བསམ་ཚུལ་གསུམ་དང་རེ་ཞུ་གཅིག
ཤོག་ཁ་བཅུ་གཉིས་སྐད་འཕྲིན་ཚོགས་པས་མཁོ་འདོན་གནངས།
གཏམ་བཤད་དུས་ཚོདཿ སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༨ ཉིན།
གཏམ་བཤད་ས་གནསཿ མཚོ་སྔོན་སྤྱི་ཚོགས་རིང་ལུགས་སློབ་གླིང་།
དེ་ཡིན་ན། ངས་འདི་ནས་ཉོག་བཤད་ཐུང་ཐུང་ཞིག་རྒྱག་རྒྱུ་དེ། རྫོང་གི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་ཁྲིད་རྣམ་པའི་གོ་སྒྲིག་འོག ངས་ཆ་ལེ་ཆོལ་ལེ་ཞིག་བཤད་རྒྱུར། འདི་ན་བླ་སྤྲུལ་རྣམ་པ་བཅུ་གཅིག་བཅུ་གཉིས་དེ་འདྲ་ཞིག་བཞུགས་ཡོད་པ་དང་། གདན་ས་སོ་སོའི་རྒན་པ་ལས་སྣེའང་མང་པོ་བཞུགས་འདུག འགོ་ཁྲིད་ཀྱང་མང་པོ་བཞུགས་འདུག ངས་འདི་ནས་ཉོག་བཤད་ཐུང་ངུ་ཞིག་རྒྱག་རྒྱུ་དེར་ཐམས་ཅད་པོར་དགོངས་པ་ཞིག་ཞུས་པ་ཡིན།
ད་དེ་ཡིན་ན། སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༥ ནས་དེ་རིང་སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢ པའི་ཚེས་ ༢༨ བར་གྱི་དུས་ཚིགས་འདི་འདྲ་ཞིག་ལ། ས་གནས་མཚོ་སྔོན་གྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་འདི་ནས། མི་སྣ་ཡིན་ན། རྨ་ལྷོ་ཁུལ། རྫོང་ཁག་བཞི།[1] འདི་དག་གི་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས་ཆོས་ལུགས་ཅུའུ། དགོན་པ་དོ་དམ་ཅུའུ་དང་དགོན་པ་དོ་དམ་ཁྲུའུ། དེའི་ཕན་ཆད་ནས་ཞང་དང་གྲོང་བརྡལ་སོ་སོ་ཡི་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པ། དེ་ནས་དགོན་པ་འགའ་ཤས་ཤིག་གི་ཁོང་དགེ་འདུན་པ་དང་བླ་སྤྲུལ་རྣམ་པ་འདི་འདྲ་ཞིག་ལ་ཟབ་སྦྱོང་འཛིན་གྲྭ་འདི་བསྡུས་ནས་དེ་རིང་འགྲུབ་པའི་ཉིན་མོ་རེད།
དེ་ཡིན་ན། དེ་ནས་ཁ་བརྡ་རང་བཞིན་གྱི་འདི་འདྲའི་གོ་སྐབས་སྤྲད་བཞག་ན། ང་རང་ཉིད་ལ་མཚོན་ན། འདི་མི་བཤད་པའི་དབང་ཆ་མི་འདུག གང་ཡིན་ཟེར་ན། ཐུན་རིན་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཁྱོད་རང་གི་བསམ་ཚུལ་དྲན་ཚུལ་དང་མྱོང་ཚོར་ཤོད་ལབ་ན། ཐུན་རིན་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མཚོན་ན། རོང་བོ་དགོན་པར་སྐུ་དྲིན་ཅན་ཡིན། དགོན་པ་འདི་ནི་དཀར་ཡོལ་འཚོ་འཚོ་བྱས་ཏེ། ད་བར་དུ་གས་ཁ་ཤོར་དུ་མ་བཅུག་པར་བསྡད་པའི་དྲིན་ཆེན་ཡིན། དེ་ཡིན་ཡང་དགོས་ཀྱི་རེད། ཅི་རེད་ཟེར་ན། དཀར་ཡོལ་འབྲུག་དཀར་ཡིན་ནའང་ཆོག བཀྲ་ཤིས་རྟགས་བརྒྱད་མ་གནའ་དཀར་ལོ་བདུན་བརྒྱའི་ལོ་རྒྱུས་ཡོད་པ་ཞིག་བཅག་བཞག་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཀར་ཡོལ་ཁྲི་སྟོང་མང་པོའི་ནང་གི་རིན་ཐང་མེད་པའི་དཀར་ཡོལ་གཅིག་ཆག་སོང་བ་རེད། དེའི་རྐྱེན་གྱིས་འདི་དཀར་ཡོལ་འཚོ་འཚོ་ཡང་བྱས་པ་རེད་དེ། དཀར་ཡོལ་འཚོ་འཚོ་བྱེད་དགོས་ཀྱིའང་འདུག དེ་ལྟར་བྱས་པ་དེ་ང་རང་གི་སེམས་གཏིང་ནས་དྲིན་ཆེན་ཡིན་པའི་རྐྱེན་གྱིས་ངོ་ཟློག་མ་ཐུབ་པར་བཤད་ཀྱི་ཡོད།
དེ་ཡིན་ན། འདིའི་ ༢༥ ཉིན་མོར། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གིས་མགོ་འཛིན་བྱས་པ་དང་། དེ་ནས་རྫོང་དཔོན་གཞོན་པ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཙོ་བོ་ཀླུ་རྒྱལ་ཚེ་རིང་གིས་འདི་འདྲའི་ཟབ་སྦྱོང་འཛིན་གྲྭ་ཞིག་བསྡུ་དགོས་པའི་རྒྱུ་མཚན་དང་། འདི་འདྲའི་ཟབ་སྦྱོང་འཛིན་གྲྭ་ཞིག་བསྡུ་དགོས་པའི་དམིགས་ཡུལ་ལས་བརྩམས་པའི་གསུང་བཤད་གལ་ཆེན་གནངས། དེའི་རྗེས་ནས། ལས་བྱེད་པ་དང་ང་ཚོ་གྲྭ་བར་གོ་སྒྲིག་བྱས་པའི་དགེ་རྒན་ཅུང་ཙམ་མི་གཅིག་སྟབས། ངས་བསྐྱར་ཞིབ་བྱས་པ་ཡིན།
དེས་ན། དགེ་རྒན་འཕྲིན་ལས་ཟེར་བ་ཞིག་གིས་<<ཀྲུང་དབྱང་གིས་༸རྒྱལ་བ་རིན་པོ་ཆེ་ལ་བཏོན་པའི་བྱེད་ཕྱོགས་སྲིད་ཇུས་ལ་ནམ་ཡང་འགྱུར་བ་མེད་>>ཅེས་པའི་ཡིག་ཆ་འདི་སྒྲོག་བཤད་བྱས་པ་རེད། དེ་ནས་ལོ་རྡི་ལ་ཡིས་<<རང་སྲེག་གི་ངོ་བོ་དང་རང་སྲེག་གི་གནོད་པ>>་ཟེར་བའི་ཁ་བྱང་ཅན་འདི་མར་ལ་འཆད་འཁྲིད་བྱས་པ་རེད། དེ་རྗེས་ང་ཚོར་དགེ་རྒན་ལྷ་དཔལ་ཟེར་བ་ཞིག་གིས་<<མི་རིགས་བཅའ་ཁྲིམས་ཀྱི་སྲིད་ཤུགས་གསུངས་པ>>་ཞེས་པའི་བསྟན་བཅོས་ཤིག་ང་ཚོར་མར་འགྲེལ་བཤད་བྱས་སོང་། དེའི་ཕན་ཆད་ནས་དགེ་རྒན་པདྨ་ལྷུན་འགྲུབ་ཀྱིས་ཁ་སང་<<མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས་སྤྱི་ཚོགས་བརྟན་འཇགས་སྲ་བརྟན་དུ་གཏོང་བ>>་ཞེས་པའི་ཡིག་ཆ་འདི་སྒྲོག་འདོན་བྱས་པ་རེད།
དེ་རིང་སྔ་དྲོ་ཡིན་ན། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་པ་འཇམ་དཔལ་རྡོ་རྗེ་ཡིས་ཁུལ་ཧྲུའུ་ཅི་ཆང་བེ་ 强卫 ཡིས་རེབ་གོང་རྫོང་མདོ་བ་ཞང་ལ་དངོས་སུ་ཕེབས་ཏེ། ས་གནས་དེའི་ཞང་གི་འགོ་ཁྲིད་ལས་བྱེད་དང་ས་ཆ་དེའི་སྐྱ་སེར་མང་ཚོགས་ལ་གནང་བའི་གཏམ་བཤད་དེའི་ནང་དོན་འཆད་འཁྲིད་བྱས། དེའི་རྗེས་སུ། ཁུལ་ཆོས་ལུགས་ཅུའུ་ཡི་ལས་བྱེད་པ་རིན་ཆེན་རྒྱལ་གྱིས་ང་ཚོར་<<ཁུལ་གྱི་ཡིག་ཆ་ཨང་ ༥༦ པ་དང་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཡིག་ཆ་ཨང་ ༡༦༩ པ>>་ཡི་ནང་དོན་འཆད་འཁྲིད་དང་འགྲེལ་བཤད་གནངས། དེ་འདྲ་བྱས་ནས་ད་ལྟ་མཇུག་སྡུད་ལ་ཉེ་བའི་མཚམས་འདི་འདྲ་ཞིག་རེད། དེ་ཡིན་ན། ང་ལ་འདི་ན། རང་གི་བསམ་ཚུལ་བཤད་རྒྱུ་ཅི་ཡོད་ཟེར་ན། བསམ་ཚུལ་གསུམ་དང་རེ་བ་གཅིག་བཤད་རྒྱུ་ཡོད།
