ལྕང་ཞབས་འགྱུར་མེད་ཚེ་དབང་།
རིག་གཞུང་ཕ་མཐའ་མི་མངོན་བྱང་ཐང་ལ། །
ཨུ་ཚུགས་གོམ་པས་འཇལ་ན་ཨ་ཐང་ཆད། །
བློ་དང་ཐབས་ཀྱི་འཕྲུལ་ལ་བརྟེན་གྱུར་ཏེ། །
དོན་གྱི་གསང་ལ་ཤུགས་ཀྱིས་བགྲོད་ཚུལ་བཤད། །
དེ་ཡང་དཔེ་ཆ་ལྟ་སྟངས་ཀྱི་རྣམ་བཤད་འདི་ལེ་ཚན་དུ་བགོས་ནས་འཆད་པ་ལ།
དང་པོ། ཐོག་མར་དཔེ་ཆ་ལྟ་བ་པོ་རྣམས་ལ་མཐའ་གཉིས་སེལ་བའི་ཆེད་དུ་ཞུ་རྒྱུ།
དང་པོ་དཔེ་ཆ་ལྟ་ཀློག་ལ་མི་དགའ་བའི་མཐར་ལྷུང་བ་དག་ལ་ཞུ་རྒྱུ། དཔེ་ཆ་ལྟ་བ་ལ་མི་དགའ་བའི་མི་རིགས་དེ་ལ་རེ་བ་གཏན་ནས་མེད་གསུངས། གཉིས་པ་དཔེ་ཆ་ཁོ་ནར་བལྟས་ནས་བསམ་བློ་མེད་པའི་མཐར་ལྷུང་བ་དག་ལ་ཞུ་རྒྱུ། རང་ཉིད་ལ་བསམ་བློ་མེད་བཞིན་དཔེ་ཆ་མང་པོ་ཞིག་ཁོང་དུ་ཆུབ་པའི་མི་དེ་ནི་བོང་བུ་ལ་དཔེ་ཆ་རྒྱབ་གཅིག་བཀལ་བ་དང་འདྲ་གསུངས།
གཉིས་པ། དཔེ་ཆ་མཁས་པ་ཇི་ལྟར་ཆགས་པར་བྱ་བ།
དཔེ་ཆ་སྦྱངས་ནས་མཁས་པ་ཆགས་པ་ལས། དཔེ་ཁྲིད་ཉན་པ་ཁོ་ནས་མཁས་པ་ཆགས་པ་མེད་དོ། ། ཨེན་དབྱིན་སི་ཐེན་གྱིས། ཤེས་རབ་དང་བརྩོན་འགྲུས་གཉིས་ལས་ངས་ནི་ཐེ་ཚོམ་མེད་པར་བརྩོན་འགྲུས་གདམས་ཏེ། འཇིག་རྟེན་ཐོག་གི་གྲུབ་འབྲས་ཐོབ་བྱེད་ཀྱི་ཨ་མ་ནི་བརྩོན་འགྲུས་རེད། ཅེས་བཤད། དོན་འདི་དང་མཐུན་པར་ས་པཎ་ལེགས་བཤད་ལས། བློ་ལྡན་ནོར་གྱིས་འབྱོར་ན་ཡང་། ། ལེ་ལོ་ཅན་ལ་མཐོན་པོ་དཀའ། ། རྣ་བ་ཐོག་མར་སྐྱེས་ན་ཡང་།། རྭ་རྩེ་མཐོ་བ་མ་མཐོང་ངམ། ། ཞེས་ལེ་ལོ་ཅན་ལ་མཁས་པ་མི་ཡོང་གསུངས། རྒྱུན་ལྡན་གྱི་སྐད་ཆ་ལྟར་ན། སྐྱེས་ཐོབ་ཀྱི་ཤེས་རབ་ནི་བརྒྱ་ཆ་གཅིག སྦྱང་སྟོབས་ཀྱི་ཤེས་རབ་ནི་བརྒྱ་ཆ་གོ་དགུ་རེད། ཧྥུ་ཕུའུ་ཨེར། སློབ་སྦྱོང་གི་གནད་དོན་གཙོ་བོ་གོ་རྟོགས་དང་སྙིང་རུས་ལ་རག་ལས་པ་ལས། སློབ་ཁྲིད་བཟོ་མཁན་ཡོད་མེད་ལ་རག་ལས་མེད། ཅེས་བཤད། །
གསུམ་པ། དཔེ་ཆ་ཐ་དད་ཀྱིས་མི་སྣ་ཐ་དད་པ་གསོ་སྐྱོང་བྱེད་པ།
༡ སྦྱང་བྱའི་དཔེ་ཆ་མི་འདྲ་བས་མི་སྣ་མི་འདྲ་བ་གསོ་སྐྱོང་བྱེད་པ་ནི། གང་ཟག་བཞིས་ཁ་གཏོད་ས་དེ་ཤར་ལྷོ་ནུབ་བྱང་མི་འདྲ་བ་བཞི་ལ་ཕྱོགས་པའི་ཚེ། ཤར་ཕྱོགས་ཀྱི་དངོས་པོ་མཐོང་བའི་ཆ་དེ་ལྷོ་ལ་ཕྱོགས་པས་མི་མཐོང་། ནུབ་ཕྱོགས་ཀྱི་དངོས་པོ་དེ་བྱང་ལ་ཕྱོགས་པས་མི་མཐོང་བ་བཞིན། ཤེས་བྱ་མི་འདྲ་བས། མི་སྣའི་བསམ་སྤྱོད་དང་། གོམས་གཤིས། རིན་ཐང་གི་ལྟ་བ་སོགས་ཀྱང་སོ་སོར་གྱུར། དེར་བརྟེན་ཆོས་ཐམས་ཅད་ངའི་རིག་པ་འདིའི་ཁོངས་སུ་ཚུད་དགོས། འདི་ལས་གཞན་པའི་ཤེས་བྱ་མེད་ཟེར་ན་མི་འགྲིག་པའི་ཚུལ་རྣམས་གོ་བར་འགྱུར་ཏེ། དཔེར་ན། རྣམ་རྒྱལ་དང་བཀྲ་ཤིས་གཉིས་མ་གཏོགས་ངོ་མི་ཤེས་པའི་གང་ཟག་ཅིག་གིས། ཁང་པ་ཞིག་ན་མི་ཡོད་པར་ཐག་ཆད། རྣམ་རྒྱལ་མེད་པར་ཐག་ཆོད་དུས། བཀྲ་ཤིས་ཡོད་དགོས་ཟེར་བ་དང་འདྲ་བས། ཤེས་རིག་ལ་ངོ་བོ་མི་འདྲ་བ། བྱེད་ལས་མི་འདྲ་བ། རྣམ་པ་མི་འདྲ་བ། སྣ་ཚོགས་ཤིག་ཡོད་པ་གོ་དགོས།
