཤོང་བའི་གཏམ་རྒྱུད་མང་པོ་ཞིག་གོ་རྒྱུ་ཡོད། དཔེར་ན།མི་རབས་སྔོན་མ་ཚོས་བུད་མེད་ནི་སྐྱེ་བ་འདིའི་རང་གི་ཁྱོ་གར་ཞབས་ཞུ་སྒྲུབ་པར་སྐྱེས་པར་ཡིད་ཆེས་ཀྱིས། ཚེ་གཅིག་ལ་རང་གི་ཁྱོ་གའི་འདོད་པ་ལྟར་ལུས་ངག་ཡིད་གསུམ་གྱིས་ཞབས་ཞུ་སྒྲུབ་དགོས་ཤིང་། ཁྱོ་གའི་ཚེ་ཐག་རིང་ཕྱིར་ཉིན་བཟང་དུས་བཟང་ལ་ཉིན་ཞག་ཕྲུགས་ཀྱི་རིང་ལ་ཟས་བཅད་བྱ་དགོས་པ་མ་ཟད། རྡུང་རྡེག་བརྙས་བཅོས་ཀྱི་ཁྲོད་ནས་མི་ཚེ་སྐྱལ་དགོས།གལཏེ་ཁྱོ་ག་གཞན་གྱིས་བསད་པ་དང་གྲོངས་པ་སོགས་བྱུང་ན།དེའི་གཟའ་ཟླ་གྱུར་བའི་བུད་མེད་དེ་ཡང་དེའི་ཕུང་པོ་དང་མཉམ་དུ་གསོན་བསྲེགས་བྱེད་དགོས། དེ་ལྟར་མ་བྱས་ན་ཉི་མ་དེ་ནས་བཟུང་བུད་མེད་དེ་སྤྱི་ཚོགས་དང་ཁ་བྲལ་དུ་འགྱུར་བ་སོགས་ཀྱི་ལྟ་སྟངས་ངན་པ་ཞིག་གིས་བུད་མེད་དེ་གསོན་ཐབས་བྲལ་ཡོད།
གསུམ་པ། རྒྱ་གར་གྱི་ལུགས་སྲོལ་ལྟར་ན། མི་ཚང་གཅིག་ལ་བུ་མོ་གསུམ་ལས་མང་བ་བྱུང་ན། མི་ཚང་དེ་དབུལ་ཕོངས་སུ་འགྱུར་བ་ངེས། རྒྱུ་མཚན་ནི། བུ་མོ་ཞིག་མི་ཚང་གཞན་ལ་མནའ་མར་འགྲོ་དགོས་དུས། ཁྱིམ་གྱི་ཅ་དངོས་དང་དངོས་རྫས་རྩ་ཆེན་མང་ཆེ་བ་བག་རྫོངས་ལ་སྦྱིན་དགོས། མི་ཚང་ཕྱུག་པོ་ཞིག་ཡིན་ཡང་བུ་མོ་བག་མ་སྟེར་རྒྱུ་ནི་ཆེས་དཀའ་བའི་གནད་དོན་ཞིག་ཏུ་བརྩི། རྒྱུ་མཚན་དེའི་དབང་གིས། རྒྱ་གར་སྤྱི་ཚོགས་ནང་ལ། བུ་མོ་ལས་བུ་ལ་དགའ་བ་དང་། གལ་ཏེ་མངལ་ལ་ཆགས་པའི་ཕྲུ་གུ་དེ་བུ་མོ་ཡིན་པ་ཤེས་སོང་ན། འཆོར་དུ་འཇུག་པ་དང་ཁབ་བརྒྱབ་སྟེ་བསད་པ། སྐྱེས་མ་ཐག་ནས་བསད་པའམ་ལོ་གཅིག་མ་ཟིན་སྔོན་ལ་མེད་པ་བཟོ་བ་སོགས་ཀྱི་གནས་ཚུལ་ཡོད། དེ་ལས་ལྡོག་སྟེ་བུ་ཞིག་བཙས་པ་ཡིན་ན། ཕ་མ་གཉིས་ཀྱིས་གྲོང་ཚོའི་རྒན་གཞོན་ཚང་མར་རྟེན་འབྲེལ་མཚོན་བྱེད་ཀྱི་མངར་ཆ་སྤྲོད་པ་སོགས་ཀྱི་ལུགས་སྲོལ་ཡོད།