བསམ་ཚུལ་དང་པོ་གང་ཡིན་ཟེར་ན། འདི་འདྲའི་ཟབ་སྦྱོང་འཛིན་གྲྭ་ཞིག་བསྡུ་དགོས་པའི་རྒྱུ་མཚན་ནི། ས་གནས་རྨ་ལྷོ་ཁུལ་ནས་མ་བསྡུས་པར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་ནས་བསྡུས་པ་འདི། ང་ཚོ་རྨ་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། ལྷག་པར་དུ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་ཁྲིད་རྣམ་པ་ཚོར་དགོངས་པ་ཟབ་མོ་དང་བཀོད་པ་ཆེན་པོ་ཡོད་པའི་རྟགས་རེད། དེ་ངའི་བསམ་ཚུལ་གཅིག་ཡིན།
བསམ་ཚུལ་གཉིས་པ་ནི། འདི་ལྟ་བུའི་ཟབ་སྦྱོང་འཛིན་གྲྭ་འདི་ཉི་མ་གསུམ་ལ་སྒྲུབ་པ་རེད། དགེ་རྒན་རྣམ་པ་དྲུག་གིས་ཟབ་སྦྱོང་འཛིན་གྲྭ་འདི་ཉིན་གསུམ་ལ་སྒྲུབ་པ་རེད། འོན་ཀྱང་། མང་པོ་མི་བཤད། ཁྲིད་གཞུང་གི་ཐོག་གི་བཅའ་ཁྲིམས་གཅིག་པུའི་སྟེང་ནས་བཤད་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ད་སྔ་ཡན་ཆད་ལ་བཅའ་ཁྲིམས་ ༡༧༠༠ ཡོད་པ་རེད། དེ་འདྲའི་བཅའ་ཁྲིམས་ཡོད་པ་དེ་ཆ་ཚང་ཤེས་དགོས་ན། ཉིན་གསུམ་མ་དགོས་ཉིན་སུམ་ཅུ། ཉིན་སུམ་ཅུ་ཕར་ཞོག དཔེར་ན། ལོ་ཁ་ཤས་ཀྱི་རིང་ལ་སྦྱངས་ན་ཡང་ཁོང་དུ་ཆུད་མི་ཐུབ། འོན་ཀྱང་། ཁ་རག་ཆུ་རག་ཅིག་བྱས་པ་རེད། དེའི་རྐྱེན་གྱིས་བསམ་ཚུལ་གཉིས་པ་འདི་ཅི་ཞིག་ཡིན་ལབ་ན། འདི་ལྟ་བུའི་ཟབ་སྦྱོང་འཛིན་གྲྭ་འདི། ང་ཚོ་ལ་སྒྲུབ་པས་མི་ཆོག་པར། གཞི་རིམ་གྱི་མང་ཚོགས་དང་སྲིད་གཞུང་གི་བར་ན་གཅིག་གིས་གཅིག་ལ་ཡིད་ཆེས་ཡོད་ན། ཡིད་ཆེས་ཡོད་པའི་ངོས་ནས་ཡང་དང་ཡང་དུ་བསྒྲགས་དགོས་ཀྱི་འདུག ཡང་དང་ཡང་དུ་དཔེར་ན། རིག་གནས་མེད་པའི་མི་སེར་ལ་རིག་གནས་ཡོད་དུ་འཇུག་པ་དང་། ཁྲིམས་ལུགས་ལ་རྨོངས་པའི་ཁྲིམས་རྨོངས་པ་དེ་ལ་བཅའ་ཁྲིམས་རྩ་ཁྲིམས་ལ་སོགས་པ་ཤེས་སུ་བཅུག དེའི་ཕན་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ཡིན་ནའང་ངོ་སྤྲོད་རྒྱ་ཆེན་པོ་བྱ་རྒྱུ་ནི་གལ་ཆེན་ཞིག་རེད། འདི་ངའི་བསམ་ཚུལ་གཉིས་པ་ཡིན།
བསམ་ཚུལ་གསུམ་པ་ནི་ཅི་ཡིན་ལབ་ན། ང་ཚོས་ཁ་སང་། <<ཀྲུང་དབྱང་གིས་ཏཱ་ལའི་བླ་མ་ལ་བཏོན་པའི་བྱེད་ཕྱོགས་སྲིད་ཇུས་ལ་འགྱུར་བ་མེད>>ཟེར་བ་འདི་ལ་སློབ་སྦྱོང་བྱས་པ་རེད། དེར་སློབ་སྦྱོང་བྱས་ན། དེའི་ཤོག་གྲངས་ ༢༦ པའི་ཐིག་ཤར་ ༡༦ པ་ན། འབྲེལ་གཏུགས་ཀྱི་སྒོ་མོ་ནམ་ཡང་ཕྱེས་ཡོད་ཅེས་༸རྒྱལ་བ་རིན་པོ་ཆེར་འབྲེལ་གཏུགས་བྱེད་པའི་སྒོ་མོ་ནམ་ཡང་ཕྱེས་ཡོད་ཅེས་ཡིག་ཆའི་ཐོག་ན་ནམ་ལངས་ལངས་དང་ཉི་མ་ཤར་ཤར་དུ་ཡོད་པ་ཞིག་རེད། འདི་ལྟར་ཡོད་པ་ཞིག་རེད་དེ། འདི་ལ་ང་ལ་བཤད་རྒྱུ་ཞིག་ཡོད་པ་ནི་ཅི་ཡིན་ཟེར་ན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་ཁྲིད་བློ་མཐུན་ཀྲོའུ་ཝེ་ཆོན་ 朱维群 བློ་མཐུན་ལ་སོགས་པ་དངོས་སུ་ཞུགས་ནས་ཐེངས་བཅུ་ཐམ་པ་ལ་འདིའི་སྟེང་ལ་གྲོས་བསྡུར་བྱས་པ་རེད། དེའི་ཚུན་ཆད་ནས་དེའི་ཕྱོགས་སུ་གྲོས་བསྡུར་བྱེད་ཀྱི་མེད་པ་དང་། དེ་རིང་ནས་བཟུང་གྲོས་བསྡུར་བྱེད་རྒྱུ་གཏན་ནས་མེད་ཅེས་མཚམས་བཅད་བཞག་འདུག
དེ་ལྟར་བཅད་བཞག་པ་ཡིན་ན། ཡིག་ཆ་འདིའི་སྟེང་དུ་འབྲེལ་གཏུགས་ཀྱི་སྒོ་མོ་ནམ་ཡང་ཕྱེས་ཡོད་ཅེས་པ་འདི། ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་གསར་པ་འདེམས་ནས་གསར་དུ་ཕྱེས་བཏང་ན། དེས་ན། འདི་ནི་མགོ་སྐོར་གཏོང་བྱེད་ཀྱི་རྫུན་གཏམ་ཞིག་རེད། ཕྱེས་ཡོད་ན། ང་ཚོ་བོད་མི་རིགས་དང་ཁྱད་པར་ཅན་དུ་ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་པའི་བོད་ཕྲེང་བཟུང་གི་ལུང་པ་ཡི་མི་ཚོ་དགའ་ན་ཆོག་པ་ཞིག་རེད། གཅིག་དེ་རེད། གཉིས་ཐད་ནས་ཡིག་ཆ་འདིའི་ཤོག་གྲངས་ ༢༩ པའི་ཐིག་ཤར་ ༥ པ་ན། ཏཱ་ལའི་བླ་མ་རྒྱལ་གཅེས་ལངས་ཕྱོགས་སྟེང་ཕྱིར་ལོག་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྒོ་མོ་ཕྱེས་ཡོད་ལ། ཕྱིན་ཆད་ཀྱང་འབྱེད་ངེས་ཡིན་ཞེས་ཡིག་ཆའི་ཐོག་ན་གསལ་བོར་འཁོད་འདུག འདི་ཡང་སྔོན་གྱི་དེ་ལྟ་བུ་རེད།
གཞན་ཡང་། རྒྱལ་ཁབ་ཀྱི་ཙུང་ལི་总理 ་ཝིན་ཇ་པོ་ 温家宝 ཡིས་གསར་འགྱུར་འགོད་མཁན་གྱི་སྣེ་ལེན་ཚོགས་འདུ་ཞིག་གི་སྟེང་ནས། ཏཱ་ལའི་བླ་མ་ཁྱེད་རང་ཕྱིར་རང་རྒྱལ་ལ་ཡོང་འདོད་ཡོད་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒོ་ཆེན་ནམ་ཡང་ཁྱོད་ཕྱོགས་སུ་ཕྱེས་ཡོད་ཅེས་པའི་གསུང་བཤད་དེ་གནངས་སོང་། དེ་གནངས་པ་ངས་ཀྲུང་དབྱང་གི་ CCTV 1 2 3 གང་ཡིན་མི་ཤེས། ཀྲུང་དབྱང་གི་བརྙན་འཕྲིན་ཐོག་ནས་གནངས་པ་དངོས་སུ་གོ་བ་ཡིན། འོན་ཀྱང་། ཡིག་ཆ་སྒྲོག་བཞིན་པའི་ནང་དོན་ལྟར་སོང་ན་གང་འདྲ་རེད་ཟེར་ན། དེ་འདྲ་ཞིག་མ་རེད། གང་འདྲ་རེད་ཟེར་ན། ཏཱ་ལའི་ཚོགས་ཁག་ཅེས་ 黑社会老大 ནག་ཚོགས་ཀྱི་འགོ་བའི་ཚད་དུ་བཞག་འདུག མེས་རྒྱལ་ཁ་བྲལ་རིང་ལུགས་ཞེས་མེས་རྒྱལ་ཁ་བྲལ་དུ་གཏོང་བའི་ནག་ཉེས་ཅན་གྱི་གཏེ་བོའི་ཚད་དུ་བཞག་འདུག
