སྐྱོ་བྲག་དགའ་དབང་།
སངས་རྒྱས་ཤཱཀྱ་ཐུབ་པ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར། དགེ་སློང་བརྒྱད་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དང་ཐབས་ཅིག་ཏུ་བཞུགས་པའི་ཚེ། དུས་མ་ཡིན་པའི་སྤྲིན་ཆེན་པོ་ཞིག་བྱུང་ནས། ཉིན་ཞག་བདུན་དུ་རྒྱུན་མ་ཆད་པར་དུས་མ་ཡིན་པའི་ཆར་ཆེན་པོ་བབས་ཏེ། དགེ་སློང་རྣམས་ཀྱི་ཟས་ཆད་པར་གྱུར་པས་ཉམ་ཆུང་བར་གྱུར་པ་ན། སངས་རྒྱས་ཀྱི་བཀའ་བཞིན་ཀུན་དགའ་བོས་བསྐུལ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པས། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས། བསོད་པའི་བཟའ་བ་དང་། བཅའ་བ་དང་། མྱང་བ་དག་གི་བསོད་སྙོམས་ལྷུང་བཟེད་གང་བླངས་པ་འཁོར་གྱི་ཁྱམས་སུ་བཞག་སྟེ། དགེ་སློང་མང་པོ་དང་། བྱང་ཆུབ་སེམས་དཔའ་མང་པོ་ཐམས་ཅད་ཀྱང་ཚིམ་པར་མཛད་པའི་སྐབས་སུ།
བདུད་སྡིག་ཅན་གྱིས་བར་ཆད་བྱ་བའི་ཕྱིར། ཤམ་ཐབས་ལེགས་པར་མ་བགོས་པ། བླ་གོས་ལེགས་པར་མ་གྱོན་པ། ཤ་ཚུགས་མ་ལེགས་པ། ལྷུང་བཟེད་རྡོལ་ཅིང་ཆག་པ། གོས་ངན་པ། སྣ་ལེབ་ལེབ་པོ་དང་། ཞར་བ་དང་། འཐེང་པོ་དང་། ཞ་བོ་དང་།
དེ་དག་ལས་ཁ་ཅིག་ནི་ཧ་ཅང་ཡང་རིང་བ། ཁ་ཅིག་ནི་ཧ་ཅང་ཐུང་བ། ཁ་ཅིག་ནི་ཧ་ཅང་གནག་པ། ཁ་ཅིག་ནི་ཧ་ཅང་དཀར་བ། ཁ་ཅིག་ནི་ཧ་ཅང་སྐེམ་པ། ཁ་ཅིག་ནི་ཧ་ཅང་སྦོམ་པ། ཁ་ཅིག་ནི་སྒུར་པོ། ཁ་ཅིག་ནི་མིའུ་ཐུང་སྟེ། དེ་དག་གཞོན་པའི་མཐའ་ནས་ཕྱག་འཚལ་ཞིང་རྒན་པའི་མཐར་འདུག་ཅིང་། སྐྱེ་བོ་མང་པོའི་ཚོགས་གང་གིས་མཐོང་བའང་སེམས་སྐྱོ་བར་འགྱུར་བའི་དགེ་སློང་བཞི་ཁྲི་སྤྲུལ་ཏེ། ཅི་ཙམ་ཟོས་ཀྱང་ཚིམ་པར་མ་གྱུར་པ་དེ་དག །སངས་རྒྱས་ཀྱིས། ཀུན་དགའ་བོ་ལ་བསྟན་ཏེ།
ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་འཇིག་པའི་ཚེ། ངའི་བསྟན་པ་ལ་དགེ་སློང་དག་ཕལ་ཆེར་འདི་བཞིན་དུ། ཤམ་ཐབས་ལེགས་པར་མ་གྱོན་པ། བླ་གོས་ལེགས་པར་མ་བགོས་པ། གོས་བརྟུལ་ཏེ་གྱོན་པ། ལྷུང་བཟེད་ཆག་པ། ཤེས་བཞིན་མེད་པ། སྤྱོད་ལམ་མི་སྡུག་པ། ལག་ན་འཁར་བ་ཐོགས་པ། སྣ་ལེབ་ལེབ་པོ་དང་། ཞར་བ་དང་། འཐེང་པོ་དང་། ཞ་བོ་དང་། ལུས་ཀྱི་ཤ་ཚུགས་མ་ལེགས་པ་དང་། ནད་སྣ་ཚོགས་ཀྱིས་བཏབ་པ་དག་འབྱུང་བར་འགྱུར་རོ། །
དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེའི་ཚེ། དགེ་སློང་དག་ཕལ་ཆེར་བསྙེན་བཀུར་ལ་ཆེད་ཆེ་བར་བྱེད་པ་རྙེད་པ་དང་བཀུར་སྟི་ལ་བརྟེན་པ་དང་། བྱ་བ་སྣ་ཚོགས་ཀྱི་མི་ཁོམ་པས་བྲེལ་བ་དང་། འདུལ་བ་བོར་བ་དང་། སོ་སོར་ཐར་པ་འདྲལ་བ་དང་། མཚམས་ལས་འདའ་བ་དང་། ཚེ་འདི་ཆེད་ཆེ་བར་བྱེད་པ་དང་། ཚེ་རབས་གཞན་ཆེད་མི་ཆེ་བར་བྱེད་པར་འགྱུར་ཏེ།
དེ་དག་འདི་ལྟ་སྟེ། ཆོས་ཀྱི་ཕྱིར་ནི་མ་ཡིན་གྱི། བསྙེན་བཀུར་གྱི་ཕྱིར། ཞར་བ་དང་། འཐེང་པོ་དང་། ཞ་བོ་དང་། ལུས་ཀྱི་ཤ་ཚུགས་མ་ལེགས་པ་དང་། ནད་སྣ་ཚོགས་ཀྱིས་བཏབ་པ་འོངས་ཤིང་ལྷགས་པ་རྣམས་རབ་ཏུ་འབྱུང་བར་བྱེད་དོ། །བསྙེན་པར་རྫོགས་པར་བྱེད་དོ། །
ཀུན་དགའ་བོ་དེའི་ཚེ་དེའི་དུས་ན། ངའི་བསྟན་པ་འདི་ལ་བལྟར་མི་རུང་བ་དང་མཉན་དུ་མི་རུང་བར་འགྱུར་རོ། །ལྷ་རྣམས་ཀྱང་ཡིད་མི་དགའ་བར་འགྱུར་རོ། །བདུད་རྣམས་ཡི་རངས་ཤིང་དགའ་བ་དང་བཏང་སྙོམས་སུ་འགྱུར་རོ། །
ཞེས་འཕགས་པ་ཟ་མ་ཏོག་བཀོད་པའི་མདོ་ལས་ལུང་བསྟན་པའི་ཚུལ་རྣམས་མཇལ་བ་ན། ང་ཚོ་མང་པོ་ཞིག་གི་གནས་བབས་དང་། ཟོ་མདོག་དང་། ཤ་ཚུགས་དང་། སྤྱོད་ལམ་དང་། གྱོན་གོས་ཀྱི་ཚུལ་ནི། བདུད་སྡིག་ཅན་གྱིས། རྒྱལ་བའི་བསྟན་པ་ཉམས་དམའ་བར་བྱ་བའི་ཕྱིར། ཆེད་དུ་སྤྲུལ་པའི་བདུད་རྒན་ཡ་མ་བརླ་ཞིག་ཡིན་ནའང་ཅི་ཤེས་སྙམ་ནས་སེམས་འཇིགས་ཡེར་བ་ཞིག་བཟོས་སོང་ངོ་། །
