—-རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།།
༡༽ ཉེ་རིང་མེད་པའི་སྙིང་རྗེ་ཆེན་པོ་ཡིས། །
ཕྱོགས་རིས་མེད་པའི་འགྲོ་བ་འདྲེན་མཛད་པ། །
ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ། །
སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།
༢༽ གདུལ་བྱའི་ཡུལ་ལ་བརྩེ་བ་མཐའ་ཡས་པའི། །
སངས་རྒྱས་རྣམས་ཀྱི་མཛད་པ་བསམ་མི་ཁྱབ། །
བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུ་ཡིས། །
གང་ལ་གང་འདུལ་དེ་ལ་དེར་སྟོན་མཛད། །
༣༽ གླིང་གི་གླིང་མཆོག་ལྷོ་རྒྱལ་ཛམྦུའི་གླིང་། །
གནས་ཀྱི་མཆོག་གྱུར་རྒྱ་གར་རྡོ་རྗེ་གདན། །
བསྐལ་བཟང་སངས་རྒྱས་སྟོང་དང་རྩ་གཉིས་ཀྱིས། །
མངོན་པར་སངས་རྒྱས་ཆོས་འཁོར་བསྐོར་བའི་གནས། །
༤༽
ཤར་ན་རྒྱ་ནག་རི་བོ་རྩེ་ལྔ་དང་། །
ལྷོ་ན་འཕགས་པའི་ཞིང་ཁམས་པོ་ཏ་ལ། །
ནུབ་ན་མཁའ་འགྲོའི་གླིང་མཆོག་ཨོ་རྒྱན་ཡུལ། །
བྱང་ན་རིགས་ལྡན་གྲོང་ཁྱེར་ཤམྦྷ་ལ། །
༥༽ དེ་བཞིན་གནས་ཆེན་སུམ་ཅུ་སོ་གཉིས་དང་། །
ཡུལ་ཆེན་ཉེར་བཞི་དུར་ཁྲོད་ཆེན་པོ་བརྒྱད། །
ལ་སོགས་རིག་འཛིན་གྲུབ་པའི་གནས་མང་གིས། །
འཛམ་བུ་གླིང་འདི་ཡོངས་སུ་མཛེས་པ་ལགས། །
༦༽ ཁྱད་པར་ཁ་བ་ཅན་གྱི་རྒྱལ་ཁམས་ན། །
ཙཱ་རི་རྨ་རི་ཏི་སེ་མ་ཕམ་སོགས། །
གནས་དང་ཉེ་བའི་གནས་མཆོག་གྲངས་མེད་ལ། །
བྱིན་རླབས་ཚན་ཁའི་འོད་ཕུང་ལམ་མེར་ཡོད། །
༧༽ བོད་ཀྱི་རི་བྲག་མཚོ་གསུམ་ཐམས་ཅད་ལ། །
པདྨས་ཞབས་ཀྱིས་བཅགས་ཤིང་ཟབ་གཏེར་སྦས། །
མ་འོངས་ཆེད་དུ་རི་བྲག་གནས་སུ་བརླབས། །
དད་པ་ཅན་ལ་དག་པའི་སྣང་བ་བསྟན། །
༨༽ ཁྱད་པར་སྲིད་པའི་ལྷ་གཉན་རྫ་རྒྱལ་དང་། །
ཉེ་བའི་ཡུལ་ལྷ་སྒོ་རྒྱལ་བཙུན་མོ་ཡིས། །
གཉེར་དུ་བཟུང་བ་རྫ་སྒོའི་འདུས་མདོ་ཡི། །
ངོ་མཚར་ཤུག་པའི་གནས་མཆོག་བླ་ན་འཕགས། །
༩༽ གཡས་གཡོན་རི་ལུང་ཡུལ་གྲུ་ཉེ་འགྲམ་ན། །