འདིའི་ཕྱོགས་ནས་ང་རང་ལ་བསམ་ཚུལ་ཅི་ཞིག་ཡོད་ལབ་ན། རང་གི་བསམ་ཚུལ་དྲང་པོར་བཤད་དགོས། འདི་སྔོན་ཆད་ངས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་ཁྲིད་ཚོའི་མདུན་ནས་ཀྱང་བཤད་མྱོང་ཡོད། ཞིང་ཆེན་གྱི་འགོ་ཁྲིད་དཔེར་ན། ཧྲིན་ཀྲང་ལོ་ཧེ་ཉིན་ 省长骆惠宁 གྱི་མདུན་དུ་སོང་ནས་ཁོ་ལ་དངོས་སུ་ཐུག་སྟེ་ཞུས་མྱོང་། དྲང་གཏམ་ཡིན། ཅི་ཞིག་ལ་དྲང་གཏམ་བཤད་པ་ཡིན་ལབ་ན། དཔའ་བོ་བྱས་པ་མིན། རྒྱལ་ཁབ་བདེ་འཇགས་ཡོང་དགོས་ཀྱི་འདུག མི་རིགས་འཆམ་མཐུན་དང་མཐུན་སྒྲིལ་ཡོང་དགོས་ཀྱི་འདུག དེ་ཡོང་དགོས་ན། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཡོངས་སུ་རྫོགས་པ་ཡི་འགན་ཁུར་རེད། རང་གིས་ཀྱང་རྒྱལ་བོའི་རྒྱལ་ས་འདི་བདེ་ན་སྤྲང་པོ་ང་རང་གི་ཉལ་སའང་བདེ་རྒྱུ་ཡིན་པ་དེ་ངས་ཤེས་ཀྱི་འདུག དེས་ན་དེའི་སྟེང་ལ་ངའི་ཚོད་ཀྱི་བསམ་བློ་ཞིག་གཏོང་དགོས་ཀྱི་ཡོད་པ་རེད། ད་ཅི་ཞིག་བྱེད་དགོས་ཀྱི་འདུག་ལབ་ན། དེ་འདྲའི་སྐད་ཆ་གོ་ལྡོག་ཅིག་གི་ལམ་ནས་འགྲིག་མཐུན་ཞིག་ཡོང་རྒྱུ་ཨེ་རེད། གོང་ན་བཤད་ཀྱིན་པའི་<<ཀྲུང་དབྱང་གིས་ཏཱ་ལའི་བླ་མར་བཏོན་པའི་བྱེད་ཕྱོགས་སྲིད་ཇུས་ལ་ནམ་ཡང་འགྱུར་བ་མེད་>>ཅེས་པའི་བྱེད་ཕྱོགས་སྲིད་ཇུས་གང་རེད། བོད་རང་བཙན་མིན་ཞེས་ཁྱེད་ཀྱིས་བཤད་དགོས། ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ཁྱེད་ཀྱིས་བཤད་དགོས། དེ་བཤད་པ་ཡིན་ན། ད་གཟོད་ང་ཚོས་གྲོས་བསྡུར་བྱེད་ཅེས་གཟུ་དང་གྱོད་མ་བཤད་གོང་ལ་གཟུ་ཚིག་སྔོན་ལ་འཕངས་ན། དོན་དག་འགྲིག་ཐབས་གཅིག་ཀྱང་ཡོད་པ་མ་རེད། རྒྱལ་ཁབ་ཆེན་པོ་ཞིག་གི་དོན་དག་ཕར་ཞོག སྡེ་བ་ཆུང་ཆུང་ཞིག་གི་དོན་དག་ཀྱང་ཕར་བཞག ཐ་ན་བླུན་པོ་ང་ལྟ་བུའི་འབྲོག་པ་གཉིས་ཀྱི་དོན་དག་ཀྱང་འགྲིག་གི་མ་རེད། ང་ལ་བསམ་ཚུལ་དེ་ཡོད།
དེས་ན། ཏཱ་ལའི་བླ་མས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བཤད་པ་ཡིན་ན་དེ་ཡིན་པ་ཞིག་དང་། བོད་རང་བཙན་མིན་ཞེས་བཤད་པ་ཡིན་ན་མིན་པ་ཞིག་ཡིན་པ་རེད་དམ། རྩ་བ་ཉིད་ནས་ཡིན་པ་མ་རེད། དེ་ནི་མི་གཅིག་གིས་བཤད་རྒྱུ་ཞིག་མ་རེད། དེ་བཤད་པའི་དབང་ཆའང་ངོ་ཐོག་གི་སྟེང་ནས་ཡོད་པའང་མ་རེད། སྨྲ་བརྗོད་ཀྱི་དབང་ཆ་ཡོད་པ་རེད་མ་གཏོགས། དེའི་དབང་ཆ་སུ་ལ་ཡོད་པ་རེད་ལབ་ན། ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་མིན་དེ་ནི་ཐེ་ཝན་མང་ཚོགས་ལ་དབང་ཆ་ཡོད་པ་རེད། ཐེ་ཝན་མང་ཚོགས་ཀྱིས་བཤད་ན་གནས་ལུགས་ཡིན་པ་རེད། བོད་རང་བཙན་ཡིན་མིན་ནི་བོད་མང་ཚོགས་ཀྱིས་བཤད་རྒྱུ་ཞིག་རེད་མ་གཏོགས། དེ་མགོ་ཡི་བླ་མ་ཞིག་དང་མན་གྱི་སྤྲང་པོ་གཉིས་ཀྱིས་བཤད་རྒྱུ་ཞིག་རྩ་བ་ཉིད་ནས་མ་རེད། ང་ལ་བསམ་ཚུལ་དེ་ཡོད། ཁ་དཔེ་ཞིག་ལ། ཨ་བྱེའུ་ཅོ་ཀ་སྐྱུགས་ན་མི་སྐྱུགས་ན་ད་རེས། ཅེས་པ་བཞིན། བོད་རང་བཙན་མིན་ཞེས་བཤད་པ་དང་། ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བཤད་པ་ཡིན་ན། གྲོས་བསྡུར་བྱས་ན་འགྲིག་ཐབས་ཡོད་པ་མ་རེད་ལ། འགྲིག་ས་ཞིག་ལ་སྙོགས་ཀྱིན་མི་འདུག དེ་ངའི་དྲན་སྟངས་ཡིན།
དེ་ལྟར་མ་བྱས་པར། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས། ཁོང་གང་གི་མི་རེད། ཁོང་ཀྲུང་གོ་རྒྱལ་ཁབ་ཀྱི་མི་རེད། ང་ཚོ་མཚོ་སྔོན་ཞིང་ཆེན་གྱི་མི་རེད། ལྷག་པར་དུ་ཙོང་ཁ་བདེ་ཁམས་ཀྱི་ཕྱོགས་སུ་སྐྱེས་པའི་ལྷ་མོ་དོན་འགྲུབ་རེད། གཞན་པ་སུ་གང་ཡང་མ་རེད། འཛམ་གླིང་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལེན་མཁན་ཀྱང་ང་ཚོ་མཚོ་སྔོན་གྱི་མི་རེད། མཚོ་སྔོན་ལྟག་མཚེར་གྱི་མི་རེད། རང་རྒྱལ་ལ་ལོག་ནས་རང་གི་རྒྱལ་ཁབ་ཀྱི་ནང་ནས། དམངས་ཆེན་གྱི་འགན་ཁུར་སྤྲད་ནའང་ཆོག མ་སྤྲད་ཀྱང་ཆོག སྲིད་གྲོས་ཀྱི་འགན་ཁུར་སྤྲད་ཀྱང་ཆོག་ལ། མ་སྤྲད་ཀྱང་ཆོག ཁོང་ལ་དགོས་ཟེར་གྱི་མ་རེད། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མང་ཚོགས་ཀྱི་དོན་དག་ཏུ་ཤོག་ལབ་ན། ཡོང་ཡང་དགོས་ཀྱི་རེད། དེའི་འགན་ཁུར་ཁོང་ལ་ཡོད་ཀྱང་ཡོད་པ་རེད། དེ་ལྟར་ཕེབས་བཞག་ན། བོད་ལ་སྐད་ཆ་གཅིག་རེད། རྒྱལ་ཁབ་བདེ་འཇགས་ཀྱི་ཕྱོགས་སུ་ཧ་ཅང་ཕན་ཁེ་ཆེ་བ་དང་། ངས་བལྟས་ན། མི་རིགས་མཐུན་སྒྲིལ་གྱི་ཕྱོགས་ལ་ཡང་ཁྱད་པར་ཅན་གྱི་ནུས་པ་ཐོན་གྱི་རེད།