བཞི་པ། དུས་རབས་ཉེར་གཅིག་པའི་ནང་དུ་འཛམ་གླིང་ཁྱོན་ཡོངས་ནས་ཡར་རྒྱས་ཕྱིན་ཡོད་ཀྱང་། རྒྱ་གར་དུ་ད་དུང་བུད་མེད་མང་ཆེ་བ་ཞིག་ལ་སློབ་སྦྱོང་གི་ཆུ་ཚད་ཞན། དཔེར་ན། ཁོང་འགྲོ་སའི་ཁྱིམ་ཚང་མང་ཆེ་བའི་ཨ་མར་གྱུར་བའི་བུད་མེད་ཚོ་ནི་འཛིན་རིམ་གཉིས་པ་དང་གསུམ་པ། ལྔ་བ། དྲུག་པ། ཆེས་མཐོ་བ་ནི་བརྒྱད་པ་བར་འགྲོ་མྱོང་མཁན་རྐྱང་རེད་འདུག དེའི་རྒྱུ་མཚན་ཡང་གོང་ལྟར། རྒྱལ་ཁབ་ནང་དུ་ཤེས་ཡོན་སྲིད་ཇུས་ཇི་ལྟར་བཟང་ཡང་། ཕ་མ་ཚོས་བུ་མོ་ལས་བུ་གལ་ཆེ་བར་སྣང་སྟེ། བུ་ཚོ་སློབ་གྲྭར་གཏོང་བ་དང་བུ་མོ་ཚོ་མི་གཏོང་བ། བཏང་བའི་དབང་དུ་བཏང་ཡང་། ལོ་འགའི་རྗེས་ནས་སློབ་གྲྭ་ནས་བཏོན་ཏེ་ལོ་ན་བཅུ་བཞི་དང་བཅོ་ལྔར་མ་སོན་སྔོན་ནས་མནའ་བར་སྟེར་བ། དེའི་རྒྱུ་མཚན་ཁོང་མོ་ཚོར་དྲིས་དུས། བུ་མོ་ཚོ་སློབ་གྲྭར་འགྲོ་བའི་འགྲོ་གྲོན་དེ་མ་འོངས་པར་བག་རྫོངས་(Dowry)ལ་སྟེར་དགོས་པས་སློབ་གྲྭར་གཏོང་བ་ནི་གྱོང་གུད་ལྡབ་འགྱུར་ཅིག་ལ་ངོས་འཛིན་བྱེད་ཅེས་བརྗོད་འདུག
ལྔ་པ། སློབ་གྲྭར་སྐྱོད་བཞིན་པའི་བུ་མོ་ཚོར་བཅར་འདྲི་བྱེད་དུས། ཁོང་ཚོ་ཚང་མ་གནས་སྟངས་མ་འདྲ་བ་དང་རྒྱབ་ལྗོངས་མི་གཅིག་པའི་ཁྱིམ་ཚང་ནས་ཡོང་བའི་ན་ཆུང་བུ་མོ་རྐྱང་རྐྱང་རེད་འདུག ཁོང་ཚོར་རང་ཉིད་ཨ་མ་དང་ཨ་མའི་ཨ་མ་དང་མི་འདྲ་བར་དམའ་རིམ་ནས་འབྲིང་རིམ། འབྲིང་རིམ་ནས་མཐོ་རིམ་བར་དུ་ཇི་ལྟར་སློབ་སྦྱོང་བྱེད་པའི་གོ་སྐབས་རག་བྱུང་ཞེས་དྲིས་དུས། ཁོང་ཚོ་མང་ཆེ་བ་ཞིག་གི་ཨ་མས་རང་གི་མི་ཚེའི་དཀའ་སྡུག་དང་སྡུག་བསྔལ་སོགས་མྱངས་བའི་ཉམ་མྱོང་གཞིར་བཞག་ནས། རང་གི་བུ་མོ་དེ་ལམ་ཁ་དེ་བརྒྱུད་བཅུག་པའི་འདོད་པ་མེད་པས།
རང་གི་ཁྱོ་ག་དང་ཁྱོ་གའི་ནང་མའི་ཁ་རྡུང་ལ་མགོ་གཟེད་བཞིན་ཨུ་ཚུགས་ཀྱིས་རང་གི་བུ་མོ་སློབ་གྲྭ་ནས་མ་བཏོན་པར་མུ་མཐུད་དུ་སློབ་སྦྱོང་བྱེད་དུ་བཅུག་པ།རེ་ཟུང་གི་ཨ་ཕ་ཤན་པ་དང་བཟོ་བ་ཡིན་ཡང་།རང་གི་བུ་དང་བུ་མོ་ཚོ་འདྲ་མཉམ་གྱིས་སློབ་གྲྭར་བཏང་བའི་ཉེར་ལེན་ལ་བརྟེན་ནས་བྱུང་བ། འགའ་ཤས་ཀྱིས་རང་ངོས་ནས་སྤྱི་ཚོགས་དང་ཕ་མ་སྤུན་མཆེད་སོགས་ཀྱི་ཁ་རྡུང་ལ་མ་འཛེམ་པར་རང་གི་མངོན་འདོད་ལྟར་སློབ་སྦྱོང་བྱས་པས་གྲུབ་འབྲས་སོན་པ་བཅས་བྱུང་འདུག