བཞི་པ། དཔེ་ཆ་ལ་ངོས་འཛིན་ཇི་ལྟར་བྱ་བ།
དཔེ་ཆ་དེ་དགའ་རོགས་ལྟ་བུ་ཞིག་ཡིན་ལ། དཔེ་ཆ་ངན་པའམ་ལམ་ལོག་པར་ཁྲིད་མཁན་གྱི་དཔེ་དེབ་ནི། དགའ་རོགས་ངན་པ་ཞིག་དང་འདྲ་ཞིང་། རྐྱེན་ཆག་སྒོ་སྣ་ཚོགས་སློང་སྲིད་པས། དཔེ་ཆ་བཟང་པོ་ལ་ལྟ་དགོས། དཔེ་ཆ་བཟང་པོ་ལ་ལྟ་ཐུབ་པ་ནི། དགའ་རོགས་བཟང་པོ་ཞིག་དང་ཐུག་པ་བཞིན། ཁྱེད་རང་ལམ་ལོག་ལས་སྐྱོབ་ཅིང་། ལམ་ངན་ལས་འདྲེན་པ་དང་། དཔུང་རོགས་ཡག་ཤོས་ཤིག་དང་། ཁྱེད་ཀྱི་རྒྱབ་དཔུང་གི་སྟོབས་ཤུགས་ཤིག་ཏུ་འགྱུར་ངེས། དོན་འདི་དང་མཐུན་པར། མཁས་པ་ཁག་ཅིག་གིས་བཤད་སྟངས་ལྟར་ན། དཔེ་ཆ་ཆེས་བཟང་བ་ཞིག་བལྟ་བ་ནི། མི་སྣ་རླབས་ཆེན་ཞིག་དང་བགྲོ་གླེང་སྤེལ་བ་ལྟ་བུ་ཞིག་ཡིན་ཟེར་གྱི་ཡོད། དཔེ་ཆ་བཟང་པོ་ལ་བརྟེན་ནས་བློ་སྟོབས་བསྐྱེད་པ་བྱ་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ།
ལྔ་་པ། དཔེ་ཆ་ལ་བརྟེན་ནས་མཐར་དཔེ་ཆ་ལས་བརྒལ་དགོས།
ཐོག་མར་དཔེ་ཆ་ལ་བརྟེན་ནས་སྦྱངས་འབྲས་ཐོབ་དགོས། ཐོག་མར་དཔེ་ཆ་ལས་ཤེས་རིག་བཙལ་འཚོལ་བྱེད་པ་ལས། རང་ཉིད་ལ་བློ་སྟོབས་མེད་པས། ཞ་བོས་མཁར་བ་ལ་མ་བརྟེན་པར་འགྲོ་བསྐྱོད་མི་ཐུབ་པ་བཞིན་ནོ། ། བར་དུ་རང་ཉིད་ཀྱི་བློ་སྟོབས་དང་དཔེ་ཆའི་ནང་དོན་གཉིས་ཕན་ཚུན་ཞིབ་བསྡུར་གྱིས་བལྟ་བ་ནི། བློ་གྲོས་ལྡན་པ་གཉིས་ཀྱིས་ཤེས་བྱ་གང་ཞིག་ལ་བགྲོ་གླེང་སྤེལ་བ་ལྟ་བུ་ཡིན་ལ། མཐར་རང་ཉིད་དཔེ་ཆ་ལས་བརྒལ་བའི་བློ་སྟོབས་བསྐྱེད་པ་ནི། འཛམ་གླིང་ན་མཁས་པའི་དབང་པོ་དག་གི་རང་ཉིད་ཀྱི་བློ་གྲོས་རྩལ་ལས་སྔོན་མེད་ཀྱི་ལེགས་བཤད་གསར་པ་ཐོན་པ་བཞིན་ཡོང་བ་ཡིན་ལ། དེ་འདྲ་ཞིག་དགོས་པའི་རྒྱུ་མཚན་ཡང་། གལ་ཏེ་མི་ཚེ་གང་པོར་དཔེ་ཆའི་ནང་དོན་ཁོ་ན་ལ་ལྟོས་པ་ལས་རང་ཉིད་ལ་དབྱེ་འབྱེད་ཀྱི་བསམ་བློ་མེད་ཅིང་། རང་ཉིད་དཔེ་ཆའི་ནང་དོན་ཁོ་ན་ལྟར་བཀོལ་སྤྱོད་བྱེད་པ་ཡིན་ན། རང་ཉིད་དཔེ་ཆའི་བྲན་གཡོག་ཏུ་མི་འགྱུར་བའི་ངེས་པ་མེད། དེ་ལྟར་ན་འདི་ལ་ཉེན་ཁ་ཚབས་ཆེན་ཞིག་ཡོད་པ་ནི། གལ་ཏེ་བྲན་གཡོག་བྱ་ཡུལ་དེ་མི་སྣ་བཟང་པོ་ནང་བཞིན་གྱིས། དཔེ་ཆ་བཟང་པོ་ཞིག་གིས་དབང་བསྒྱུར་བྱར་གྱུར་ན། རང་ལ་ཁེ་ཕན་གང་ལ་གང་འཚམས་ཤིག་ཐོབ་ཅིང་། འགྲིག་ཙམ་ཞིག་ཏུ་འགྱུར་ཐུབ་ནའང་། དཔེ་ཆ་ཁོ་ནས་རང་ཉིད་ཁ་ལོར་བསྒྱུར་ན། རང་ཉིད་རྣམ་ཤེས་མེད་པའི་འཕྲུལ་འཁོར་ཞིག་དང་འདྲ་བ་མ་ཡིན་ནམ། གཞན་ཡང་བྲན་གཡོག་བྱ་ཡུལ་དེ་མི་སྣ་ཆེས་ངན་པ་ཞིག་དང་ཐུག་པ་བཞིན། དཔེ་ཆ་ཆེས་ངན་པ་ཞིག་གི་འཁོར་དུ་གཏོགས་སོང་ན། ཆག་སྒོ་ཆེན་པོ་ཡོང་སྲིད་པས། ཅི་ནས་ཀྱང་དཔེ་ཆ་ལྟ་ས་ནོར་མི་རུང་བ་དང་། ཡང་ན་རང་ཉིད་ལ་ལེགས་ཉེས་འབྱེད་པའི་བློ་གྲོས་ངེས་པར་དུ་དགོས་པ་ཞིག་ཡིན་པ་ཡང་ཤུགས་ཀྱིས་རྟོགས་པར་འགྱུར་རོ། །