ཤུག་པ་སྐྱེ་བ་མེད་ཀྱང་རི་བོ་འདིར། །
ཤུག་པ་ཞོལ་ཆེན་རྔ་མ་ལྟ་བུ་ཞིག །
མཆིས་པས་མཚན་དུ་ཤུག་པ་གཡག་རྔར་གསོལ། །
༡༠༽ ཕྱི་རུ་ཡ་མཚན་གནས་ཀྱི་ཁྱད་ཆོས་རྫོགས། །
ནང་དུ་ཡུལ་སྐྱོང་སྲུང་མའི་འདུ་ལོང་འཁྲིགས། །
གསང་བ་ཡི་དམ་མཁའ་འགྲོའི་ཕོ་བྲང་སྟེ། །
ངོ་མཚར་ཤུགས་པའི་གནས་དེར་དང་བས་བསྟོད། །
༡༡༽ འཆི་མེད་རིག་འཛིན་རྡོ་རྗེ་གཤོག་རྒོད་ཀྱིས། །
སྙིང་ཐིག་ཚེ་ཡང་ཕུར་གསུམ་ཆ་ལག་ལས། །
བོད་ཁམས་སྤྱི་ལ་གཅེས་པའི་ས་གནད་ཅེས། །
ཁྱད་འཕགས་ལུང་གིས་བསྔགས་པའི་གནས་ཆེན་ཉིད། །
༡༢༽ རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ་ཡིས། །
ཟླ་རེའི་ཚེས་བཅུ་བཅོ་ལྔ་ཉེར་ལྔ་ལ། །
སྤྱན་གཟིགས་པད་འབྱུང་དངོས་ཀྱིས་བྱིན་རློབས་པས། །
ཕྱག་བསྐོར་བྱས་ཚད་དག་ཞིང་སྐྱེ་ཞེས་གསུངས། །
༡༣༽ ཨོ་རྒྱན་རྗེ་དང་རླངས་སྟོན་བྱང་ཆུབ་ཀྱིས། །
ས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས། །
མ་འོངས་དོན་དུ་ཆོས་ནོར་རྫས་གཏེར་སྦས། །
སྐལ་བ་ཅན་ལ་མཆོག་ཐུན་དངོས་གྲུབ་བསྩལ། །
༡༤༽ བོད་ཀྱི་བཙན་པོ་ཁྲི་སྲོང་ཡབ་སྲས་ཀྱི། །
ལྷག་པའི་ལྷ་མཆོག་རྣམ་སྣང་མངོན་བྱང་གི །
འཁྲུལ་མེད་སྐུ་དང་སྐུ་བསྟོད་ལོ་རྒྱུས་བཅས། །
ལོ་སྟོང་སྔོན་གྱི་ཕྱག་རིས་འཁྲུལ་མེད་བཞུགས། །
༡༥༽ སྒྲོལ་མའི་སྤྲུལ་པ་རྒྱ་བཟའ་ཀོང་ཇོ་ཡིས། །
ཐུབ་པའི་རྒྱལ་ཚབ་ལྷ་སའི་ཇོ་བོ་ཡང་། །
ས་འདི་བརྒྱུད་ནས་དབུས་སུ་གདན་དྲངས་ཤིང་། །
གནས་འདིར་དགེ་བའི་རྟེན་འབྲེལ་བསྒྲིགས་སོ་སྐད། །
༡༦༽ དྲེལ་དཀར་ངག་དབང་པདྨ་བཟང་པོ་དང་། །
སྐྱབས་མཆོག་པདྨ་ཐེག་མཆོག་བཟང་པོ་སོགས། །
ས་འདིའི་སྐྱེས་ཆེན་དམ་པ་མང་པོས་ཀྱང་། །
གནས་འདིར་གྲུབ་པའི་ཡ་མཚན་མང་པོ་གཟིགས། །
༡༧༽ ཤུག་པའི་རི་རྩེ་གོང་འགབ་བར་གསུམ་དུ། །
ཕྱི་ལྟར་ལྷ་གཉན་སྟག་བེར་ཅན་སོགས་དང་། །
ནང་ལྟར་གསང་བདག་ཕྱག་རྡོར་ལྷ་ཚོགས་དང་། །