དྲུག་པ། གྲོང་གསེབ་ནས་གྲོང་ཁྱེར་དུ་སོང་སྟེ་དགེ་རྒན་གཙོས་པའི་བུད་མེད་ལས་བྱེད་ཚོར་བཅར་འདྲི་བྱེད་སྐབས། ཁོང་ཚོ་ཚང་མ་གོང་གི་བཀག་རྒྱ་ལས་ཐར་བ་ནི། ཨ་མའི་བཀའ་དྲིན་ནམ། ཨ་ཕའི་གུ་ཡངས་པའི་བསམ་བློ། ཡང་ན་རང་ཉིད་ཀྱིས་མདུན་བསྐྱོད་ཀྱི་ཁ་ཕྱོགས་ཁུར་དུ་བླངས་ནས་དཀའ་ངལ་ལ་གདོང་ལེན་བྱས་པ་ཁོ་ན་བརྟེན་ནས་བྱུང་། ལོ་བཅུ་ཕྲག་འགའི་སྔོན་ལ། བུ་མོ་སློབ་གྲྭ་གཏོང་བ་ནི་གྱོང་གུད་ཅིག་ཏུ་བརྩི་ན་ཡང་། ད་སྐབས་ཕུལ་བྱུང་མིག་དཔེར་འོས་པའི་བུད་མེད་འགའི་བྱས་རྗེས་དང་འཇོན་ཐང་ལ་བརྟེན་ནས། སྤྱི་ཚོགས་ནང་དུ་བུད་མེད་ཀྱི་སྣང་བརྙན་ལེགས་སུ་ཕྱིན་ཡོད་པས།ད་སྐབས་བུ་མོ་ཚོ་སློབ་གྲྭ་གཏོང་བ་ནི་ཁོ་མོ་དཔལ་འབྱོར་གྱི་རང་དབང་དང་སྤྱི་ཚོགས་ཀྱི་རང་དབང་གཉིས་གཅིག་ཅར་དུ་ཐོབ་པའི་ངོས་འཛིན་བྱེད་བཞིན་ཡོད། མི་ཚང་གཅིག་གི་བུ་ལ་མནའ་མ་ཞིག་ལེན་དགོས་ན། དང་པོའི་ཆ་རྐྱེན་ནི་ཤེས་ཡོན་གྱི་ཆུ་ཚད་ལ་ལྟ་བ་ལས་བག་རྫོངས་ཆེ་མིན་ལ་ལྟ་མཁན་ཉུང་།ཤེས་ཡོན་ཡོད་ན་ཁྱོ་ཤུག་གཉིས་མཉམ་རུབ་ཀྱིས་དཔལ་འབྱོར་མཁོ་སྒྲུབ་དང་ཁྱིམ་གཞི་སྐྱོང་ཐུབ་པའི་ལྟ་ཚུལ་གསར་བ་ཞིག་ཡོད་ཅེས་བརྗོད་འདུག
བདུན་པ། རྩོམ་པ་པོས་ལོ་གཉིས་ཙམ་བསྐོར་བསྐྱོད་བྱས་པའི་མཐར། རྒྱ་གར་འདི་ནི་མི་འབོར་ཧ་ཅང་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཡང་། དུས་ཚོད་ཀྱི་འགྱུར་འགྲོའི་ཁྲོད་ནས་རིམ་གྱིས་འགྱུར་ལྡོག་བྱུང་དང་འབྱུང་བཞིན་པའི་ཚོར་སྣང་ཤུགས་ཆེན་བྱུང་། ཁོང་གིས་བུ་མོ་རེ་རེ་བྱས་ནས་བཅར་འདྲི་བྱེད་དུས། ལོ་ཆུང་བུ་མོ་རེ་ལ་ངེས་ཅན་གྱི་དམིགས་ཡུལ་རེ་མེད་མཁན་མེད། དེའི་ནང་ནས་འགའ་རེས་བུ་ལས་ཀྱང་ཡར་སོན་གྲུབ་འབྲས་བླངས་པ་བཞིན། བྱ་བ་སྒྲུབ་བཞིན་པའི་བུད་མེད་ལས་བྱེད་ཚོའི་གྲས་ན་ཡང་། སྤྱི་ཚོགས་ནང་ལ་གོ་ས་མི་དམན་པ་རེ་བཟུང་བ་མ་ཟད། དེའི་མིག་རྒྱང་དང་ལྷག་བསམ།སྤྱི་སེམས་དང་སྤོབས་པ། ཤེས་ཚད་ཀྱི་ཆ་གང་ནས་ཀྱང་བུ་ལས་ཁྱད་དུ་འཕག་པའི་ཕུལ་དུ་བྱུང་བ་མང་། མདོར་ན། ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་ཁབ། འཛམ་གླིང་འདི་དུས་རབས་དང་བསྟུན་ནས་འགྲོ་དགོས་ན། བུད་མེད་ལ་ཤེས་ཡོན་དགོས་འདུག བུད་མེད་ལ་ཤེས་ཡོན་གྱི་གོ་ཆ་ལྡན་སོང་ན། བྱིས་པའི་རྒྱུད་ལ་སློབ་སྦྱོང་ཐོབ་པ་ནི་བརྗོད་མ་དགོས་པ་ཞིག་རེད། ན་གཞོན་གྱི་རྒྱུད་ལ་ཡོན་ཏན་འབྱོར་ན། འབྱུང་འགྱུར་གྱི་འཇིག་རྟེན་ཡང་འོད་སྣང་གི་རང་བཞིན་ཞིག་ཡིན་ངེས། རྒྱུ་མཚན་དེ་ལ་བརྟེན་ནས། ཁོང་གིས་དེབ་འདི་བརྩམས་ཤིང་། དེའི་ཁ་བྱང་ལ་ཡང་ “དུང་ཕྱུར་གྱི་ཕྱེད་ཀ་ཐོན་པ།”ཡང་ན་”འབུར་ཐོན་རྒྱར་གྱི་བུད་མེད།”ཅེས་བཏགས་འདུག
མཇུག་བསྡོམས།
སྤྱིར་དེང་སང་མི་རིགས་སོ་སོ་ནས་བུད་མེད་དང་བྱིས་པའི་ཐོབ་ཐང་སྐོར་ལ་ཉམས་ཞིབ་བྱེད་མཁན་གྱི་མཁས་པ་མང་ལ་རིན་ཐང་ལྡན་པའི་དེབ་ཀྱང་མང་པོ་མཐོང་རྒྱུ་ཡོད། ཡིན་ཡང་མི་རིགས་གཞན་གྱི་བུད་མེད་དང་བྱིས་པའི་གནས་སྟངས་ལ་དཔྱད་པ་དང་ཞིབ་འཇུག་བྱེད་མཁན་དཀོན། དེ་ལྟར་བྱས་ན། གོ་ལ་གཅིག་གྱུར་གྱི་མི་རིགས་གཞན་གྱི་སྐོར་ལ་རྒྱུན་ཤེས་མེད་པ་མ་ཟད། རང་མི་རིགས་ཀྱི་བུད་མེད་དང་བྱིས་པའི་གནས་སྟངས་ཀྱི་ཚད་གང་ལ་སླེབས་ཡོད་མེད་ཀྱང་ཤེས་དཀའ། དེར་བརྟེན། གུས་མོར་སྐད་ཡིག་གི་བྱང་ཚད་མེད་ཀྱང་། གནས་ཚུལ་འདི་དང་འདི་ལྟ་བུ་མང་པོ་ཞིག་རང་ཅག་གིས་ཀྱང་ངེས་པར་དུ་ཤེས་དགོས་པར་མཐོང་། རང་ཅག་ལ་ཡང་འདི་ལྟ་བུའི་གཏམ་རྒྱུད་མང་བས་ན། དེ་ལས་ཡར་རྒྱས་དང་གོང་འཕེལ་གཏོང་བར། འབྲེལ་ཡོད་ཕ་མ་དང་སྤྱི་ཚོགས། ལྷག་པར་དུ་བུད་མེད་རང་ངོས་ནས་ནུས་པ་ཆེས་ཆེར་བཏོན་པ་ལས། སྤྱི་ཚོགས་དང་ཕ་མ་གཅིག་པུར་ལེ་བརྡ་བྱས་ནས་སྡོད་པའི་དུས་ནི་མ་ཡིན་ཨང་། །
ཕྱི་ལོ་༢༠༡༧ ཟླ་༡ ཚེས་༨ ཉིན་དཔེ་ཀློག་ཟིན་བྲིས་སུ་ཕབ།
དབྱིན་ཇིའི་གྲངས་ཀར་ 1 Billion ལ་དུང་ཕྱུར་བཅུ་མ་རེད་པས།
རྔ་བཟའ་བདེ་པོ་འཚོ་ལགས་མིག་མཐོང་ལག་ཟིན་ངང་བོད་ཡིག་གི་འབྲི་རྩལ་ཐད་ལ་ཡར་རྒྱས་ཆེན་པོ་སོང་འདུག ངོ་སོ་བསྟོད།
གནམ་གྱི་ཕྱེད་ཀ་བུད་མེད་དང་། །
གནམ་གྱི་ཕྱེད་ཀ་སྐྱེས་པ་ལ། །
འདྲ་མཉམ་མེད་ན་རྗེས་ལུས་རེད། །
དེས་ན་བོད་ཕོ་བོད་མོ་ཡང་། །