དྲུག་པ། སློབ་ཁྲིད་དཔེ་ཆ་དང་ཟུར་ལྟའི་དཔེ་ཆའི་བར་གྱི་བཀོད་སྒྲིག
སློབ་ཁྲིད་དཔེ་ཆ་དང་འབྲེལ་བའི་ཟུར་ལྟའི་དཔེ་ཆ་ལ་བལྟ་ན། བློ་བསྐྱེད་མྱུར་བ་དང་། ས་ཆོད་ཆེ་བའི་དགེ་མཚན་ཡོད། རྒྱུ་མཚན་ནི། སློབ་ཁྲིད་ཀྱི་དཔེ་ཆ་ལ་བརྟེན་ནས་ཟུར་ལྟའི་དཔེ་ཆའི་ནང་དོན་འཚོལ་བ་འདི། ཟུར་ལྟའི་དཔེ་ཆའི་སྔོན་འགྲོ་རུ་བསམ་བློ་དང་། བརྟག་དཔྱོད། ཤེས་འདོད་བཅས་གང་འཚམས་ཤིག་ཡོད་དགོས་པ་ཞིག་ཡིན་ལ། དེ་ལྟར་ན་ནན་ཏན་བྱ་ཐུབ་པ། སྤྲོ་བར་བསྐྱེད་པ། བློ་ལ་འཇགས་བདེ་བ་སོགས་ཀྱི་དགེ་མཚན་ཡོད། གང་ལྟར་ཟུར་ལྟའི་དཔེ་ཆ་ནི་དངོས་གཞིའི་དཔེ་ཆའི་རམ་འདེགས་སུ་འགྱུར་ཐུབ་ན། ནང་དོན་བདེ་བླག་ཏུ་རྙེད་ཐུབ་པ། ནང་དོན་འགལ་མེད་དུ་རྟོགས་པ། ནང་དོན་གཅིག་གྲོགས་གཅིག་ཏུ་གྱུར་པ་སོགས་ཀྱི་དགེ་མཚན་ཆེ། གལ་ཏེ་ཟུར་ལྟའི་དཔེ་ཆ་དངོས་གཞིའི་སློབ་ཁྲིད་དཔེ་ཆ་རུ་བཟུང་ནས་བལྟས་ན། དོན་གནད་དང་། བསམ་བློ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་བལྟ་དགོས། ཟུར་ལྟའི་དཔེ་ཆས་རང་ཉིད་ཀྱི་རེ་བ་བསྐང་ཐུབ་ན་དེ་བཞིན་བྱས་ན་མི་འགྲིག་པ་མེད་ཀྱང་། སློབ་ཁྲིད་དཔེ་ཆ་དེ་རྟ་ལམ་ལྟ་བུ་ཡིན་ན། སློབ་གྲྭའི་སློབ་མ་དེ་རྟ་པ་ལྟ་བུ་ཞིག་ཡིན་དགོས། ཟུར་ལྟའི་དཔེ་ཆ་ཁོ་ན་ལ་འབད་བརྩོན་བྱེད་པ་དེ་ནི། རྟ་ལམ་ཡོད་ས་ཞིག་ནས། རྟ་པ་མ་རྒྱུགས་ནས། རྟ་བས་ལམ་གསར་པ་ཞིག་བཟོས་ནས་དེ་ནས་རྒྱུགས་རྩལ་སྦྱང་པ་ཞིག་དང་འདྲ། འོན་ཀྱང་དགོས་གལ་ཡོད་ན་དེ་ཡང་མི་ཆོག་པ་ཞིག་མ་རེད་མོད། གང་ལྟར་སློབ་ཁྲིད་དཔེ་ཆ་ལྟ་ན་འདྲ། ཟུར་ལྟའི་དཔེ་ཆ་ལྟ་ན་འདྲ། བསམ་བློ་དང་། ཕུགས་བསམ། དམིགས་ཡུལ། རྟོགས་དཔྱོད་བཅས་སྔོན་དུ་སོང་ནས་བལྟས་ན། ཧ་ཅང་དགེ་མཚན་ཆེ་བ་ཞིག་ཡོད་པར་མངོན།
བདུན་པ། དཔེ་ཆ་སྦྱངས་པའི་དམིགས་ཡུལ།
༡ དོན་མེད་ཀྱི་བྱ་བ་སྤང་ཐུབ་པའི་ཆེད་དུ་དམིགས་པ། ༢ བྱ་བ་ངན་པ་སྤང་ཐུབ་པའི་ཆེད་དུ་དམིགས་པ། ༣ ཤེས་བྱའི་གནས་ལུགས་མཐོང་བའི་མིག་གསར་པ་ཐོབ་པའི་ཆེད་དུ་དམིགས་པ། ༤ གྲུབ་འབྲས་བཟང་པོ་ཐོབ་པའི་ཆེད་དུ་དམིགས་པ་བཅས་སོ། །
བརྒྱད་པ། ཤེས་རིག་རང་རྒྱུད་ལ་སྐྱེས་བའི་ཐབས་ལམ།