ཏཱ་ལའི་བླ་མ། ཏཱ་ལའི་རུ་ཁག་ཅེས་ལབ་ན། བོད་མི་དགའ་བས་མི་ཚད་སོག་པོ་ཡང་མི་དགའ། ཏཱ་ལའི་བླ་མའམ་རྒྱ་མཚོའི་བླ་མ་ཞེས་པ་འདོགས་མཁན་ནི་སོག་པོ་རེད་མ་གཏོགས་ང་ཚོ་བོད་མ་རེད། སོག་པོ་ཐམས་ཅད་པོ་དད་ཀྱི་ཡོད་པ་རེད། ང་ཚོའི་རྒྱ་ནག་གི་ས་ཆར་མཚོན་ན། གྲོང་ཁྱེར་གཅིག་ན་དགེ་བསྙེན་ཁྲི་མང་པོ་ཡོད་པ་ང་ཚོས་ཤེས་པ་དེ་རེད། རྒྱ་ནག་གི་ས་ཆ་ནི་བོད་ལས་ཀྱང་ཆོས་ལྡན་ཡིན་པ་དང་། བོད་ལས་ཀྱང་ཆོས་ཕྱོགས་ནས་ཕུ་བོ་རྒྱ་ནག་རེད། རིག་གནས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་ལོ་རྒྱུས་རིང་པོ་རེད། ༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་བཞག་ན། རྒྱ་ནག་གི་ཆོས་ལུགས་ལ་དད་མཁན་ཡོངས་ཀྱིས་དགའ་བསུ་དང་ཁོང་གི་ཁ་ལེན་ཚིག་བརྩི་བྱེད་ཀྱི་རེད། དེ་བྱས་ན། ང་ཚོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས། མི་རིགས་མཐུན་སྒྲིལ། འཆམ་མཐུན། འཕེལ་རྒྱས། ཕྱོགས་གང་ཐད་དུ་བླ་ན་མེད་པའི་རྒྱལ་ཁ་ཐོབ་རྒྱུ་རེད། ང་ལ་བསམ་ཚུལ་དེ་འདྲ་ཡོད།
དེ་ཕྱོགས་གཅིག་ནས་བཤད་ན། དེ་ནི་ཐབས་ཤེས་ཤིག་རེད་དམ་ལབ་ན། དེ་ཐབས་ཤེས་ཤིག་རེད། དེ་ཇི་ལྟར་ཐབས་ཤེས་ཤིག་རེད་ལབ་ན། ག་རེ་བྱས་ནས་ཡོན་རྒྱལ་རབས་ཀྱི་སྐབས་སུ་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་རྒྱལ་པོའི་ཕོ་བྲང་ལ་གདན་འདྲེན་དགོས་སོང་བ་རེད། སྐབས་དེར་ཡོན་རྒྱལ་རབས་སྐབས་ཀྱི་སོག་པོའི་བློན་པོ་ཏོར་རྟ་ནག་པོ་ཡིས་སོག་དམག་གམ་སྐབས་དེའི་རྒྱལ་བོའི་དམག་ཁྲིད་ནས་མཚོ་སྔོན་ཕྱོགས་ནས་མ་ཁོགས་པར་ལྷ་སར་ཤོར་བ་དང་། ལྷ་སར་སླེབས་དུས་རྭ་སྒྲེང་དགོན་པས་སོག་དམག་བོད་ལ་སླེབས་འདུག་ཅེས་ཡར་ལངས་བྱས་ཡོད་པ་རེད། སོག་དམག་གི་བློན་པོ་དོར་རྟ་ནག་པོས་ཉི་མ་གཅིག་ལ་རྭ་སྒྲེང་དགོན་པའི་གྲྭ་བ་ ༥༠༠ ཡི་མགོ་བཅད་འདུག འདི་ལོ་རྒྱུས་ཐོག་གི་རྫུན་དེ་འདྲ་མ་རེད། དེ་འདྲ་བྱས་པའི་སྟབས་ཀྱིས། བོད་ཀྱི་གཙང་དང་དབུས་ཀྱི་མི་ཐམས་ཅད་ཁོང་ཁྲོ་ལངས་ནས་སོག་པོར་འཁྲུག་པ་བརྒྱབ་པ་རེད། སོག་པོས་བོད་བསད་པའི་མགོ་བསྡུས་ནས་བརྩིས་པ་དང་། བོད་ཀྱིས་སོག་པོ་བསད་པའི་རྣ་འབྱོག་བསྡུས་ནས་བརྩིས་པ་རེད། སོག་པོའི་རྣ་འབྱོག་སྒྲོ་བ་གསུམ་ལོན་པ་བླངས་པའི་མཚམས་དེར་སླེབས་དུས། སོག་པོ་ཨུ་ཐུག་པ་དང་ཏོར་རྟ་ནག་པོས་ཧུབ་ལི་ཁང་(ཧུའུ་པི་ལི་ 忽必烈) ངམ་སེ་ཆེན་རྒྱལ་བོར་སྐད་བསྐུར་བ་ནི། བོད་ལ་ཁོང་ཁྲོ་བསླངས་ཀྱིན་བསླངས་ཀྱིན་ཇེ་བཙོག་རེད། འདི་མི་རིགས་གླེན་པ་ཞིག་རེད། ཁོང་ཁྲོ་སློང་ཉན་གྱི་མི་འདུག ད་ག་རེ་བྱེད་དགོས་ཀྱི་འདུག་ལབ་ན། འདི་བདེ་འཇགས་ཞི་འཇགས་སུ་གཏོང་ཐུབ་པའི་ཐབས་ཤིག་འདུག དེ་ནི་ཅི་རེད་ཟེར་ན། བོད་ཁམས་ཀྱི་བླ་མ་ཡོན་ཏན་ཅན་ཀུན་གྱིས་ཁས་ལེན་པ་ཞིག་ཁྱེད་སེ་ཆེན་རྒྱལ་པོས་མར་གདན་འདྲེན་ཞུས་ནས་ང་རང་གི་དབུ་བླ་ཡིན་ལབ་སྟེ། དེས་ཕྱིར་ཞལ་གསུང་ཞིག་གནང་བ་ཡིན་ན། བོད་འདི་ལེབ་ལེབ་ཆགས་འགྲོ་ལབ་པ་རེད། ཁོང་ཆབ་སྲིད་པ་བསམ་གྱིས་མི་ཁྱབ་པ་རེད།
དེ་བས་ཡོན་རྒྱལ་རབས་སྐབས་སུ་ས་སྐྱ་པཎྜིཏ་ཁྱོད་རང་མར་ཡོང་དགོས་ཞེས་རྒྱལ་པོས་བཀའ་ཡིག་ཐེངས་གཉིས་ཕུལ་དུས། ས་སྐྱ་པ་ལ། གཙང་དང་དབུས་སུ་ཡོད་པ་ཐམས་ཅད་ཀྱིས་ཁྱོད་རང་ཡོན་རྒྱལ་རབས་ཀྱི་བཀའ་ལྟར་སོང་མི་ཆོག་ལབ་སྟེ་ཕེབས་མ་ཐུབ་པ་རེད། ཐེངས་གསུམ་པར་སོག་པོའི་སེ་ཆེན་རྒྱལ་པོས་སྐབས་དེའི་སོག་དམག་གི་ཞྭ་ཞིག་རས་ཡུག་ཅིག་གིས་གཅུད་དེ་སྐད་ཆ་གཅིག་ཀྱང་མེད་པར་བསྐུར་བ་རེད། སྐད་ཆ་གཅིག་ཀྱང་ཡོད་པ་མ་རེད། ཐེངས་དང་པོ་དང་གཉིས་པ་ལ་གདན་ཞུ་དང་མཇལ་དར་དང་བཅས་པ་ཡོད་པ་རེད་དེ། ཐེངས་གསུམ་པར་དེ་འདྲ་གང་ཡང་ཡོད་པ་མ་རེད། ཁ་ཕྱེས་ནས་བལྟ་སྐབས། ས་སྐྱ་པཎྜིཏའི་ཐུགས་སུ་ངེས་གསལ་བྱུང་བ་རེད། བློན་པོ་ཞིག་གིས་འདི་ཅི་རེད་དམ་ཅེས་དྲིས་པར། དེ་ནི། ཁྱོད་ཡག་པོ་བྱས་ནས་ཡོང་ན་ཤོག དེ་མིན་ངས་དམག་རྒྱག་གི་ཡིན་ཟེར་བ་ཡིན་པ་རེད། སེ་ཆེན་གྱིས་དམག་བརྒྱབ་པ་ཡིན་ན། བོད་ཕར་ཟད་དེ་དུས་སེ་ཆེན་གྱི་དམག་སྟོབས་ཤུགས་ཆེན་པོ་རེད། ཕལ་ཆེར་འཛམ་གླིང་གི་སུམ་ཆ་གཉིས་དབང་བསྒྱུར་བྱེད་ཀྱིན་པ་ལྟ་བུར་ཡོད་པ་རེད། བོད་ཀྱིས་རྩ་བ་ཉིད་ནས་གླགས་འཁེལ་གྱི་མ་རེད། གང་ལྟར་དམག་རྒྱག་གི་ཡིན་ཞེས་པའི་དོན་ཡིན་པ་ཤེས་ཏེ། ས་སྐྱ་པཎྜི་ཏ་ཡིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་འགྲོ་མགོན་ཕྱག་ན་གཉིས་འཁྲིད་ནས་རྐང་ཐང་ལ་ཕེབས་དགོས་སར་རྐང་ཐང་དང་། ཆིབས་པར་བཅིབས་དགོས་ས་ནས་ཆིབས་པར་བཅིབས། ཤིང་རྟ་ནས་ཕེབས་དགོས་སར་ཤིང་རྟ་ནས་ཕེབས་ཏེ། ཧུའུ་པི་ལི་ 忽必烈 སེ་ཆེན་རྒྱལ་པོ་བཞུགས་སའི་ས་ཆ་དེར་སོང་བ་རེད། སོང་ནའང་སེ་ཆེན་རྒྱལ་པོར་མཇལ་ཐུབ་རྒྱུ་ནི་རྨི་ལམ་ལྟ་བུ་ཡིན་པ་རེད། འོན་ཀྱང་། ཁོང་ནི་མཁས་པ་རེད། གཏམ་རྒྱུད་བཤད། སྒྲུང་གཏམ་བཤད། འཁྲུག་པའི་སྐོར་གྱི་ཁ་བརྡ་བྱས། མཚམས་མཚམས་ལ་མགུར་བཞེངས། མཚམས་མཚམས་ལ་གླུ་བླངས། ཡང་ཁོང་ནི་སྐུ་གཟུགས་ཧ་ཅང་ཡག་པོ་ཡོད་པ་ཞིག་ཀྱང་རེད། མཚམས་ཤིག་ལ་སེ་ཆེན་རྒྱལ་པོའི་བཙུན་མོ་བལྟ་བར་སླེབས་པ་རེད། ངས་དེ་རིང་གཏམ་རྒྱུད་བཤད་བསྡད་ན། རྣམ་པ་ཚོས་ཉན་ན་འདོད་ཀྱི་མ་རེད་དེ། སེ་ཆེན་རྒྱལ་པོའི་བཙུན་མོ་ཉན་དུ་ཡོང་བའི་སྐབས་དེར། ཁོང་ནི་མཁས་པ་ཡིན་པས་སེ་ཆེན་རྒྱལ་བོའི་བཙུན་མོ་ཕེབས་ཡོད་པ་ཤེས་ཏེ། དེའི་སེམས་འགུགས་ཐུབ་པའི་མགུར་གླུ་དང་གཏམ་རྒྱུད་བཤད། མགུར་ཡག་པོ་བཞེངས་པ་སོགས་བྱས་པར། སེ་ཆེན་རྒྱལ་པོའི་བཙུན་མོའི་ཡིད་སེམས་བཀུག་པས། དེས་སེ་ཆེན་རྒྱལ་བོར། བོད་ཀྱི་དགེ་སློང་དེ་ནི་ཡ་མཚན་ཞིག་རེད། ཉིན་རྟག་པར་སོང་ནས་ཉན་ཀྱང་ཉོབ་སྣང་མི་ཡོང་བ་ཞིག་རེད། ཁྱོད་རང་ཡང་སོང་ནས་ཉན་ན་བཟང་ཚུལ་སོགས་བཤད་ནས་ཡང་ཡང་ཡུན་རིང་སྐུལ་སྐུལ་བའི་མཐར། སེ་ཆེན་རྒྱལ་བོས་ཀྱང་ཤེས་སུ་མ་བཅུག་པར་ཚོགས་རའི་ལྟག་རྒྱབ་ནས་བསྡད་དེ་ཉན་པ་རེད།