པད་འབྱུང་རྗེ་འབངས་བཞུགས་ཞེས་གནས་ཡིག་གསལ། །
༡༨༽ ནམ་སྤྲུལ་འགྲོ་འདུལ་གར་གྱི་རྡོ་རྗེ་ཡིས། །
ཤུག་པའི་རི་རྩེ་གོང་འགབ་བར་གསུམ་དེ། །
འཇམ་དབྱངས་སྤྱན་རིས་གཟིགས་དང་གསང་བདག་སྟེ། །
འཕགས་པ་རིགས་གསུམ་མགོན་པོའི་གནས་སུ་བསྔགས། །
༡༩༽
རབ་འབྱམས་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱིས། །
སྒོ་མདོའི་གསང་ཕུག་དབེན་པའི་རི་བོ་ཉིད། །
མཚོ་སྐྱེས་རྗེ་དང་རླངས་སྟོན་བྱང་ཆུབ་ཀྱིས། །
བྱིན་རླབས་ཡ་མཚན་མཆོག་གི་གནས་ཡིན་གསུངས།
༢༠༽ གཞན་ཡང་མཚམས་སྤྲུལ་བདེ་ཆེན་རྡོ་རྗེ་དང་། །
གྲུབ་པའི་དབང་ཕྱུག་ལུང་རྟོགས་རྒྱལ་མཚན་ཞབས། །
དབོན་སྤྲུལ་དྲུག་པ་ཁྲག་འཐུང་གཟི་བརྗིད་རྩལ། །
མགྲིན་དབྱངས་གཅིག་གིས་གནས་འདིའི་ཆེ་བ་བརྗོད། །
༢༡༽
རིགས་གསུམ་སྤྲུལ་པ་ལྷ་སྲས་སེང་ཆེན་གྱིས། །
མ་ངེས་རྟུལ་ཞུགས་སྤྱོད་པ་བསྐྱངས་པ་ལས། །
ཞབས་རྗེས་གཏེར་གནས་ལ་སོགས་མང་པོ་ཞིག །
ས་འདིར་དག་པའི་གདུལ་བྱར་སྣང་བ་ཡིན། །
༢༢༽ དཔའ་བོ་རྒྱ་ཚ་གནས་འདིར་སྐུ་གཤེགས་ཤིང་། །
གདུལ་བྱའི་དོན་དུ་སྐུ་རྗེས་རང་བྱོན་པ། །
རྟེན་འབྲེལ་གནད་ཀྱིས་ལོངས་སྐུར་ཞལ་བསྒྱུར་ཏེ། །
འགྲོ་བའི་བསོད་ནམས་ཞིང་དུ་གནས་འདིར་བཞུགས། །
༢༣༽ རླུང་སེམས་དབང་ཐོབ་ངག་དབང་པདྨ་དང་། །
གླིང་བླ་གྲུབ་ཆེན་བསོད་ནམས་སྦྱིན་པའི་མཚན། །
གྲུབ་ཆེན་སྐལ་དར་མཁན་པོ་དོན་རྣམ་སོགས། །
ས་འདིར་བཞུགས་ནས་མཆོག་ཐུན་གྲུབ་པ་བརྙེས། །
༢༤༽ ཁྱད་པར་རབ་བྱུང་བཅུ་བདུན་མེ་ཁྱིའི་ལོར། །
གྲུབ་དབང་དམ་པ་ལུང་རྟོགས་རྒྱལ་མཚན་གྱིས། །
ཕྱི་ལྟར་རིགས་གསུམ་ནང་ལྟར་བདེ་མཆོག་དང་། །
གསང་བ་སྒྲུབ་ཆེན་བཀའ་བརྒྱད་གནས་ཡིན་ཞེས། །
༢༥༽ ངོས་འཛིན་དང་བཅས་གནས་ཀྱི་ཉམས་གསོའི་ཆེད། །
ཐུགས་སྲས་མཁན་པོ་ཡེ་ཤེས་དོན་རྟོགས་ལ། །
གནས་སྒོ་འབྱེད་པའི་བཀའ་ལུང་དངོས་ཕེབས་བཞིན། །