༡ དཔེ་ཆ་ལྟ་ཀློག་གིས་ཤེས་པ། ༼གཙོ་བོ་རང་སྦྱོང་བྱེད་པ༽༢ དཔེ་ཁྲིད་ཉན་ནས་ཤེས་པ། ༼གཙོ་བོ་དགེ་རྒན་གྱི་དཔེ་ཁྲིད་ལ་ཉན་པ ༽༣ ཉམས་མྱོང་གིས་ཤེས་པ། ༼གཙོ་བོ་བསམ་བློ་གཏོང་ནས་ཤེས་པ།༽ ༤ བགྲོ་གླེང་གིས་ཤེས་པ། ༼ འདུ་འཛོམས་སྣ་ཚོགས་ཁྲོད་ཀྱི་འབེལ་གཏམ་ལས་ཤེས་རིག་བསགས་པ། ༽༥ ལག་ལེན་གྱིས་ཤེས་པ། ༼གཙོ་བོ་རིགས་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་ནས་ར་སྤྲོད་པ་ལས་ཤེས་རིག་སྐྱེས་བ།༽ ༦ཞོར་སྦྱང་། ༼ཐ་ན་སྒོ་བྱང་དང་ཟས་བྱང་ཚུན་ཆད་ནས་ཤེས་རིག་གསར་པ་ཨེ་རྙེད་བལྟ་རྒྱུ། ༽དེ་ཡིན།
དགུ་པ། དཔེ་ཆའི་ནང་དོན་འཚོལ་སྟངས།
༡ དཔེ་ཆ་ལྟ་ཀློག་ལ་བརྟེན་ནས་ནང་དོན་འཚོལ་བ། ༢ ལག་ལེན་ལ་བརྟེན་ནས་ནང་དོན་འཚོལ་བ།༣ རྟོག་དཔྱོད་ལ་བརྟེན་ནས་ནང་དོན་འཚོལ་བ། ༤གདམས་ངག་དང་མན་ངག་ལ་བརྟེན་ནས་ནང་དོན་འཚོལ་བ། ༥ ཐབས་ཁྱད་པར་ཅན་གཞན་དག་དང་སྤྱད་ཆས་སྣ་ཚོགས་༼དྲ་འཕྲིན་སོགས་༽ལ་བརྟེན་ནས་ནང་དོན་འཚོལ་བ། ༦ ཡིན་མིན་སྒྲོ་འདོགས་བཅད་པའི་སྒོ་ནས་ནང་དོན་འཚོལ་བ། འདི་དག་གཅིག་ཕན་གཅིག་གྲོགས་སུ་འགྲོ་བ་ཞིག་ཡིན་ལ། གང་དགོས་པ་ཆེ་ན་དེ་ལུགས་སྐབས་བསྟུན་ཀྱིས་ནང་དོན་འཚོལ་ཐབས་ལ་སྤྱད་ན་བཟང་ངོ་། །
བཅུ་པ། དཔེ་ཆ་དང་མི་ཚེའི་བཀོད་སྒྲིག
༡༽ དཔེ་ཆ་སྦྱང་པ། འདི་གཙོ་བོ་རྨང་གཞི་ནས་འགོ་བཙུགས་སློབ་གྲྭ་ཆེན་མོ་མན་ཆད་ཀྱིས་ལག་བསྟར་བྱ་དགོས་པས། དེ་ལ་འཇུག་པ་གཙོ་ཆེ། དཔེ་ཆ་སྦྱང་པའི་དུས་ནི་ལོ་ན་གཞོན་པའི་དུས་དེ་ཡིན་ངེས་ཏེ། རིག་པ་གཞོན་པའི་དུས་སུ་སློབ་གསུངས་པ་བཞིན་ནོ། ། ༢༽ དཔེ་ཆ་ལྟ་བ། འདི་གཙོ་བོ་མི་ཚེར་རྒྱུན་མི་ཆད་པར་དཔེ་ཆ་བལྟ་དགོས་པས། དེ་ལ་འཇུག་པ་གཙོ་ཆེ། དཔེ་ཆ་ལྟ་བའི་དུས་ནི་མི་ཚེ་ཧྲིལ་བོ་དེ་ཡིན། ༣༽ དཔེ་ཆ་ཀློག་པ། འདི་གཙོ་བོ་དགོས་པ་དང་བསྟུན་ནས། དཔེ་ཀློག་བྱེད་པས། དེ་ལ་འཇུག་པ་གཙོ་ཆེ། དཔེ་ཆ་ཀློག་པའི་དུས་ནི་སྐབས་ཐོབ་ཀྱིས་གང་དགོས་པ་གཙོ་བོར་གཞིག་ནས་ཀློག་པ་ཞིག་ཡིན། དེར་བརྟེན་ཀློག་སྟངས་ལ། བམ་ཀློག རགས་ཀློག ཞིབ་ཀློག་སོགས་ཀྱི་དབྱེ་བ་ཡོད། དེ་ལྟར་ན་ལྟ་ཀློག་སྦྱང་གསུམ་གྱི་ཟླས་ཕྱེས་པའི་ལྟ་བའི་མཚན་ཉིད་དང་། ཀློག་པའི་མཚན་ཉིད། སྦྱང་པའི་མཚན་ཉིད་གསུམ་ལ་ཡང་གཙོ་ཆེ་ཆུང་གིས་ཁྱད་པར་རེ་ཡོད་པ་ཤེས་དགོས།
བཅུ་བཅིག་པ། དཔེ་ཆ་གང་ལ་ལྟ་དགོས།
༡ རང་ཉིད་ཀྱི་ཆེད་ལས་དང་ཆེད་མཁོ་ལ་དམིགས་ནས་དཔེ་ཆ་ལ་ལྟ་རྒྱུ། ༢ དེ་ཡང་གཞི་རྩའི་མཚན་ཉིད་ཚང་དགོས་པ་ཞིག་ལ། དོན་མེད་པ་དང་དོན་ལོག་པ་ཅན་མིན་པ་དོན་དང་ལྡན་པའི་དཔེ་ཆ་ལྟ་རྒྱུ། ཐོས་རྒྱགས་དང་ཁ་རྩོད་ཆེད་མིན་པ་ལག་ལེན་དང་ལྡན་པའི་དཔེ་ཆ་ལྟ་རྒྱུ། གཡོ་སྒྱུ་དང་བརྩེ་བྲལ་མ་ཡིན་པ་སྡུག་བསྔལ་སྤང་ཐུབ་པའི་དཔེ་ཆ་ལ་ལྟ་དགོས། ངན་པ་དྲུག་དང་བྲལ་ཞིང་བཟང་པོ་གསུམ་དང་ལྡན་པའི་དཔེ་ཆ་དེ་ལ་བལྟ་དགོས་ཞེས་སྔོན་བྱོན་གོང་མའི་ཞལ་གསུངས་བཞིན་དུས་རབས་འདི་དང་ཡང་འཚམས་པས་དེ་བཞིན་ཤེས་གལ་ཆེ།
