—-རེ་མདོ་སེངྒེ་།
༄༅།།མི་རྒན་ཤེས་རྒྱ་ཅན་རྣམས་རེ་རེ་བཞིན་ནུབ་རིའི་ཕག་ཏུ་ཡོ་འགྲོ་བ་འདི་བསམ་བློའི་ནང་བཟོད་ཐབས་དཀའ་བའི་སྐྱོ་སྣང་ཞིག་ཡིན་ཡང༌། འདུ་བྱས་མི་རྟག་པའི་ཆོས་ཉིད་ལ་ལྡོག་ཐབས་བྲལ་བས་དང་ལེན་ཞུ་རྒྱུ་ལས་ཐབས་གཞན་ཅང་མ་མཆིས། ངས་འདིར་མཚམས་སྦྱོར་བྱེད་འདོད་པ་ནི་ཉེ་ལམ་འདས་གྲོངས་སུ་ཕྱིན་པའི་སྐལ་བཟང་སྐྱབས་སམ་ཡོངས་གྲགས་སུ་རེ་མདོའི་ཨ་སྐལ་ཞེས་པ་ཡིན། བགྲེས་སོང་ཁོང་དཔོན་གནས་ཅན་དང་མཁས་དབང་གི་མཚན་སྙན་ཡོད་པ་དེ་འདྲ་མིན་ཡང༌། ངའི་དྲན་ཡུལ་ན་ཁོང་ནི་མཚན་གནས་རྩེག་མ་མང་པོ་ཡོད་པ་དག་ལས་ཀྱང་མཛད་རྗེས་ཆེ་བའི་མི་སྣ་གལ་ཆེན་ཞིག་ཡིན་ལ། ཁོང་གི་མཛད་རྗེས་ནི་འཇའ་ཚོན་ལྟ་བུའི་ཕྱི་ཚུལ་གྱི་མཛེས་སྡུག་ཙམ་མ་ཡིན་པར་མང་ཚོགས་ཀྱི་གཏིང་རིམ་ལ་ཟུག་ཅིང་མང་ཚོགས་ཀྱི་བསམ་ངོ་ན་ཡལ་དུ་མེད་པའི་རྡོ་རིང་ལྟ་བུ་ཞིག་ཏུ་གྱུར་ཡོད།
ངས་ད་ལྟ་གསལ་པོར་དྲན་པ་ནི་ཁོང་གིས་ཕྱི་ལོ་ ༡༩༧༩ ལོ་ཡས་མས་ནས་ང་ཚོའི་སྡེ་བའི་ན་གཞོན་སྐོར་ཞིག་ལ་ཀ་ཁའི་སྦྱོར་ཀློག་ནས་བཟུང་སློབ་ཁྲིད་ཀྱི་མགོ་འཛུགས་མཛད། དེ་ཙམ་མ་ཟད་སྐབས་འདི་དག་ཏུ་ཁོང་གིས་སྨན་ཁང་ཆུང་ཆུང་ཞིག་ཚུགས་ཏེ་ནད་པར་བརྟག་དཔྱད་གནང་གི་ཡོད་པར་མ་ཟད། ནད་པ་ཚོར་བོད་ཤོག་གིས་བསྟིམ་པའི་སྨན་ཐུན་འགའ་ཤས་སྤྲོད་ཀྱི་འདུག སྐབས་དེར་ལོ་ཆུང་བས་དོ་སྣང་མ་བྱུང་ཡང་ཉེ་རིང་གི་ཡུལ་ལུང་མང་པོ་ཞིག་ནས་ཁོང་གི་སར་ནད་པ་རྒྱུན་མ་ཆད་པར་ཡོང་གི་འདུག་པ་ལ་གཞིགས་ན། ཁོང་གིས་ནད་པ་དེ་ཚོ་ལ་ཕན་ཐོགས་ངེས་ཅན་ཡོང་གི་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། ང་རང་ཆུང་ཆུང་ཡིན་པའི་སྐབས་ནས