ཟེར་རྒྱུ་བུ་མོར་ཡིན་ཡང་། གོ་རྒྱུ་མནའ་མར་གོ་དགོས་མིན་འགྲོ།
དགེ་འདུན་ཆོས་འཕེལ་ཀྱིས།
།གསུངས་པ་རེ་ལ་དགོངས་པ་མཐའ་ཡས་ཤིང་། །བསམ་པ་རེ་ལ་འཆར་སྒོ་གྲངས་མེད་ཕྱིར། །
གོ་བར་དཀའ་བའི་རྡོ་རྗེའི་ཚིག་རྣམས་ལ། །གོ་ཚད་མ་ལུས་དོན་དུ་འགྲེལ་བར་བྱ། །བློ་བྲིས་ཡིན། འདི་ནི་བཀའ་རྙིང་གཉིས་ཀའི་ཕྱག་རྫོགས་འགྲེལ་སྟངས་དང་ཀརྨ་པའི་སྤྲུལ་སྐུའི་རྩོད་པ་བཞིན་སོ་སོའི་སྣང་ངོར་བདེན་པར་གྲུབ་པའི་གནས་ལུགས་རེ་སྨྲ་རྒྱུ་ཡོད་ཚོད་རེད། གལ་སྲིད་སྒྲ་ཅི་བཞིན་པ་གནང་དགོས་ན་དྲུས་ཤིང་དྲུབས་པའི་གོས་དང་། ཤིང་དྲུང་པ་སོགས་བཅོས་དགོས་ལ། མི་ནག་དང་། དཀར་པོའི་རིགས་ལ་རབ་ཏུ་བྱུང་བའི་སྐལ་བ་མེད་པར་མ་ཟད། རང་རེའི་དགེ་སློང་མཁན་པོ་མང་པོ་ཞིག་གི་གདོང་ལ་མཛེས་བཟོ་མ་བྱས་ན་བསྟན་པ་ཉམས་པའི་རྟགས་སུ་འགྱུར་འདུག་གོ། ཨ་ཁ་ཁ། ད་ཅི་བྱ།
བསྟན་པ་སྔ་དར་གྱི་བོད་སྐད་ངོ་སྤྲོད་ལྟ་བུར་སྐྱོ་བྲག་དགའ་དབང་མཆོག་གིས་ཁ་བརྡ་འདིར་བཀོད་པ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་ ། སྐྱེ་བོ་མང་པོ་ལ་བདེ་བའི་རྒྱུར་ངེས་པས་ཐུགས་རྗེ་ཆེ་ཞུ་འོས་ལགས་སོ།་
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་གསུངས་པ་ལྟར་ན། བསྟན་པ་སྔར་དར་སྐབས་ཀྱི་བོད་སྐད་དེ་གོ་བདེ་བ་ཡོད། ཅེས་སོ། ཕྱིས་ཀྱི་བོད་སྐད་དེ་འབྲི་བ་པོ་སོ་སོའི་ལུང་སྐད་འདྲེས་པ་སྤང་དཀའ་བ་དང་། ཚིག་འགའ་ཤས་གོ་མི་ཐུབ་པ་ལྟ་བུ་ཡོད་པ་དེ་དག་ནི་བོད་སིལ་བུར་འགྱུར་བམ་རྩ་མེད་ཆགས་པའི་རྒྱུ་རྐྱེན་ལྡོག་ཏུ་མེད་པ་ཞིག་ཡིན་པར་སེམས་སོ།
ཁྱོད་ཀྱི་ཡི་གེ་འདི་དང་བརྗོད་པ་འདི་འགྲིག་པའམ་རུང་བ་ཞིགམ་ཡིན་ཞེས་བྲིས་ནས་བསྟན་ཐུབ་ན། དེ་ཡིས་རང་གཞན་གཉི་གའི་བློ་རྒྱས་པ་ལ་ཕན་པར་འགྱུར་རོ།