སྤྱིར་དཔེ་ཆ་འདི་འཚོ་ཐབས་སུ་ལྟ་དགོས་པ་ཡིན་ན། ཐ་ན་རྐུན་ཇག་དང་། ཤོ་རྒྱན་འཇོག་ལུགས་ཚུན་ཆད་ཀྱི་དཔེ་ཆ་ལ་ལྟ་དགོས་པ་དང་། གལ་ཏེ་དཔེ་ཆ་འདི་དཔལ་འབྱོར་ཁོ་ནའི་ཆེད་དུ་ལྟ་དགོས་པ་ཡིན་ན། ཉ་བཟུང་ལུགས་ཚུན་ཆད་ཀྱི་དཔེ་ཆ་ལ་ལྟ་དགོས་པ་དང་། གལ་ཏེ་དཔེ་ཆ་འདི་འཇིག་རྟེན་ལེགས་པར་བྱེད་པ་ལ་དམིགས་ནས་ལྟ་དགོས་པ་ཡིན་ན། ལྷག་བསམ་དང་། བྱམས་སེམས། གཞན་ཕན་གྱི་བྱ་བ་རྣམས་ཇི་ལྟར་སྒྲུབ་ཚུལ་སྐོར་གྱི་དཔེ་ཆ་ལྟ་དགོས་ལ། གལ་ཏེ་ལག་རྩལ་གྱི་ཆེད་དུ་དཔེ་ཆ་ལྟ་དགོས་ན། ཤིང་བཟོ་བྱ་ལུགས། མགར་བཟོ་བྱ་ལུགས་ཚུན་ཆད་ཀྱིདཔེ་ཆ་དེ་ལྟ་དགོས། སྐད་ཆ་འདིས་དཔེ་ཆ་དེ་ལྟ་བ་པོ་རང་ཉིད་དང་གང་ཞིག་མཚམས་མིན་དང་། གང་དགོས་མཁོ་ཆེ་བ་དེར་ལྟ་དགོས་པ་ལས།ང་ཚོས་འདི་ལ་ལྟ་དགོས་དེ་ལ་ལྟ་མི་རུང་ཞེས་ཁ་ཚོན་གཅོད་མི་ཐུབ། འོན་ཀྱང་ང་ཚོས་རེ་བ་ཞིག་བཏོན་ཆོག་པ་ནི། འཚོ་ཐབས་ཀྱི་ཆེད་དུ་ཡིན་ན་འདྲ། དཔལ་འབྱོར་གྱི་ཆེད་དུ་ཡིན་ན་འདྲ། ལག་རྩལ་གྱི་ཆེད་དུ་ཡིན་ན་འདྲ། ཤེས་རིག་སྔོག་འདོན་སོགས་གང་ཞིག་གི་ཆེད་དུ་ཡིན་རུང་། གཞི་རྩ་ལུས་སེམས་གཉིས་ཀྱི་གཤིས་སྤྱོད་བཟང་བ་འདི་ཆེས་གལ་ཆེ་ལ། ཕན་སེམས་མེད་རུང་། གནོད་སེམས་མེད་པ། ཕན་མ་ཐོགས་རུང་། གནོད་མི་བསྐྱལ་བའི་སློབ་གསོའི་དཔེ་ཆ་དེ་ལྟ་སྦྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། གཞི་རྩ་དེའི་སྟེང་ནས་སྤྱིར་མི་ཡི་རིགས་ལ་དགོས་ངེས་ཀྱི་ཤེས་རིག་སྣ་ཚོགས་ཡོད་ལ། དེ་ལྟར་ན་རང་དང་འཚམས་པའི་ཤེས་རིག་སྦྱང་དགོས། རང་དང་འཚམས་པའི་དཔེ་ཆ་ལྟ་དགོས། ཁྱད་པར་དུ་གང་ཟག་སོ་སོའི་ཁམས་དབང་བསམ་པ་དང་མཐུན་པའི་དཔེ་ཆ་ལྟ་དགོས་པ་ལས། རང་བློས་མ་འཆུན་པའི་གཞུང་ལུགས་ལ་ལྟ་བའི་མཐོ་བསྙབ་བྱེད་ན་གར་ཡང་མི་ཕྱིན་པར་མ་ཟད། ཡིད་ཆད་ནས་དཔེ་ཆ་ལ་ཞེན་ཁ་ལོག་འགྲོ།
བཅུ་གཉིས་པ། དཔེ་ཆ་གང་དུ་ལྟ་བ།
སློབ་ཁང་། རང་ཁྱིམ། དཔེ་ལྟ་ཁང་། དཔེ་མཛོད་ཁང་། དཔེ་ཚོང་ཁང་། ཇ་ཁང་། ངེས་མེད་རྣམས་སུ་ལྟ་ཆོག། འོན་ཀྱང་འདི་དག་གཙོ་བོ་ལུས་ངག་ཡིད་གསུམ་ལ་བདེ་འཇགས་ཡོད་པ་གཞིར་བཞག་གི་ཐོག་ནས་དཔེ་ཆ་བལྟ་དགོས། གལ་ཏེ་བདེ་ཐང་དང་། བདེ་འཇགས་ལ་གནོད་པ་ཡོད་ན་གང་དུ་ཡང་བལྟ་མི་རུང་། གང་ཟག་དམིགས་བསལ་ཅན་མ་ཡིན་ན། འུར་ཟིང་ཆེ་བ་དང་། མང་པོ་འདུས་པའི་གནས་སུ་དཔེ་ཆ་བལྟ་ནའང་གྲུབ་འབྲས་ཐོབ་དཀའ། །
བཅུ་གསུམ་པ། དཔེ་ཆ་གང་ནས་འཚོལ་བ།