་ཁོང་གྲོང་སྡེའི་ནང་ནད་པ་དཀའ་ངལ་ཅན་སུ་ཞིག་གིས་རེ་བ་ཞུས་ཀྱང། ཐག་རིང་ཐུང་དང་ངོ་མཐོ་དམའ་སོགས་ཀྱི་ཁྱད་པར་ལ་མི་ལྟ་བར་འདོད་པ་བཞིན་བརྟག་དཔྱད་གནང་བར་ཕེབས་མཁན་ཞིག་ཡིན་པས། ཁོང་རང་བཞིན་གྱིས་མང་ཚོགས་ཁྲོད་བརྩི་མཐོང་ཆེན་པོ་ཡོད་མཁན་ཞིག་ཡིན། ངའི་ཕ་འདས་པོ་དང་ཁོང་ཚོ་འབྲེལ་བ་ཤིན་ཏུ་བཟང་བས་ཁོང་གི་མཛད་སྤྱོད་དང་གནང་སྟངས་མང་པོ་ཞིག་ང་ལ་ཆུང་དུས་ནས་རྒྱུས་མངའ་ཡོད། དུས་ཕྱིས་སུ་ཡང་ཁོང་གིས་སྒེར་གྱི་སྨན་ཁང་ཆུང་ཆུང་ཞིག་གཉེར་ནས་ནད་གཅོང་ཉམ་ཐག་རིགས་ལ་ཕན་ཐོགས་གང་ནུས་མཛད་བཞིན་པའི་གནས་ཚུལ་ཐོས་མྱོང།
ཕྱི་ལོ་ ༡༩༨༠ ལོར་ང་ཚོ་གྲོང་ཚོའི་སློབ་གྲྭ་ནས་གདོང་སྣེ་ཞང་གི་སློབ་ཆུང་ལ་ཞུགས་པའི་སྐབས་སུ་ཡང་ཁོང་གིས་ང་ཚོར་སློབ་ཁྲིད་གནང༌། ཁོང་གིས་སློབ་ཁྲིད་གནང་བའི་སྐབས་སུ་ཚིག་འབྲུ་རེ་རེ་བཞིན་ཏན་ཏན་ཏིག་ཏིག་གིས་བསླབས་ཏེ། སློབ་མ་ཡོངས་རྫོགས་ལ་ཉིན་རེའི་སློབ་ཚན་གང་སོང་བ་རྣམས་ཤེས་ཐབས་སུ་འབད་བརྩོན་ལྷོད་མེད་གནང་གི་ཡོད་སྟབས། ཞང་ཐོག་གི་བོད་རིགས་སློབ་མ་ཡོངས་རྫོགས་ཁོང་ལ་ཤིན་ཏུ་བརྩི་མཐོང་ཆེ་ཞིང་ལྷག་བསམ་ཟོལ་མེད་ཀྱིས་གུས་བཀུར་མི་ཞུ་མཁན་གཅིག་ཀྱང་མེད། ཁོང་གི་ཐུགས་གཤིས་ཤིན་ཏུ་སྒམ་པོ་དང་སྐད་ཆ་ཉུང་ངུ་ལས་མི་བཤད་མཁན་ཞིག་ཡིན་པར་མ་ཟད། ཁོང་གི་ཞལ་ནས་འཛུམ་འདང་མཐོང་རྒྱུ་ཤིན་ཏུ་དཀོན་པས་སློབ་གྲྭའི་ནང་གི་སློབ་མ་ཙམ་དུ་མ་ཟད། སྡེ་བའི་ནང་གི་མི་རྒན་རྣམས་ཀྱིས་ཀྱང་ཁོང་ལ་རང་བཞིན་གྱིས་འཚེར་སྣང་བྱ་དགོས་པ་ཞིག་ཡོད།
