—–གསལ་ལེ་རྒྱལ།
མིང་དང་དོན་གྱི་སྦྱོར་བར་མཁས་བ་སུས།།
རྟགས་དང་མཚན་མའི་དཔྱད་པ་མ་ནོར་བར།།
འཇིགས་མེད་བློ་གྲོས་བཏགས་པ་དོན་ལྡན་པའི།།
བློ་དང་སྤོབས་པའི་རྩལ་ལ་ཕྱག་འཚལ་ལོ།།
སུ་དང་གང་གིས་གནའ་དེང་གང་ནས་ཀྱང་།།
མ་ཤོད་སྤོབས་པའི་ལྟེབས་ནས་ལུས་བ་ཡི།།
གནས་ལུགས་རིན་ཆེན་འོད་ཀྱི་རིལ་བུ་ཞིག།
འཇིགས་མེད་བློ་གྲོས་ཕྱག་གིས་མཁའ་ལ་བཏགས།།
བདེན་པ་རྫུན་དུ་མཐོང་བའི་མི་རྣམས་ལ།།
འཇིགས་མེད་བློ་གྲོས་སྟོང་གིས་ཅི་ཞིག་བྱ།།
བདེན་པ་བདེན་པར་བརྩི་བའི་མཁས་རྣམས་ལ།།
འཇིགས་མེད་བློ་གྲོས་གཅིག་ལས་དགོས་བ་ཅི།།
གཡོ་མེད་གནས་ལུགས་ལྷུན་པོའི་རྩེ་མོ་ནས།།
འཇིགས་བློ་གྲོས་བགད་པའི་གད་རྒྱང་གིས།།
འཇིག་རྟེན་བྱེད་པོའི་བློ་ལ་མ་ཤར་བའི།།
གཏམ་གྱི་ཅོ་པན་གོ་ལའི་རྩེ་ལ་བཙུགས།།
གསུངས་བའི་སྒྲ་ལ་ཡང་ཡང་ཉན་པ་ན།།
གནས་ལུགས་གོ་བའི་རྣ་བ་འདི་ལྡན་ཚེ།།
མ་ཎི་སྐྱབས་འགྲོའི་དབྱངས་རྟ་མ་གོ་ཡང་།།
མི་ཡི་གྲལ་མཐར་བསྡད་པ་དོན་ཡོད་སྙམ།།
གསུང་གི་རི་མོར་ཡང་ཡང་བལྟས་བའི་འཕྲོར།།
ང་འོ་སྙམ་པའི་ང་རྒྱལ་འོ་མའི་སྣོད།།
དད་སེམས་ཁྱེའུས་ངོ་ཚའི་ཉམས་དང་བཅས།།
ཡིད་སྨོན་གཡུ་ལོ་གཡོ་བའི་ནགས་ནས་ཟོས།།
གཏམ་གྱི་རྒྱལ་བོ་ཁྲི་ལ་འགྱིང་བའི་ཉམས།།
མཐོང་བས་ཕས་རྒོལ་རང་སྣང་མཐུ་བོ་ཆེའི།།
ཡིད་སྨོན་མདའ་མོ་ལྟོང་ནས་ཤོར་བའི་རྩེ།།
རང་ལ་ཕོགས་པའི་ན་ཟུག་ཁོག་ལ་མིད།།
ཨ་མའི་བུ་ཡི་ཐ་སྙད་བདག་མེད་འདི།།
བདག་ཏུ་འོས་བ་འཇིགས་མེད་བློ་གྲོས་ཞེས།།
བསྟོད་པའི་གཤིས་ཀ་མེད་པའི་ས་མཐའ་བ།།
གསལ་ལེ་རྒྱལ་ཅེས་འབོད་པ་དེ་ཡིས་བྲིས།།
12/01/2017 ལ་རོང་བོ་འཇིགས་མེད་བློ་གྲོས་ཀྱི་གཏམ་བཤད་ཅིག་གིས་ཡིད་བཀུག་ཏེ་ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ནས་ཤར་མར་བྲིས།
གསལ་ལེ་རྒྱལ་ལེགས།