དེ་ས་སྐྱ་པཎྜི་ཏས་མཁྱེན་ནས། དམག་འཁྲུག་གི་ཕྱོགས་ཏེ། རྒྱལ་པོ་གང་ཞིག་གིས་རྒྱལ་པོ་སུ་ཞིག་ཇི་ལྟར་ཕམ་པར་བྱས་པ་དང་། དམག་བྱུས་ཀྱི་ཐབས་བཀོད་འདི་འཐེན་ནས་དམག་འཁྲུག་གང་ཞིག་གི་སྐབས་ལ་རྒྱལ་སོང་བ་རེད་སོགས་དང་། ཚོགས་པ་དེར། དམག་སྦྱོང་གི་གོ་རིམ་འདི་འདྲ་བརྒྱུད་པ་རེད་ཟེར་བ་སོགས་དམག་འཁྲུག་གི་སྐོར་གྱི་ཁ་བརྡ་བྱས་ནས་བཤད་པས། སེ་ཆེན་རྒྱལ་བོའི་ཐུགས་འཕྲོགས་ཏེ་ཁྱེད་རང་དཔེ་མེད་ཅིག་རེད་ཅེས་ཕོ་བྲང་ནང་ལ་ཞུས་ཤིང་། གཞན་པ་ཕར་ཞོག་སོག་ཡུལ་འདི་ཇེ་ལེགས་ཇེ་རྒྱས་ཆ་ཇེ་ཚང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པ་ཞུས་པ་རེད་མོད། ཁོང་ནི་ཡུན་རིང་མ་བཞུགས་པར་སྐུ་གཤེགས་ཡོད་ཀྱང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་པོའི་སྤུས་ཀ་ཇེ་ལེགས་སུ་བཏང་བ་ལོ་རྒྱུས་ན་ཡོད་པ་ཞིག་རེད།
དེའི་རྗེས་ནས་འགྲོ་མགོན་གྱིས་དབང་ལ་སོགས་པ་གསུངས་ནས་བོད་ཁྲི་སྐོར་བཅུ་གསུམ་གྱི་ཁྲལ་ཉུང་དུ་བཏང་། མི་ཁྲལ། རྟ་ཁྲལ། ཟོག་ཁྲལ། ལུག་ཁྲལ། ཐ་ན་ཚར་ཁྲལ་ལ་སོགས་པ་མེད་པ་དེ་འདྲ་བྱས་ནས། བོད་ཀྱི་ཁྲག་དམར་བཞུར་བའི་མཚམས་ཆད་སོང་བ་རེད། བོད་ཁམས་ཀྱི་སྡུག་བསྔལ་དེ་ཇི་ལྟར་སེལ་འདུག དེ་གཅིག་རེད། ད་དུང་དེ་འདྲའི་དཔེ་འཇོག་རྒྱུ་ན་མང་པོ་ཡོད་པ་རེད། དེ་གཅིག་པུས་ཆོག་པ་བྱེད། དཔེ་དེ་འདྲ་ཆགས་འདུག
༸རྒྱལ་བ་རིན་པོ་ཆེ་ཚང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས། དེ་ཡང་ཆ་རྐྱེན་འདོན་རྒྱུ་ཡིན་ནའང་། ཀྲུང་གོ་རྒྱལ་ཁབ་ཀྱི་ནང་ལ་ཡོང་ནས་ཁྱོད་ཀྱིས་བོད་རང་བཙན་བཤད་ན་མི་ཆོག་ཅེས་བཤད་པའི་དབང་ཆ་རྒྱལ་ཁབ་ལ་ཡོད་པའང་རེད། དེ་འདྲ་བྱེད་ཀྱི་མི་འདུག དེ་མ་ཡིན་པར། བོད་རང་བཙན་མིན་ཞེས་བཤད་དགོས་ལབ་ན། དེ་ནི་བཤད་མི་ཐུབ་པའི་སྐད་ཆ་ཞིག་རེད། དེ་ནི་དོན་དག་མི་འགྲིག་པའི་ལམ་དུ་འཇོག་གི་ཡོད་པ་རེད་མ་གཏོགས། འགྲིག་མཐུན་གྱི་ལམ་དུ་འཇོག་གི་ཡོད་པ་མ་རེད། འདི་ང་རང་གི་སེམས་ལ་དྲན་པ་དེ་ཡིན། ང་མི་གཅིག་རེད། མི་ཆུང་ཆུང་རེད། དྲན་པ་འདི་ཡིན་པའང་སྲིད། མིན་པའང་སྲིད་པ་རེད། འགྲིག་མཐུན་གྱི་ཕྱོགས་སུ་སྙེགས་རྒྱུ་ཡིན་ན། མེས་རྒྱལ་ཁ་བྲལ་ཞེས་ང་ཚོས་སྡིག་དམོད་བྱེད་བཞིན་པ་རེད་དེ། ངས་བལྟས་ན། མེས་རྒྱལ་ཁ་བྲལ་དུ་རྩ་བ་ཉིད་ནས་གཏོང་གི་མི་འདུག འཛམ་གླིང་ཞི་བདེ་ཏག་ཏག་བཤད་ཀྱི་འདུག འཛམ་གླིང་གི་སློབ་གྲྭ་ཆེ་ཁག་སོ་སོར་སོང་ན། བྱམས་བརྩེ་བཤད་ཀྱི་འདུག
ངས་དཔེ་ཞིག་འཇོག ཁོང་ཚང་ཕྱི་རྒྱལ་ག་གེ་མོ་ཞིག་ལ་འགྲོ་བའི་སྐབས་སུ། གནམ་ཐང་དུ་ཕེབས་འབྱོར་གྱི་སྐབས་ཤིག་ལ། དེར་ཕུག་རོན་ཞིག་གི་རྗེས་སུ་ཕུག་ཕྲུག་ཅིག་འཕུར་མ་ལྡིང་གིས་འགྲོ་བཞིན་པ་དེ་ཁོང་གིས་སྐྱོབ་ཐུབ་མ་སོང་ཞེས་རྗེས་མ་རྗེས་མ་ལམ་རིམ་ཞིག་གསུངས་པའི་སྐབས་སུ་སྤྱན་ཆབ་བཞུར། སྐར་ཆ་འགའ་རེར། དེ་སྙིང་རྗེ། དེས་སྡུག་ག་ཚོད་ཅིག་མྱངས་ཡོད་དམ་ཞེས་བཤུམ་པ་རེད། འདི་འདྲའི་སྙིང་རྗེ་ཅན་ཞིག་གིས་བོད་ཁམས་ཀྱི་མི་བརྒྱད་ཅུ་ལྷག་གིས་རང་གིས་རང་ཉིད་སྲེག་བཞག་ན། དེ་སྲེག་གི་བཅུག་ནས་འཇོག་ཐུབ་རྒྱུ་རེད་དམ། ད་རུང་སྲེག་རོགས་ཞེས་སྐུལ་རྒྱུ་ཨེ་རེད། རྩ་བ་ཉིད་ནས་ངའི་རྣར་མི་འགྲོ་གི ཁ་བྲལ་དུ་གཏོང་གི་མི་འདུག འཛམ་གླིང་ཞི་བདེ་བཤད་ཀྱི་འདུག རྒྱ་བོད་གཉིས་ཕན་བཤད་ཀྱི་འདུག
དབུ་མའི་ལམ་ཟེར་བ་ནི། རྒྱ་ལ་བཟང་བ་དང་བོད་ལ་བཟང་བ། སོག་པོ་དང་ཡུ་གུར། ཆང་རིགས་དང་ཁྲོ་ཞན་རིགས། དཔེར་ན་ཧོར་རིགས་ལ་སོགས་པ། ཧེ་རིགས་ལ་སོགས་པ་སུ་གང་ལ་ཡང་མི་གནོད་པའི་ལམ་ཞིག་ཡིན་ཞེས་དབུ་མའི་ལམ་ཞེས་བཤད་ཀྱི་ཡོད་པ་མ་གཏོགས། གཞུང་བཀའ་པོད་ལྔའི་ནང་གི་དབུ་མའི་ལམ་མ་རེད། གང་ལའང་མི་གནོད་པའི་དབུ་མའི་ལམ་དེ་གསུངས་ཀྱི་ཡོད་པ་རེད། འདི་འདྲའི་འགྲིག་མཐུན་ཞིག་ལ་སྙེགས་འདུག བོད་རང་བཙན་ངས་ཁ་ནང་ནས་དོར་ཟིན་པ་ཡིན་ཞེས་སྔོན་ལའང་གསུངས་འདུག ད་དུང་ཡང་ཚིག་ཐོག་དེ་ན་ཡོད་རྒྱུ་རེད། དེ་ན་མེད་དུས་༸རྒྱལ་དབང་བཅུ་བཞི་པ་ཡིན་དང་མ་ཡིན་མི་འདུག ནོ་སྦེལ་བྱ་དགའ་བྱིན་མ་བྱིན་ཀྱང་མི་འདུག ཚིག་ཐོག་ནས་མ་བསྡད་པ་རེད། དེ་ངོ་མ་བཤད་དགོས་རེད། དེ་འདྲ་ཞིག་ཡིན་རྒྱུ་མ་རེད། དེ་འདྲ་ཞིག་མིན་པས་མི་ཚད་སྔོན་ཆད་རྒྱལ་དབང་ལྔ་པའི་སྐབས་ནས་བོད་ཀྱི་ཆབ་སྲིད་དེ་དགེ་ལུགས་པས་བཟུང་བ་རེད། དེ་སྔར་ས་སྐྱ་བས་ཀྱང་བཟུང་བ་རེད། གྲུབ་མཐའ་གཞན་གྱིས་ཀྱང་བཟུང་བ་རེད། རྒྱལ་པོ་གླང་དར་མ་བཀྲོངས་ཚུན་ཆད་དུ། བོད་སིལ་བུར་ཐོར་བའི་དུས་སུ། ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་སོགས་ཀྱིས་བོད་ཀྱི་དོན་ལ་ཤུ་རེ་བྱས་ཏེ། ཇོ་བོ་རྗེ་ལ་སོགས་གདན་དྲངས་ནས་བོད་ཀྱི་ཆོས་ལུགས་སོགས་ལ་དག་ཐེར་བྱས་ནས། ཆོས་བསམ་གྱིས་མི་ཁྱབ་པ་དར་བ་རེད་དེ། ཆབ་སྲིད་དཔེ་མེད་ཅིག་སྒྲུབ་མ་ཐུབ་པ་རེད། བལྟས་ནས་ཡོང་བ་ཡིན་ན། ས་སྐྱ་ཡིས་བོད་ཀྱི་ཆབ་སྲིད་བཟུང་། དགེ་ལུགས་པ་ཡིས་རྒྱལ་དབང་ལྔ་པ་ནས་བཅུ་བཞི་པ་བར་དུ་བཟུང་བ་རེད་དེ། མིག་མཐོང་ལག་ཟིན་ལ་ངས་གོ་བ་འཕྱུགས་བསྡད་ཡོད་པ་མིན་ན། ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་བློ་བཟང་སེངྒེ་ཟེར་བ་ཞིག་ལ་སྤྲད་བཞག་འདུག་ཅེས་བཤད་ཀྱི་འདུག ངས་གོ་བ་འཕྱུགས་བསྡད་ཡོད་ན་ངས་མི་ཤེས། དེ་ཟེར་གྱི་འདུག དེ་ཡིན་ན། ཆོས་ལུགས་པ་རྐྱང་རྐྱང་ཞིག་རེད། ཆོས་ལུགས་དང་ཆབ་སྲིད་གཉིས་མ་བསྲེས་ན་བཟང་བར་འདུག
དེ་མིན་བོད་མི་རིགས་ཀྱི་སྙིང་ཁོང་རུས་པའི་གཏིང་ན། ཤ་དང་ཁྲག་ལས་ཀྱང་། ཕ་དང་མ་ལས་ཀྱང་གཏིང་ཟབ་དུ་ཡོད་པ་ནི། འོད་ལམ་སེར། བྱིན་རླབས་ཀྱི་དྲོད་ལམ་སེར་ཡོད་པ་ནི་བླ་མ་ཡིན་པ་རེད། དེའི་རྐྱེན་གྱིས་ཆོས་ཀྱི་མགོར་བླ་མ་ལ་སྐྱབས་སུ་མཆིའོ།། ན་མོ་གུ་རུ་བྷྱཿ ཟེར་བ་རེད། སྐྱབས་འགྲོ་བྱེད་སའི་ཡུལ་གྱི་འདྲ་པར་ཙམ་ཡང་བཤམས་པའི་རང་དབང་མེད་ན། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་ས་དང་། འགྲེལ་བ་བྱེད་ས་དང་། གཏན་འཁེལ་བྱེད་ས། ངོ་སྤྲོད་བྱེད་ས་འགྲོ་སོང་ན། ངས་སྐེ་རགས་བཅིངས་པ་འདི་ཁྱི་ལ་བཅིངས་པ་ཡིན། ད་དེ་རེད། དེ་འགྲོ་གི་མ་རེད། ན་མོ་གུ་རུ་བྷྱཿ་ཟེར་བའི་དབང་ཆ་མེད་ཀི།
ཀྲུང་གོ་རྒྱལ་ཁབ་ནི་ད་ལྟ་དཔལ་འབྱོར་གྱི་ཕྱོགས་ནས་འཛམ་གླིང་གི་ཨང་དང་པོ་རེད། ཚན་རིག་དང་དམག་དོན་ཕྱོགས་ནས་ཡར་རྒྱས་སུ་འགྲོ་དགོས་ན། ད་རུང་མཐུན་སྒྲིལ་ལ་རག་ལུས་ཀྱི་ཡོད། དེ་ཡོང་དགོས་ན། འཆམ་མཐུན་དང་འགྲིག་མཐུན་ཡོང་དགོས་པ་རེད། རང་གི་ས་ཆ་ཡི་མི། ལྷག་པར་དུ་ཆོས་ལུགས་ལ་དད་པའི་ཀྲུང་གོ་རྒྱལ་ཁབ་ནི་ཆོས་ལྡན་རྒྱལ་ཁབ་རེད། ཨ་རི་ལྟར་ན། སྲིད་འཛིན་ལ་དབང་བསྐུར་དུས། ཡི་ཤུའི་ཆོས་ལུགས་ཀྱིས་དབང་བསྐུར་བྱིན་རླབས་ཞུས། ཡི་ཤུའི་ཆོས་ལུགས་ཀྱི་ཆོས་དཔོན་གྱི་མདུན་ནས་སོ་སོས་ཁས་ལེན་དམ་བཅས་བྱས་ཏེ་གཞི་ནས་གདན་སར་བཀོད་ཀྱི་ཡོད་པ་རེད། དེ་ང་ཚོས་ཤེས་གསལ་རེད།
དེ་ཡིན་ན། ཆོས་དད་མང་ཚོགས་ཀྱི་སེམས་ཁམས་ན་མཐོ་ནི་རེད། དེའི་འདྲ་པར་ཙམ་ཡང་བཤམས་མ་ཆོག་ན། ད་ནི་བསྡད་དང་མ་བསྡད་མི་འདུག ཤི་སོང་བས་དགའ་བ་འདུག་ཅེས་སྡུག་བསྔལ་ཞིག་གིས་ཤི་བ་རེད་མ་གཏོགས། ངས་འདི། དཔའ་གདེང་ཞིག་དང། ཡང་ན་མི་རིགས་ཀྱི་འདུ་ཤེས་གཏིང་ཟབ་ནས་ཤི་སོང་བ་ཞིག་དང་། རྒྱལ་ཁབ་ཀྱི་འདུ་ཤེས་གཏིང་ཟབ་ནས་བསྲེགས་བཏང་བ་རེད་ཅེས་ན་ངའི་རྣར་མི་འགྲོ་གི བོད་ལ་དེ་འདྲའི་འདུ་ཤེས་ཆེན་པོ་མེད་ཀི དེ་ལྟར་བཤད་ན་དགོད་རྒྱུ་ཡོང་སྲིད་མོད། མི་རིགས་གཞན་དང་རྒྱལ་ཁབ་གཞན་ནི་རྒྱལ་ཁབ་ཀྱི་ཆེད་དུ་ཤི་ཐུབ་པ་རེད་མོད། རང་འདོད་ལྟར་ཤི་ཐུབ་ནི་མ་རེད། ང་ཚོ་བོད་མི་རིགས་ནི་ཆོས་ལུགས་ཀྱི་དད་པ་ཆེ་རྐྱེན་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཀྱིས་ཤི་མི་ཐུབ། ཆོས་ལུགས་ཀྱི་འདུ་ཤེས་དང་བླ་མ་སྙིང་ཁོང་རུས་པའི་གཏིང་ནས་མཐོ་བས་ན། ཤི་ཐུབ་ཀྱི་ཡོད་པ་ནི་མིག་མཐོང་ལག་ཟིན་རེད།
ང་རང་རོང་བོ་དགོན་པའི་ཚོགས་ཆེན་དགེ་བསྐོས་སུ་རིན་པོ་ཆེ་ཡིས་མིང་བཏགས་ནས་བསྐོས་བཏང་བ་ཡིན་དུས་ན། རང་དབང་མེད་པར་སྲིད་གཞུང་གི་བཀོད་སྒྲིག་ལྟར། གསོན་པོ་བསྲེགས་ཡོད་ས་མང་པོར་དངོས་སུ་སོང་སྟེ་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན། གནས་ཚུལ་ཚུར་ཡང་བཤད་ཀྱི་འདུག ཕར་ལའང་བཤད་མྱོང་། ཚུར་བཤད་པ་སྲིད་གཞུང་ལ་ཡར་ཞུའང་བྱས་མྱོང་། ཡིན་ནའང་། ལུང་པ་སྐ་ཀྱ་སྐོ་ཀྱོག རི་མཐོ་ལུང་འདབས་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་འདྲ་པར་ཙམ་ཡང་བཤམས་མ་ཆོག་པ་རེད། བསྡད་མ་བསྡད་མི་འདུག་ཅེས་སེམས་སྡུག་གི་དབང་གིས་སྡུག་ཐུག་ནས་བསྲེགས་བཏང་བ་རེད། ངས་ཤེས་པ་ཚང་མ་དེ་འདྲ་རྐྱང་རྐྱང་རེད།
དེ་ཡིན་པས་ན། ཁོང་ཚང་ཕྱིར་ཕེབས་པའི་ཐབས་ལམ་ཞིག་འཐེན་པ་དང་། བཙོན་ཁང་ནང་ནས་པཎ་ཆེན་ཐམས་ཅད་མཁྱེན་པའི་སྤྲུལ་སྐུ་བཙོན་གྲོལ་ཞིག་བཏང་བཞག་ན། བོད་ཁམས་ཡོངས་སུ་སྤྱི་ཚོགས་བདེ་འཇགས་ལ་གཏོར་བརླག་བྱེད་པའི་མི་གཅིག་ཀྱང་འབུད་ཐུབ་ཀྱི་མ་རེད། མི་སྔོ་ལི་འདྲ་ཞིག་འབུད་ཀྱིའང་མ་རེད། དེར་ང་རང་ལ་གདེང་ཚོད་ཡོད། དོན་དག་དེ་སྒྲུབ་རྒྱུ་ན་ཞེས་ངས་སྔོན་ཆད་ཀྱང་ཞུས་མྱོང་ཡོད།