རྒྱུན་ལྡན་གྱི་དཔེ་ཆ་ཡོད་ས་དང་། དེ་མིན་ཐ་ན་གད་སྙིགས་ཁྲོད་ནས་ཀྱང་བློ་བསྐྱེད་རྙེད་པའི་དཔེ་ཆའི་རིགས་རྙེད་དུ་ཡོད་པས་འཚོལ་དགོས། སྔོན་བྱོན་ཀྱི་མཁས་དབང་ཚོས། དཔེ་ཆ་དུམ་བུ་རེ་ཙམ་གྱི་ངོས་ལ་ཡང་རིན་ཐང་བྲལ་བའི་ནང་དོན་རྙེད་རྒྱུ་ཡོད་ཞེས་གསུངས་པ་ལྟར་ཡིན། དཔེར་ན། མཁས་དབང་དགེ་ཆོས་ཀྱིས་འགོས་ལོས་ཤོག་འཁྱར་རལ་པོ་དག་ལ་གཙིགས་སུ་འཛིན་ལུགས་གསུངས་པ་དང་གཅིག་པ་རེད།
བཅུ་བཞི་པ། དཔེ་ཆ་ལྟ་བའི་དགོས་པ།
དཔལ་འབྱོར་གྱི་ཆེད་དུ་དཔེ་ཆ་བལྟ་བ། བདེ་ཐང་གི་ཆེད་དུ་དཔེ་ཆ་བལྟ་བ། འཚོ་བ་དཀྱུས་མ་ཞིག་གི་ཆེད་དུ་དཔེ་ཆ་བལྟ་བ། ལུས་ཀྱི་བདེ་ཐང་གི་ཆེད་དུ་དཔེ་ཆ་བལྟ་བ། སེམས་ལ་དགའ་བདེ་ཐོབ་པའི་ཆེད་དུ་དཔེ་ཆ་བལྟ་བ། བདེན་དོན་མངོན་དུ་གྱུར་བའི་ཆེད་དུ་དཔེ་ཆ་བལྟ་བ་སོགས་དཔེ་ཆ་བལྟ་བའི་དམིགས་ཡུལ་མི་འདྲ་བ་ཧ་ཅང་མང་། རྒྱུ་མཚན་གང་ཟག་སོ་སོའི་དམིགས་ཡུལ་མི་འདྲ་བའི་རྐྱེན་གྱིས་ཡིན་པར་ཤེས་དགོས། དགེ་རྒན་དཔལ་ལྡན་ཉི་མའི་ངག་རྒྱུན་ལྟར་ན། ཚེ་སྲོག་ལ་ངོས་འཛིན་སྟངས་མི་འདྲ་བས། དཔལ་ཡོན་ལ་ངོས་འཛིན་སྟངས་མི་འདྲ་བ་བྱུང་། དེ་ལ་བརྟེན་པའི་འབད་བརྩོན་བྱ་བའི་ཡུལ་རིག་གནས་ཀྱང་མི་འདྲ་བ་སོ་སོར་དང་། དགའ་མོས་དང་། འབད་བརྩོན་བྱེད་ཕྱོགས་ཀྱང་མི་འདྲ་བར་གྱུར་པ་རེད། །
བཅོ་ལྔ་པ། བལྟས་རུང་དགོས་པ་མེད་པའི་དཔེ་ཆའི་རིགས།
དོན་མེད་ཀྱི་དཔེ་ཆ་ལྟ་བ། དགོས་པ་མེད་བཞིན་དོན་ཕྱིན་ཅི་ལོག་གི་དཔེ་ཆ་ལྟ་བ། དཔེ་ཆ་ཁོ་ནའི་ཆེད་དུ་དཔེ་ཆ་ལ་བལྟ་བ་སོགས་ལ་དགོས་པ་གཏན་ནས་མེད་དོ། །
བཅུ་དྲུག་པ། དཔེ་ཆ་སུ་ཞིག་གིས་ལྟ་དགོས།
ཕོ་མོ་ཚང་མས། རྒན་གཞོན་ཚང་མས། སྐྱ་སེར་ཚང་མས། དཔོན་འབངས་ཚང་མས། དབང་པོ་སྐྱོན་ཅན་སྐྱོན་མེད་ཚང་མས། དབུལ་ཕྱུག་ཚང་མས་བལྟ་དགོས།
བཅུ་བདུན་པ། དཔེ་ཆ་ལ་ལྟ་བའི་གོ་རིམ།
༡ རང་ཉིད་ལ་ཆེས་དགོས་མཁོ་ཆེ་བ་དེ་སྔོན་ལ་བལྟ་རྒྱུ། དེ་དང་འབྲེལ་བའི་དཔེ་ཆ་བཀླགས་ནས་རམ་འདེགས་བྱ་བ། ༢ དེ་ནས་གོང་ཞུས་ངན་པ་དྲུག་བྲལ། བཟང་པོ་གསུམ་ལྡན་གྱི་དཔེ་ཆ་གང་ལ་མོས་པ་ཆེ་ན་དེ་ལ་བལྟ་རྒྱུ། ༣ ལྟ་རྒྱུའི་རིགས་གཅིག་ཡིན་ན། སླ་བ་རྣམས་སྔོན་ལ་ལྟ་བ། དཀའ་བ་རྣམས་རྗེས་ལ་ལྟ་ན་ཕན་ཐོགས་ཡོད་ངེས། ༤ དེ་མིན་ནང་དོན་གྱི་གོ་རིམ་ལ་གཞིགས་ཏེ། རྩ་བ་འདེད་ནས་བལྟ་ན་གོ་རིམ་ཡང་ངེས་པར་འགྱུར་བར་མ་ཟད། ནང་དོན་གང་གི་རྗེས་སུ་ནང་དོན་གང་ཞིག་ལ་བལྟ་དགོས་པ་ཡང་ཤུགས་ཀྱིས་གོ་བར་འགྱུར། ༥ ཆེད་དུ་ལྟ་རྒྱུ་མེད་ཅིང་ཁོམ་ལོང་ཡོད་ན། དུས་སྐབས་དེར་ཀུན་གྱིས་སྣང་འཇོག་མཐོ་ཙམ་ཡོད་སའི་དཔེ་ཆ་ཡོད་ན། དེ་ལ་བལྟ་ན་ཀུན་གྱིས་གླེང་བརྗོད་མང་བ་དང་། རང་ཉིད་ལ་ཡང་ཤེས་འདོད་ཡོད་པར་མ་ཟད། ངེས་ཆ་ཆེ་ཙམ་ཡོང་བ་དང་། དཔྱིས་ཕྱིན་པ་ཞིག་རྟོགས་ཐུབ་པའི་དགོས་པ་ཡོད། ཁྱད་པར་དུ་གཞུང་ཆེན་པོའི་དཔེ་ཆ་དག་ནི་སློབ་སྦྱོང་གི་གོ་སྐབས་ཡོད་དུས་ཞིབ་པར་བལྟ་རྒྱུ་དང་། བློ་ལ་ངེས་པར་བྱ་རྒྱུ་གལ་ཆེ་ལ། རྗེས་ནས་ཟུར་བལྟ་ཙམ་གྱིས་ཡོང་གི་མེད་པ་རེད།