ཕུན་ཚོགས་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་སྨིན། །
༢༦༽ ཁྱད་པར་སྙིགས་མའི་དུས་འདིར་མཇལ་དཀའ་བའི། །
ཚེ་དང་སྒྲུབ་པ་སྙོམས་པའི་མཚམས་པ་སྟེ། །
བླ་མ་གུ་རུ་ཐོད་ལུ་སྐུ་མཆེད་གཉིས། །
གནས་འདིར་པདྨ་དཀར་པོ་བཞིན་དུ་ལྷམ། །
༢༧༽ སྔོན་ཚེ་གུ་རུ་པདྨས་ཞབས་བཅགས་ཤིང་། །
དེང་ཡང་ངེས་དོན་ཆོས་པས་རྟག་བསྙེན་པའི། །
ངོ་མཚར་ཆེ་བ་འབུམ་ལྡན་གནས་ཀྱི་རྒྱལ། །
སྒོ་ཡི་ཤུག་པ་དེ་ལྟར་བསྔགས་པའི་ཡུལ། །
༢༨༽ སྤྲེལ་ལོའི་གཙོས་པའི་དུས་ཚེས་བཟང་པོ་དང་། །
དུས་རྒྱུན་ཡིན་ཡང་གང་ཟག་ཐམས་ཅད་ཀྱིས། །
གནས་འདིར་མཇལ་ཕྱག་བསྐོར་གསུམ་སུས་བྱས་པ། །
ཕན་ཡོན་ཤིན་ཏུ་ཆེན་པོ་ཡོད་པར་གསུངས། །
༢༩༽ མཐའ་བསྐོར་བསྐོར་བ་བཅུ་གསུམ་ཚད་དང་ནི། །
བར་བསྐོར་བསྐོར་ཚད་བརྒྱ་དང་བརྒྱད་ཀྱི་གྲངས། །
ནང་བསྐོར་བསྐོར་ཚད་སྟོང་ཕྲག་གཅིག་ཉིད་དེ། །
འདི་ནི་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། །
༣༠༽ གྲུབ་ཐོབ་སྐལ་དར་གྲུབ་དབང་ལུང་རྟོགས་སོགས། །
སྔོན་བྱོན་དམ་པའི་དགོངས་ཉམས་གཞིར་བཞག་སྟེ། །
མཆོག་སྤྲུལ་འཕྲིན་རྣམ་མཁན་པོ་ཡེ་དོན་དང་། །
གུ་རུ་སྐུ་མཆེད་བཅས་ནས་གཏན་ལ་ཕབ། །
༣༡༽ གནས་འདི་ཤིན་ཏུ་བཀའ་གཉན་བྱིན་ཆེ་བས། །
ཕུ་ཡི་རི་དྭགས་མདའ་ཡི་ཉ་རིགས་དང་། །
བར་གྱི་ཤིང་གཉན་རྡོ་གཉན་ལ་སོགས་པར། །
གནོད་པ་བྱས་ན་ཕྱི་མ་ངན་སོང་སྐྱེ། །
༣༢༽ གནས་འདིར་བསྐོར་བ་བྱས་དང་གཙང་སྦྲ་བྱས། །
གནས་འདིར་ཆོས་དང་དགེ་བའི་ལས་བྱས་པ། །
ཐམས་ཅད་ཚེ་འདིར་མི་མཐུན་རྒུད་པ་ཞི། །
ཕྱི་མ་དག་པའི་ཞིང་དུ་སྐྱེ་བར་བསྔགས། །
༣༣༽ སངས་རྒྱས་ཡོན་ཏན་ཆོས་ཀྱི་ཡོན་ཏན་དང་། །
དགེ་འདུན་ཡོན་ཏན་བསམ་མི་ཁྱབ་པ་སྟེ། །
གནས་ཀྱི་ཡོན་ཏན་ལ་ཡང་དད་བྱས་ན། །
མཆོག་གསུམ་བདེན་པས་བྱིན་རླབས་འཇུག་པ་ཡིན། །
༣༤༽ ཁྱད་པར་དེང་སང་སྙིགས་མ་ལྔ་བདོའི་དུས། །