ཁོང་གིས་འཛིན་གྲྭའི་ནང་དུ་ང་རང་གིས་མཚོན་པའི་སློབ་མ་མང་པོ་ཞིག་ལ་ཡར་ལང་དུ་འཇུག་པ་དང༌། ཉེས་རྡུང་གཏོང་བ་སོགས་ཆད་ལས་མང་པོ་ཞིག་ལག་བསྟར་བྱེད་ཀྱི་ཡོད་ཀྱང༌། ང་ཚོས་ཁོང་གི་བྱམས་བརྩེ་དང་ཕན་སེམས་ཚོར་གྱི་ཡོད་པས་ཡིན་ནམ་གང་ལྟར་ཡང་ཁོང་གི་ཆད་ལས་ལ་མ་རང་བའི་རྣམ་འགྱུར་ཙམ་ཡང་སྟོན་མཁན་གཅིག་ཀྱང་མེད། དེ་ལས་རྒྱ་རིགས་དགེ་རྒན་འགའ་ཤས་ལ་ང་ཚོས་སློབ་ཁྲིད་དང་ལེན་མི་བྱེད་པར་མ་ཟད། རྙོག་གླེང་སྣ་ཚོགས་བྱེད་ཀྱི་ཡོད་སྟབས་རྒྱ་རིགས་བུད་མེད་དགེ་རྒན་འགའ་ཤས་འཛིན་ཁང་ནས་མིག་ཆུ་འདོན་བཞིན་བྲོས་འགྲོ་བ་སྐབས་མང་པོ་ཡོང་གི་ཡོད།
ཁོང་གིས་ཉིན་གང་པོར་སློབ་ཆུང་དུ་ང་ཚོ་འཛིན་གྲྭ་འགའ་ཤས་ཡོད་པ་ལ་སློབ་ཁྲིད་གནང་གྲུབ་རྗེས་དགོང་མོ་ལྕགས་རྟ་ཞིག་ཞོན་ནས་ཕྱིར་ཁྱིམ་དུ་ལོག་འགྲོ་གི་ཡོད། ཁོང་གིས་བོད་ལྭ་སྨུག་གནག་ཅིག་མནབ་ནས་ལྕགས་རྟ་ཞོན་ཏེ་ཕེབས་ཀྱི་ཡོད་པ་ད་ལྟ་ཡང་ངའི་མིག་ལམ་དུ་གསལ་པོ་འཆར་ཡོང་གི་འདུག འདི་ལྟར་ཁོང་གིས་གདོང་སྣེ་ཞང་གི་སློབ་ཆུང་ནང་དུ་བོད་ཡིག་དགེ་རྒན་གྱི་ཐུགས་འགན་བཞེས་པ་ནས་བཟུང༌། དེ་སྔ་ལོ་རྒྱུས་ནང་སྒྲིག་འཛུགས་ཡོད་པའི་ཐོག་ནས་བོད་ཡིག་གི་སློབ་ཁྲིད་དར་མ་མྱོང་བ་ལྟ་བུའི་གྲོང་ཚོ་མང་པོའི་ནང་བོད་ཡིག་འབྲི་ཀློག་ཐུབ་པའི་ན་གཞོན་མང་པོ་གསོ་སྐྱོང་མཛད་ཐུབ་ཡོད་ལ། སྐབས་དེར་ཁོང་གི་ས་ནས་སྨན་གྱི་སློབ་ཁྲིད་ཞུ་མཁན་འགའ་ཤས་ཀྱང་ཡོད། ཁོང་གིས་ཀ་ཁ་ནས་བསླབས་ཏེ་བསྐྱེད་བསྲིང་མཛད་པའི་སློབ་ཕྲུག་དེ་དག་ལས་དེང་སང་སློབ་གྲྭ་ཆེ་ཆུང་གི་དགེ་རྒན་དང༌། གཞུང་གི་ལས་གནས་མ་འདྲ་བ་སྣ་ཚོགས་པའི་ལས་བྱེད། གཞུང་སྒེར་གྱི་སྨན་ཁང་གི་སྨན་པ་དང་འཛིན་སྐྱོང་ལས་བྱེད། དགོན་སྡེ་ཁག་གི་དགེ་རྒན་གྱིས་མཚོན་པའི་ལས་རིགས་སྣ་ཚོགས་ཐོག་ཕན་ནུས་ཅན་གྱི་མི་སྣ་མང་པོ་བྱུང་ཐུབ་ཡོད།