བཅོ་བརྒྱད་པ། དཔེ་ཆ་ལ་བལྟ་བའི་མོས་པ་བསྐྱེད་བསྲིངས་བྱེད་ཐབས།
ཐོག་མར་དཔེ་ཆ་ལ་ལྟ་བའི་དགེ་མཚན་ཤེས་དགོས་པ། དེ་ཡང་། ༡ དཔེ་ཆ་ལ་བརྟེན་ནས་རྨོངས་མུན་སེལ་ཐུབ་པ། ༢ དཔེ་ཆ་ལ་བརྟེན་ནས་སྐྱེས་བུ་མཆོག་བསྐྱེད་བསྲིངས་ཐུབ་པ། ༣ དཔེ་ཆ་ལ་བརྟེན་ནས་མཁས་པ་དགའ་བ་བསྐྱེད་པ། ༤ དཔེ་ཆ་ལ་བརྟེན་ནས་བྱུང་བའི་ཤེས་རབ་ནི་བོར་དུ་མེད་པ། བརླག་མི་ཐུབ་པ། རྐུན་པོས་འཁྱེར་དུ་མེད་པས་ནོར་གྱི་མཆོག་ཡིན་པ་སོགས་ཀྱི་ངོས་འཛིན་ཡོད་དགོས། ༥ ཁྱད་པར་དུ་དཔེ་ཆ་ལ་བརྟེན་ནས། སྐྱེས་བུ་རླབས་ཆེན་མང་པོ་ཞིག་འབུད་པའི་ལོ་རྒྱུས་རྒྱེན་མི་རིགས་སོགས་མཐུན་དཔེ་མང་དུ་འཇོག་དགོས།
བཅུ་དགུ་པ། དཔེ་ཆ་བལྟས་རྗེས་མི་བརྗེད་པའི་ཐབས།
༡ དཔེ་ཆ་གང་ཤེས་པ་དེ་ལ་བསམ་པས་བརྡར་ཤར་གཅད་པ། བགྲོ་གླེང་གི་བརྡར་ཤར་གཅད་པ། ༢ གང་ཤེས་པའི་དོན་དེ་བསམ་པའི་ཐོག་ཏུ་སྐོར་མ་ཁ་ཤས་ལེན་དགོས་པ་ལས་གོ་ལོ་ཐོས་ལོ་ཙམ་གྱི་ཐོག་ཏུ་འཇོག་མི་རུང་། ༣ ཤེས་པའི་དོན་དེ་གཞན་ལ་རྣམ་པར་བཤད་ཐུབ་ན་མི་བརྗེད་པའི་རྐྱེན་དུ་འགྱུར་ཐུབ། ༤ བདམ་གསེས་ཀྱི་སྒོ་ནས་གལ་ཆེ་བའི་ནང་དོན་བློར་འཛིན་པ། ཁྱད་པར་གཞུང་གི་ནང་དོན་གཙོ་བོ་དང་། ཡང་ན་མི་སྣ། ས་མིང་། དུས་ཚིགས་བཅས་བློ་ལ་བཟུང་ན། ནད་དོན་གཞན་དག་དེ་དང་འབྲེལ་བ་ཡོད་པས་རྗེས་ནས་ཤུགས་ཀྱིས་བློ་ལ་འཆར་ཐུབ་པའི་དགེ་མཚན་ཡོད།
ཉི་ཤུ་པ། དཔེ་ཆ་ལ་ལྟ་བའི་གོམས་གཤིས་ཆགས་ཐབས།
༡ ལྷན་སྐྱེས་ཀྱིས་དཔེ་ཆ་ལྟ་བར་དགའ་ན་རང་བཞིན་གྱིས་དཔེ་ཆ་ལྟ་བའི་གོམས་གཤིས་སུ་ཆགས་ཐུབ། དེ་ལྟར་མིན་ན། ༢ དཔེ་ཆའི་ནང་དོན་སྣ་ཚོགས་ཡོད་པ་ལས། རང་ཉིད་མོས་པ་ཡོད་སའི་ནང་དོན་དེ་དང་པོར་བལྟ་རྒྱུ། དེ་ནི་ཞེ་མཐུན་གྱི་གྲོགས་པོ་ཞིག་དང་ཁ་ཏ་ལབ་པ་བཞིན། ཡུན་རིང་ཙམ་ལྟ་ཡང་དཀའ་སྣང་མེད། ༣ དཔེ་ཆ་མ་ཤེས་པའི་སྐྱོན་གོ་རུ་འཇུག་ནས་དཔེ་ཆ་ལྟ་བའི་གོམས་གཤིས་ཆགས་ཐབས་བྱ་རྒྱུ། ༤ དཔེ་ཆ་བལྟས་པའི་དགེ་མཚན་ཤེས་སུ་འཇུག་ནས་དཔེ་ཆ་ལྟ་བའི་གོམས་གཤིས་ཆགས་ཐབས་བྱ་རྒྱུ། མདོར་ན་དཔེ་ཆ་བལྟས་པའི་མངར་ཆ་དེ་མྱོང་དུ་འཇུག་ནས་དཔེ་ཆ་ལྟ་བའི་གོམས་གཤིས་ཆགས་སུ་འཇུག་རྒྱུ། ༥ རྒྱེན་མི་རིགས་ཀྱིས་དཔེ་ཆ་ལྟ་བའི་གོམས་གཤིས་ཆགས་ཐབས་ནི། ཕ་མ་ཚོས་བྱིས་པ་ཚོ་ལ་དཔེ་ཆ་ལྟ་རྒྱུ་ནི། སྲོག་ལས་ཀྱང་གཅེས་འཛིན་དགོས་ཞེས་ཆུང་ནས་ཐབས་སྣ་ཚོགས་ཀྱིས་སློབ་གསོ་ནན་མོ་གཏོང་བ་དེ་རེད།