གནས་ཀྱིས་གང་ཟག་བྱིན་གྱིས་རློབས་པའི་དུས། །
རང་བྱུང་པདྨས་བྱིན་རླབས་དབེན་པའི་རིར། །
འབྲེལ་བ་ཐོགས་པ་ཙམ་ཡང་བསོད་ནམས་ཡིན། །
༣༥༽ ཡིད་ལ་ཨོ་རྒྱན་པདྨའི་ཐུགས་རྗེ་བསྒོམ། །
ངག་ནས་བཛྲ་གུ་རུའི་ཛབ་དབྱངས་སྒྲོགས། །
ལུས་ཀྱིས་ཕྱག་དང་བསྐོར་བ་ཚུལ་བཞིན་བྱོས། །
དེ་ལྟར་བྱས་ན་གནས་ཀྱི་ཕན་ཡོན་ཐོབ། །
༣༦༽ གནས་བསྟོད་ཡིན་ལ་གནས་བཤད་ཡིན་པ་དང་། །
ལོ་རྒྱུས་ཡིན་ལ་རྣམ་ཐར་ཡིན་པ་ཡི། །
སྒོ་མདོའི་གསང་ཕུག་ཤུག་པའི་གནས་བསྟོད་འདིས། །
ལྟོས་བཅས་དད་ལྡན་ཡོངས་ལ་ཕན་པར་ཤོག །
ཞེས་པ་འདི་ཡང་། རང་དགོན་གྱི་མཁན་པོ་ཉི་མ་ཚེ་རིང་གིས་ནན་བསྐུལ་གནང་ཡང་། དཔྱད་གཞིའི་རིགས་མ་འབྱོར་ན་འོལ་ཚོད་ཀྱིས་འབྲི་ཐབས་བྲལ་ནས་ཡོད་སྐབས། ཁོང་གིས་དཔྱད་གཞི་ཁག་ཅིག་གནང་བའི་ནང་ནས་མཁན་པོ་ཨ་ཁྱུག་གི་བཀའ་འབུམ་དུ་ཡོད་པའི་ཤུག་པའི་གནས་ཡིག་ཅིག་སྐུར་གནང་བྱུང་བར་ལྟ་སྐབས་ནང་དོན་ཕྲན་བུ་ཙམ་ཞིག་མཁན་པོ་ཡེ་ཤེས་དོན་རྟོགས་ཀྱིས་ཁ་སྣོན་བྱས་ནས་བཀོད་འདུག་པ་མ་གཏོགས། རྩ་བས་རང་ཉིད་ཀྱིས་རང་ལོ་ཉི་ཤུ་བཞི་ཡས་མས་ཀྱི་སྐབས་ཤིག་ལ་བྲིས་པའི་གནས་ཡིག་བོར་ཟིན་པ་ཞིག་ཡོད་པ་དེ་ཀ་རང་དུ་འདུག་པས་དགའ་ཚོར་ཆེན་པོ་བྱུང་ཞིང་། རང་ཉིད་ཀྱིས་གནས་རིར་ཡོད་པའི་གནའ་བོའི་རྡོ་བརྐོས་རྙིང་པ་སོགས་དཔེ་བཤུས་བྱས་ཏེ་གང་ཐུབ་ཀྱིས་ཞིབ་འཇུག་བྱས་པ་ཡིན་པ་མ་ཟད། སྐབས་དེར་ཡང་བླ་མ་གུ་རུ་ཐོད་ལུ་ཟུང་གིས་དཔྱད་གཞི་གང་ཡོད་གནང་བའི་ཐོག་བྲིས་པ་ཡིན་པས་དེ་ཉིད་གཞིར་བཟུང་གིས་མཁན་པོ་ཉི་མ་ཚེ་རིང་གིས་གསུངས་པའི་འབྲེལ་ཡོད་ནང་དོན་གཞན་དག་ཀྱང་སྣན་ཏེ་སླར་ཡང་ལོ་ངོ་ཉི་ཤུ་ལ་ཉེ་བའི་རྗེས་ཀྱི་མེ་སྤྲེལ་དགུན་རའི་ཚེས་བཅུ་བདུན་(2016/12/15)ལ་ཨོ་གླིང་རྒྱ་མཚོའི་འགྲམ་གྱི་རང་གནས་ནས་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་རང་བཟོ་མེད་པའི་ཐོག་ནས་གོ་བདེ་བར་བྲིས་པའོ།།