ལོ་ངོ་ཁ་ཤས་སྔོན་ཁོ་བོའི་ཡི་གེའི་དག་ཆ་འགའ་ཞིག་ལ་འདི་འཐད། འདི་མི་འཐད་ཅེས་དགག་གཞག་གི་བགྲོ་གླེང་བྱུང་། དེའི་དུས་ལོ་ངོ་ཁ་ཤས་རྗེས་སུ་མཐུག་འོང་ཞེས་པ་དྲན། ཁྱོད་ཀྱི་ཚིགས་བཅད་དག་གི་སྡེབས་སྦྱོར་ལ་ཡིད་མགུ་བའི་བདེ་ལེགས་ཀྱི་མེ་ཏོག་འཕྲེང་བ་ཁྱོད་ཀྱི་མགུལ་དུ་འདོགས་སོ།
་
ཕལ་སྐད་མ་ཡིན་པར་ཆོས་སྐད་དང་བསྟུན་ན། ས་རྗེས་འཇུག་ཏུ་ཡོད་པའི་་མིང་མཐར་པ་ཡིག་བདག་གིས་མཐའ་གཅིག་འབྲི་ཞིང་། ཁྱོད་ཀྱིས་ངེས་མེད་དུ་འབྲི་བ་དང་ཕལ་ཆེ་བར་ཕལ་སྐད་དམ་སོ་སོ་རང་གི་ལུང་་སྐད་ཀྱི་་རྗེས་སུ་འབྲངས་ཏེ། བ་ཡིག་འབྲི་བར་་མཐོང་ངོ་། དཔེར་ན།
“བཏགས་པ་དོན་ལྡན་པའི།།
བློ་དང་སྤོབས་པའི་རྩལ་ལ་ཕྱག་འཚལ་ལོ།།
སུ་དང་གང་གིས་གནའ་དེང་གང་ནས་ཀྱང་།།
མ་ཤོད་སྤོབས་པའི་ལྟེབས་ནས་ལུས་བ་ཡི།།”
གསལ་ལེ་ཡག་གི་ཡ།
ཨ་ཡོ། བློ་ཕམ་བྱུང་། རྒན་འཇིགས་མེད་ལྟ་བུ་གཞིས་བཞུགས། བོད་མི་དམངས་ཀྱི་འདོད་དོན་འགྲུབ་མཁན། ཆོས་སྲིད་གཉིས་ཀྱི་མཛད་པ་རྒྱ་ཆེར་འགྲོ་བཞིན་པའི་སྐབས་ལ་ད་རེས་བར་ཆད་ཀྱིས་གཏམ་འདི་ལྟར་ཐོན་ཐལ། ད་ནས་རྒྱ་གཞུང་གིས་ཁོང་ལ་དྭོགས་པ་དང་། བསུན་གཅེར་སྣ་ཚོགས་བཟོས་ནས་ཁོང་གིས་སྒྲུབ་བཞིན་པའི་བྱ་བ་མང་པོར་བར་ཆད་དང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མངོན་མེད་ཀྱི་བོད་པའི་མཐོ་རིམ་ལས་བྱེད་དང་འགོ་ཁྲིད་མང་པོར་དཀའ་ངལ་ཡོང་གི་རེད། སྐད་ཆ་ཚིག་སྐམ་པོ་ཕན་མེད་རེ་གཉིས་ཀྱིས་རིན་ཐང་འཇལ་དུ་མེད་པའི་ཁོང་གི་སྲི་ཞུའི་བྱ་བར་བར་ཆད་ཡོང་གི་རེད།
རྗེས་མ་སྤྱི་ཚོགས་ནང་ལ་ལྷག་བསམ། ཡོན་ཏནདང་འཇོན་ཐང་། འབྲེལ་བ་དང་ལམ་འགྲོ་རྒྱུག་བཞིན་པ་ཚོས་རང་གི་ལས་འགན་དེ་སྐྱོང་བཞིན་དུ་ལས་ཀར་བར་ཆད་ཡོང་གའི་གཏམ་འདི་འདྲ་མ་གནང་ན། ཁ་ཡོད་ལག་ཡོད་ཀྱིས་བོད་མི་རིགས་ལ་ཕན་ཐོགས་ཆེ་བ་འདུག ད་གང་བྱེད། གཙོ་བོ་ཁོང་སྒེར་གྱི་སྐུ་ཚེར་བར་ཆད་མེད་པ་ཤོག
བོད་མི་དམངས་ཀྱི་འདོད་དོན། ་དམངས་ཞེས་པ་དམན་པ་དང་་མངས་ཞེས་པ་མང་ཚིག་ཏུ། སོ་མངས་དང་། སྒོ་མངས་ཞེས་བྲིས་ཡོད་ཀྱང་། དིང་སང་འབྲི་མཁན་མང་ཆེ་བ་ཁ་ནས་གང་འཐོན་གྱི་རྗེས་སུ་འབྲང་ངོ་།