དེའི་འཕྲོར་ཅི་ཞིག་ཡིན་ཟེར་ན། རང་བསྲེགས་ཀྱི་དོན་རྐྱེན་ལ་འགྲེལ་བ་རྒྱག་དུས་སྐབས་ལ། ནང་བསྟན་ཆོས་ལུགས་དང་འགལ་འདུག་ཅེས་ང་ཚོའི་ཡོན་ཏན་པ་མང་པོ་ཞིག་གིས་བཤད་ཀྱི་འདུག ངས་འདི་ནི་ཧྲིན་ཀྲང་ལོ་ཧེ་ཉིན་ 省长骆惠宁 གྱི་སྔུན་ནས་ཁོང་གི་དྲི་བར་ལན་བཏབས་མྱོང་། ཁོས་རང་རང་གིས་རང་རང་སྲེག་ནས་རང་ཤིར་འཐད་ཀྱི་ཡོད་པ་འདི་ནང་བསྟན་ཆོས་ལུགས་དང་འགལ་གྱི་འདུག་གམ་ཞེས་འདྲི་ཡི་འདུག ངས་ཁོང་ལ་དངོས་སུ་ལན་བཏབས་མྱོང་། འདི་ལ་ལན་རྒྱག་རྒྱུ་ལས་སླ་བོ་ཞིག་མ་རེད། མི་དགེ་བཅུའི་ནང་ན་སྲོག་གཅོད་ཟེར་བ་འདི། རྒྱལ་སྲས་བྱང་ཆུབ་སེམས་དཔར་གནང་བཞག་ཡོད་པ་རེད། མི་དགེ་བཅུའི་ནང་གི་ལུས་ངག་གི་བདུན་པོ་གནང་བཞག་ཡོད་པ་ཞིག་རེད། དེ་ཡང་གཞན་དོན་དུ་གནང་བཞག་ཡོད་པ་ཞིག་རེད། བྱང་ཆུབ་སེམས་དཔས་གཞན་དོན་ལ་ལུས་ངག་གི་བདུན་པོ་སྟེ་བརྐུས་བྱས་ན་ཆོག་གི རྫུན་གཏམ་ན་ཆོག་གི གཞན་དོན་ལ་ཕྲ་མ་བཤད་ཆོག་གི གཞན་དོན་ལ་ལུས་ཀྱི་རྣམ་པ་གསུམ་གྱི་ནང་ནས་སྲོག་གཅོད་མ་བྱས་ན་ལོག་གཡེམ་ཀྱང་བསྟེན་ན་ཆོག་གི དེས་ན། ནང་བསྟན་ཆོས་ལུགས་ན་རང་སྲོག་བཅད་ནའང་ཉེས་པ་ཡོད་ལབ་འདུག གཞན་སྲོག་བཅད་ནའང་ཉེས་པ་ཡོད་ཅེས་བཤད་འདུག བྱང་ཆུབ་སེམས་དཔར་ལུས་ངག་གི་བདུན་པོ་གནང་བ་མ་ཟད། སྲོག་གཅོད་ཀྱང་གནང་འདུག གཞན་གྱི་སྲོག་གཅོད་པ་ཡང་གནང་འདུག གཞན་མང་པོ་ཡི་སྲོག་གཅོད་པ་ཡང་གནང་འདུག དེ་འདྲ་རེད། ངས་འདི་ལ་མཐའ་གཅིག་ཏུ་ལན་རྒྱག་ཤེས་ཀྱི་མི་འདུག་ཅེས་བཤད་པར། ཕྱིར་ལན་དུ། དེས་ན། ངའི་དྲི་བ་འདི་དཀའ་མོ་ཞིག་རེད་དམ་ཟེར། ཁྱེད་ཀྱི་དྲི་བ་དེ་ཧ་ཅང་དཀའ་མོ་ཞིག་རེད་ཅེས་བཤད་ཡིན། འདི་འདྲ་ཞིག་རེད། མཐའ་གཅིག་ཏུ་ཕྱོགས་གཅིག་ལ་འདང་བརྒྱབ་བསྡད་ནས་ལན་རྒྱག་གི་འདུག་རྒྱུ་ཞིག་མ་རེད། ང་ལྟ་བུ་ཡིན་རྒྱུ་ནའང་། འདི་ནས་ཁྱེད་རྣམ་པ་ཚོར་ཁ་འཁོར་ནས་ཁ་དམར་དྭངས་དྭངས་ཁྱི་བཤད་རྒྱག་རྒྱུ་ཞིག་ཀྱང་མ་རེད། ཕར་སོང་ན་རང་གི་མཚན་སྙན་གྲགས་ལའང་གནོད་པ་དང་། ཚུར་ཡོང་ན་རང་གི་འགྲོ་ལམ་ལའང་གནོད་རྒྱུ་རེད་མོད། གོ་སྐབས་འདི་འདྲ་ཞིག་བྱིན་ན། སྐད་ཆ་རྫུན་མ་མི་བཤད། ངོ་མ་དེ་བཤད། དེ་ནི་ངོ་མ་དེ་བཤད་ཀྱང་དགོས་ཀྱི་འདུག བཤད་ཀྱང་བཤད་པ་ཡིན། རིན་པོ་ཆེ་ཚང་ཚུར་ཡོང་རྒྱུ་ཡི་ཕྱོགས་ལ་ཐབས་ཤེས་སྣ་དགུ་འཐེན་ཞིང་། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཕེབས་སུ་འཇུག་ཐུབ་ན་བཟང་གི་བསམ་གི དེ་ངའི་བསམ་ཚུལ་གསུམ་པ་ཡིན།
ངའི་རེ་བ་གཅིག་ནི། ང་རང་ཉིད་ལ་མཚོན་ན། ཕྱིན་ཆད་འདི་འདྲ་ལ་ཞུགས་མ་དགོས་ན་འདོད་ནས་བསྡད་ཡོད། ཞུགས་དགོས་རྒྱུའང་མ་རེད། གྲྭ་པ་གྲྭ་རྐྱང་ཞིག་རེད། ད་ལོར་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་ཞེས་ཕྱོགས་སོ་སོ་ན་མིང་དེ་འདོགས་ཀྱིན་འདུག་མོད། ང་ནི་དམངས་གཙོ་ཡིས་འདེམས་འོང་བ་ཞིག་མིན། ལོ་རེ་རེའི་ཚོགས་ཆེན་ཞལ་ངོ་དེ་ལ་དགོན་པ་ཡི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡི་མིང་འདོགས་དགོས་པ་ནི་རོང་བོ་དགོན་ཆེན་གྱི་འགྲོ་སྟངས་རེད། དེ་ལྟར་དོ་དམ་ཨུ་ཡོན་ལྷན་ཁང་ལ་སླེབས་པ་ཞིག་ཡིན་མ་གཏོགས་དགེ་འདུན་པ་དམངས་ཀྱིས་འདེམས་ཤོག་འཕངས་ནས་འདམས་པ་ཞིག་མིན། དེ་མིན་ན། དེ་དམངས་གཙོ་ཡི་འདེམས་བསྐོ་ཡིས་འདམས་པ་མ་རེད།
དམངས་གཙོ་བོ་བྱས་ཤིང་དམངས་ཀྱིས་འདེམས་ཤོག་འཕངས་ཏེ་འདེམས་པ་ཞིག་ཡིན་ན། དེས་བཤད་ན་ཁ་ལའང་ཉན་དགོས་པ་རེད། དེས་བཤད་ནས་འཕྱུགས་སོང་ནའང་ཁྱོད་ཚོའི་སྡུག་གྱོང་རེད། རོང་པོ་དགོན་པ་ཡི་གྲྭ་པ་དྲུག་བརྒྱ་ཡིས་འདེམས་པ་ཞིག་ཡིན་ན། དེས་ཀློའུ་ལས་བྱས་ནའང་ཁྱོད་ཚོའི་སྡུག་གྱོང་རེད། ཁྱོད་ཚོས་འདམས་པ་རེད། དེ་མིན་འདི་འདྲའི་འགྲོ་སྟངས་ཤིག་གི་ཐོག་ནས་བཞག་པ་ཞིག་ཡིན་ན། དེས་གོ་ཆོད་ནི་མ་རེད།
ནངས་ཀ་གནངས་ཉིན་རྒྱ་ལོའི་ཉི་ཤུ་བཞི་ཡི་ཉིན་མོར་མང་ཇ་བསྐོལ་ནས་བརྗེས་འཇོག་གི་རེད། དེ་ནས་ང་བཞི་པའི་ཚེས་གཅིག་བར་དུ་ཚོགས་ལའང་འགྲོ་མི་དགོས། དེ་དགོན་པའི་འགྲོ་སྟངས་རེད། ངའང་དེ་ལྟར་དུ་འགྲོ་གི་ཡིན། དེའི་སྟེང་ལ་སྤྱིར་ན་ནད་པ་ཡིན། ཐུབ་ན་པེ་ཅིན་ལ་སོང་ནས་གཤག་བཅོས་ཤིག་བྱེད་དགོས། དེ་ལྟར་འདུག་རྩིས་དེ་འདྲ་ཡིན།
འོན་ཀྱང་། འདིའི་རྗེས་སུ་ཡོད་པའི་བླ་སྤྲུལ་རྣམ་པར། ངས་ད་བཤད་པ་ལྟར། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཁྲག་བཞུར་བའི་དོན་རྐྱེན་ག་ཚོད་ཅིག་སྙིང་རྗེ་སྒོམ་ནས་མཚམས་བཅད་འདུག རྗེ་ཐམས་ཅད་མཁྱེན་པ་ཏཱ་མིང་རྒྱལ་པོས་ཐེངས་མང་པོར་ཞུས་ནས་མ་ཕེབས་ཀྱང་། ཁོང་གི་ཚབ་ལ་ཆོས་རྗེ་རྣམ་གཉིས་ཀྱི་གཅིག་ཕེབས་ཏེ། རང་གི་བོད་ལ་ཕན་ཇི་འདྲ་ཐོགས་འདུག པཎ་ཆེན་ཐམས་ཅད་མཁྱེན་པ་ཡི་སྐུ་དྲིན་ལ་བོད་ཀྱི་རིག་གནས། བོད་ཀྱི་དགེ་རྒན། བོད་ཀྱི་དགོན་པ། བོད་ཀྱི་བླ་སྤྲུལ་ག་ཚོད་ཅིག་དོན་ཐོག་ལ་བབས་ཤིང་དངོས་འབབ་བྱས་འདུག འདི་ཐམས་ཅད་ལ་བལྟས་སོང་ན། བླ་སྤྲུལ་རྣམ་པས་བྱས་རྗེས་འཇོག་ན་ཆེན་པོ་འཇོག་ཐུབ་ཀྱི་འདུག