ཉེར་གཅིག་པ། དཔེ་ཆ་ཇི་ལྟར་ལྟ་བ།
༡ རྒྱུན་ཆད་མེད་པར་ལྟ་བ། ༢ ངལ་གསོ་ནས་ལྟ་བ། ངལ་གསོ་བ་ནི་སླར་ཡང་ལྟ་བའི་སྟོབས་ཤུགས་རྒྱས་པའི་ཆེད་དུ་ཡིན། ༣ ལྟ་བའི་མོས་པ་ཡོད་སྐབས་ལྟ་བ། ༤ དགའ་བཞིན་སྤྲོ་བཞིན་ལྟ་བ། ༥ ཤེས་འདོད་ཀྱིས་ལྟ་བ། ༦ རང་ཉིད་ལ་ཡིད་ཆེས་ཡོད་བཞིན་ལྟ་བ། ༧ ལག་ལེན་དང་སྦྲེལ་ནས་ལྟ་བ།
ཉེར་གཉིས་པ། དཔེ་ཆ་དང་ལྟ་པ་པོ་གཉིས་ཀྱི་བར་ཐག
༡ དཔེ་ཆའི་ཕྱོགས་སུ་བསམ་བློ་བརྒྱ་ཆ་བརྒྱ་ཤོར་བའི་ལྟ་ཀློག་པ། ༢ དཔེ་ཆ་རང་གི་རིག་སྟོབས་ཀྱི་བཅུད་དུ་དྲངས་ཐུབ་པའི་ལྟ་ཀློག་པ། ༣ དཔེ་ཆ་དང་ལྟ་པ་པོ་གཉིས་ཀྱི་བར་འདྲ་མཉམ་གྱིས་བགྲོ་གླེང་གིས་གནད་དོན་ཐག་བཅད་པ། ༤ མཐར་དཔེ་ཆ་ལྟ་བ་པོ་རང་ཉིད་ཀྱི་བློ་སྟོབས་ལ་བརྟེན་ནས་སྔོན་མེད་ཀྱི་ལེགས་བཤད་མང་པོ་ཞིག་འབུད་ཐུབ་པ། སྐབས་དེ་དུས། རྗེ་མི་ལས། སྣང་སྲིད་དཔེ་ཆ་བལྟས་བལྟས་ནས། ། ཡིག་ནག་དཔེ་ཆ་བརྗེད་ནས་ཐལ།། ཞེས་པ་ལྟ་བུ་དེ་བྱུང་བ་ཡིན་ནོ། །
ཉེར་གསུམ་པ། དཔེ་ཆ་ལ་དགེ་རྒན་དུ་བསྟེན་པའི་རིམ་པ།
༡ དང་པོ་དགེ་རྒན་དགེ་རྒན་དུ་བསྟེན་པ། ༢ གཉིས་པ་དཔེ་ཆ་དགེ་རྒན་དུ་བསྟེན་པ། ༣ གསུམ་པ་རང་གིས་རང་དགེ་རྒན་དུ་བསྟེན་པ། དེ་ལྟར་ན་དཔེ་ཆ་དགེ་རྒན་དུ་བསྟེན་པའི་རིམ་པ་ནི་རིམ་པ་གཉིས་པ་དེ་ཡིན། དང་པོ་དང་། གསུམ་པའི་གནས་སྐབས་སུ་དཔེ་ཆ་ལ་མི་བསྟེན་པ་མིན་རུང་། དང་པོ་དགེ་རྒན་གཙོ་བ་དང་། གསུམ་པར་རང་ཉིད་གཙོ་བའི་དབང་དུ་བཏང་ནས་བཤད་པ་ཡིན་པར་ཤེས་དགོས།
ཉེར་བཞི་པ། བོད་ཀྱི་དཔེ་ཆ་མང་པོ་ཞིག་དེང་དུས་མཐོང་དུ་ཡོད་པའི་རྒྱུ་མཚན་ནི།
དེ་ནི་དུས་རབས་བཅུ་བཞི་པ་ནས་དཔེ་ཆ་མང་པོ་ཞིག་ཤིང་པར་དུ་བརྐོས་ནས་བྱུང་བ་ཡིན་པས། བོད་ཀྱི་ཤིང་པར་བརྐོས་པའི་དགེ་མཚན་དེ་ང་ཚོས་ནམ་ཡང་ཧ་གོ་དགོས་པར་མ་ཟད། ཕྱིན་ཆད་ཀྱང་འདི་རིགས་ལ་དོ་སྣང་དང་། མཐོང་ཆེན་དགོས་ངེས་རེད།
སྨྲས་པ།
མི་ཚེ་དཔེ་ཀློག་རི་ལ་འཛེགས་པ་ན། །
དཀའ་གནད་རྡོ་ལ་རྡོག་སྣེ་ཐོགས་པའི་ཚེ། །
ཐབས་ཀྱི་གོམ་པས་འདེགས་འཇོག་བསྒྱུར་ལུགས་སོགས། །
ཉམས་མྱོང་རྒན་པོའི་གཏམ་ལ་འཇུག་པར་ཤོག ། དགེའོ། ། ། །
(རིག་འཛིན་གྱིས་བརྒྱུད་བསྐུར་བྱས།)
་་་་་་་རང་དང་འཚམས་པའི་ཤེས་རིག་སྦྱང་དགོས། རང་དང་འཚམས་པའི་དཔེ་ཆ་ལྟ་དགོས། ཁྱད་པར་དུ་གང་ཟག་སོ་སོའི་ཁམས་དབང་བསམ་པ་དང་མཐུན་པའི་དཔེ་ཆ་ལྟ་དགོས་པ་ལས། རང་བློས་མ་འཆུན་པའི་གཞུང་ལུགས་ལ་ལྟ་བའི་མཐོ་བསྙབ་བྱེད་ན་གར་ཡང་མི་ཕྱིན་པར་མ་ཟད། ཡིད་ཆད་ནས་དཔེ་ཆ་ལ་ཞེན་ཁ་ལོག་འགྲོ། ་་་་་་་