ད་ནི་ངའི་རེ་ཞུ་གཅིག་པོ་ཅི་ཡིན་ཞེ་ན། ཁྱོད་བླ་སྤྲུལ་རྣམ་པ་དང་། དེ་ནས་བླ་མ་དགེ་བའི་བཤེས་གཉེན་རྣམ་པ། ལྷག་པར་དུ་འདི་ན་རྒྱལ་ཁབ་ཀྱི་བྱ་བ་ལས་བཞིན་པའི་བོད་རིགས་ལས་བྱེད་པ་རྣམ་པ་འཕྲོ་ཞིག་ནས་དམངས་ཆེན་འཐུས་མིའི་གྲས་སུ་ཞུགས་ཐུབ་ནི་རེད། ང་ཞུགས་ཐུབ་ནི་མ་རེད། ཁྱེད་རྣམ་པ་ཞུགས་ཐུབ་ནི་རེད། ཞུགས་པའི་སྐབས་དེར། གྲོས་གཞི་ལེགས་པོ་ཞིག་འདོན་པའི་ཕྱོགས་ལ། ཁྱེད་རྣམ་པ་ཡིས་༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་པའི་གྲོས་གཞི་ཡག་པོ་ཞིག་འདོན་རྒྱུ་གལ་ཆེ་གི དེར་སྐྲག་མི་དགོས་པ་རེད།
ད་ལྟ་རྨ་ལྷོའི་ཧྲུའུ་ཅི་གཞོན་པར་ཡོང་ཡོད་པ་ཅིས་ཁུ་ཀྲུང་ 巨克中 གིས་ན་ནིང་ང་ཚོར་དངོས་སུ་སློབ་ཁྲིད་བྱས་མྱོང་ཡོད། རྗེ་དགེ་འདུན་གྲུབ་པ་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བར་གྱི་ལོ་རྒྱུས་ཆ་ཚང་འཁྲིད་མྱོང་། འུ་ཚོ་གྲྭ་པ་ཚོའི་ནང་ན་ལོ་རྒྱུས་དེ་འདྲ་ཤེས་མཁན་ཕལ་ཆེར་ཡོད་རྒྱུ་མ་རེད། དེ་འདྲའི་རྒྱུས་ལོན་བྱས་འདུག ལྷག་པར་དུ་རྒྱལ་དབང་བཅུ་བཞི་པའི་མཚམས་ལ་སླེབས་ན། ཆུང་ངུའི་སྐབས་རྭ་སྒྲེང་རིན་པོ་ཆེའི་མཚན་ལམ་ལྟར་སྤྲུལ་སྐུ་ཐུགས་ཐག་བཅད་པ། གོང་མའི་གསེར་བུམ་ཀྱང་མ་དཀྲུགས་པ། སྐབས་དེར་བྱིས་པ་རིག་པ་ཅན། རྣམ་དཔྱོད་ཅན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་མ་ཟད། ལྷ་ས་ནས་ཐུགས་ཐག་གཅོད་དུ་ཡོང་མཁན་དག་ཀྱང་བཤད་མ་དགོས་པར་ངོ་ཤེས་པ་ལ་སོགས་པ། ལྷ་ས་ནས་རྒྱ་གར་ལ་འགྲོ་སྐབས་ཀྱང་ཁོང་གི་བདེ་འཇགས་ལ་འདང་བརྒྱབ་ནས་རྒྱལ་ཁབ་ཀྱིས་འགྲོ་རུ་བཅུག་པ། ཁ་སང་གི་ཡིག་ཆའི་སྟེང་ནའང་། མའོ་ཙེ་ཏུང་གིས་ཀྱང་ཁོང་ཚང་འགྲོ་རུ་བཅུག་ན་ཕྱིར་ཡོང་ཐུབ་ཅེས་ཁ་སང་དགེ་རྒན་རྣམ་པས་ཀྱང་དེ་ལྟར་འཆད་འཁྲིད་བྱེད་ཀྱི་འདུག་པ་མ་ཟད། མའོ་ཙེ་ཏུང་གིས་ཕྱིར་ཡོང་ཐུབ་པའི་ལོ་ཚིགས་ཁ་ཤས་ཀྱང་བཤད་འདུག འདིའི་ལོར་ཡོང་ཐུབ། འདིའི་ལོར་ཡོང་མ་ཐུབ་ན་དེའི་ལོར་ཡོང་ཐུབ་ཅེས་བཤད་ཡོད།
བློ་མཐུན་ཏིན་ཞོ་ཕིན་གྱིས་ཀྱང་རྒྱལ་བ་རིན་པོ་ཆེའི་སྐུ་སྤུན་རྒྱལ་ལོ་དོན་འགྲུབ་དང་གཉིས་ཀས་པེ་ཅིན་གྱི་ཞང་ཧྲན་གོང་ཡོན་ 北京香山公园 ཟེར་བའི་གླིང་ག་དེ་རེད། (གླིང་ག་དེ་ན་མགྲོན་ཁང་ཆེན་པོ་ཏག་ཏག་ཡོད། ང་དེ་ནས་རྒྱ་ཡི་དགེ་འདུན་པ་ཞིག་དང་ལྷན་དུ་ཉིན་འགར་དེར་བསྡད་མྱོང་། ཉི་མ་ལྔ་དྲུག་ཅིག་གི་མཚམས་ལ། མགྲོན་ཁང་དེ་ནས་ཀྲུང་དབྱང་གི་ཚོགས་འདུ་ཞིག་འཚོགས་རྒྱུ་རེད། ཁྱེད་རང་གཉིས་འདུག་ཉན་གྱི་མི་འདུག་ལབ་དོན་ལྟར། མགྲོན་ཁང་སྤོར་བཞག་པ་ཡིན།) དེ་ནས་རྣམ་པ་གཉིས་ཀྱིས་གྲོས་བསྡུར་བྱེད་དུས། ཏིང་ཞོ་ཕིན་གྱིས། ཁྱེད་ཚོས་བོད་རང་བཙན་ཡིན་ཞེས་མ་བཤད་ན་ཡོངས་སུ་རྫོགས་པ་གྲོས་ཡོང་བར་བཤད་འདུག རྒྱ་ལོ་དོན་འགྲུབ་རྒྱུན་དུ་པེ་ཅིན་ན་བཞུགས་བསྡད་ཡོད་པ་དང་། བུད་མྱེད་ཀྱང་ཧྲང་ཧེ་ནས་རེད། གཙོ་འཛིན་རྣམ་པ་ཡི་གསུང་བཤད་འདི་འདྲ་ཡང་ཡོད་པ་རེད། གང་ལྟར་ཁྲིམས་འགལ་ཞིག་གི་སྒོ་ནས་བཤད་མི་དགོས་པ་ཞིག་རེད། འདི་ལྟར་བཤད་ཡོད་དུས་སྐྲག་དགོས་ཀྱི་མི་འདུག དམངས་ཆེན་འཐུས་མི་ཞིག་ཡིན་ན། མང་ཚོགས་ཀྱི་བདེ་སྡུག་ཡར་ཞུ་བྱེད་པའི་ཁེ་དབང་ནི་ཁྱེད་ལ་ཁྲིམས་ལུགས་ཀྱི་ཐོག་ཏུ་ཡོད་པ་རེད། འོས་འགན་ཀྱང་ཁྱེད་ལ་ཁྲིམས་ལུགས་ཀྱི་ཐོག་ནས་ཐག་བཅད་ཡོད་པ་རེད།
དེ་བས་གྲོས་གཞི་ཡང་དག་པ་ཞིག་བཏོན་ཏེ། གྲོས་གཞི་དེ་རང་གི་རྫོང་དམངས་ཆེན་འཐུས་མིའི་ཚོགས་ཆེན་ཐོག་ལ་ཡར་སྤྲད། རྫོང་དམངས་ཆེན་གྱི་འཐུས་མིར་སྤྲད་པའི་ཡི་གེ་དེ་ཞིང་ཆེན་དམངས་ཆེན་འཐུས་མིའི་ཚོགས་ཆེན་ཐོག་ལ་སྤྲད། ཞིང་ཆེན་དམངས་ཆེན་འཐུས་མི་ཚོགས་ཆེན་གྱི་སྟེང་ནས་ཀྲུང་དབྱང་དམངས་ཆེན་འཐུས་མི་ཚོགས་ཆེན་གྱི་སྟེང་ལ་སྤྲད་ན། དེ་གྲོས་གཞིའི་གྲས་ལ་བཞག་ནས་གྲོས་བསྡུར་བྱེད་ཀྱི་རེད། འདི་འདྲའི་ཕྱོགས་ལ་རྣམ་པ་ཚོས་སྟོབས་ཤུགས་ཡོད་དགུ་བཏོན་ནས་རྗེས་མ་རྗེས་མར་གྲོས་གཞི་ཡག་པོ་ཞིག་ཡར་ཞུ་བྱ་རྒྱུར་ང་གྲྭ་རྐྱང་ཞིག་གིས་སྙིང་ཁོང་རུས་པའི་གཏིང་ནས་ཁྱེད་རྣམ་པར་རེ་ཞུ་ཞིག་ཞུས་པ་ཡིན། ངའི་རེ་ཞུ་གཅིག་པོ་དེ་ཡིན། ད་ཞུས་ཚར་སོང་། བཀའ་དྲིན་ཆེ། བཀྲ་ཤིས་བདེ་ལེགས།
ཤོག་ཁ་བཅུ་གཉིས་སྐད་འཕྲིན་ཚོགས་པས་ཕབ་བཤུ་དང་འགྲེམས་སྤེལ་ཞུས།
[1] རེབ་གོང་(ཐུན་རིན་)རྫོང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། རྨ་ལྷོ་སོག་རྫོང་བཅས་བཞི་ཡིན། རྨ་ལྷོ་ཁུལ་ཟེར་བ་ནི་རྫོང་ཁག་བཞི་འདིས་གྲུབ་པ་ཞིག་ཡིན།
ཇི་འདྲའི་ཧ་ཅང་གི་གནད་ལ་འཁེལ་བའི་གཏམ་བཤད་ཡག་པོ་ཞིག་གནང་འདུག་ཨང་། ཁོང་ནང་བཞིན་གྱི་གཏམ་བཤད་ལ་མཁས་པའི་སྨྲ་བའི་དབང་ཕྱུག་མང་ཙམ་ཡོད་ཚེ། ༧རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་ཐུབ་རེ་ཡོད་པ་འདྲ། དོན་དངོས་སུ་རྡ་རམ་ས་ལར་གཏམ་བཤད་འདི་འདྲ་གནང་མཁན་ཤིན་ཏུ་དགོས་ངེས་ཆེ་ན་ཡང་། བཙན་བྱོལ་གྱི་འབྲེལ་ཡོད་ལས་སྣེ་ཚོས་ནི་ཁ་ནུབ་ཕྱོགས་ཁུལ་ལ་འཁོར་ནས་ཅིག་ཅིག་ཟློ་ཁུལ་བྱེད་པ་ལས། འབེན་རང་ལ་གཟས་ནས་གནད་འཁེལ་གྱི་གཏམ་བཤད་ཅི་ཡང་བྱེད་ཐུབ་ཀྱིན་མེད།
འཇིགས་མེད་བློ་གྲོས་ཁོང་ལ་མི་འདོད་པའི་རྐྱེན་ངན་བར་ཆད་ཅི་ཡང་མེད་པར་སྨོན་ནོ།
ཁོང་གིས་གསུང་བཤད་ལ་ཉན་དུས། ངའི་ཤི་ལ་ཕྱོགས་པའི་སེམས་སླར་ཡང་འཕག་བྱུང་།