ཁོང་བརྡ་སྤྲོད་དང༌། སྙན་ངག རྒྱལ་རབས་ལོ་རྒྱུས། གསོ་རིག བཟོ་རིག་བཅས་བོད་ཀྱི་རིག་གནས་ཆེ་ཆུང་མང་པོ་ཞིག་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རྒྱ་ཅན་ཞིག་ཡིན་པས། ཁོང་དཔལ་འབྱོར་དང་རང་ཉིད་ཀྱི་འཚོ་བ་རྐྱང་པ་ལ་དང་དོད་བྱེད་མཁན་ཞིག་ཡིན་ན། སྐབས་དེ་དག་ཏུ་རྒྱལ་ཁབ་གཞུང་གི་ཟླ་ཕོགས་བླངས་ནས་རྒྱ་གྲོང་འགྲིམས་རྒྱུར་དཀའ་ངལ་གཏན་ནས་མེད་ཀྱང། ཁོང་གཏན་དུ་མང་ཚོགས་ཀྱི་ཁྲོད་དུ་བཞུགས་ཤིང་སློབ་གསོའི་ཁ་མང་ཚོགས་ལ་ཕྱོགས་ཏེ། མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་སྤྱོད་ལམ་ཡ་རབས་ཚུལ་མཐུན་ཡོང་བར་བྱེད་སྒོ་སྣ་ཚོགས་མཚམས་མ་ཆད་པར་ལག་བསྟར་བྱས་ཡོད།
ལོ་ཚིགས་གསལ་པོ་མ་ངེས་ཀྱང་ཆོས་སྒོ་ཕྱེ་མ་ཕྱེའི་མཚམས་ཤིག་ལ་ཁོང་གིས་གཞོན་སྐྱེས་ཕོ་མོ་མང་པོ་ཞིག་ལ་ཡི་གེ་སློབ་ཁྲིད་གནང་བའི་ཞོར་དུ། རྒྱལ་པོ་དྲི་མེད་ཀུན་ལྡན་དང༌། མཁའ་འགྲོ་མ་འགྲོ་བ་བཟང་མོ། ཆོས་རྒྱལ་སྲོང་བཙན་སྒམ་པོ་བཅས་ཀྱི་འཁྲབ་གཞུང་གསར་རྩོམ་མཛད་པའི་ཐོག འཁྲབ་ཁྲིད་པའི་འགན་ཡང་ཁོང་རང་ཉིད་ཀྱིས་བཞེས་ཏེ་ཡུལ་ཚོའི་ནང་གི་གཞོན་སྐྱེས་ཕོ་མོ་ལྔ་བཅུ་ནང་ཞིག་ལ་འཁྲབ་ཁྲིད་གནང༌། འཁྲབ་ཁྲིད་གནང་ས་དང་འཁྲབ་ཆས་གསར་བཟོ་བྱེད་སར་ང་ཚོའི་བྱིས་པ་རྣམས་རྒྱུན་པར་ལྟད་མོར་ལྟ་བར་འགྲོ་བའི་སྐབས། རྒྱལ་པོའི་འཁྲབ་ཆས་དང༌། བཙུན་མོའི་འཁྲབ་ཆས། བློན་པོའི་འཁྲབ་ཆས། ཡུལ་ལུང་མ་འདྲ་བའི་མི་སྣའི་འཁྲབ་ཆས། སྲིན་པོ་དང་སྲིན་མོའི་འབག་མགོ། སློང་མོ་བའི་འཁྲབ་ཆས་བཅས་ཡོངས་རྫོགས་ཁོང་གིས་ལག་བསྟར་ནས་བཟོ་སྐྲུན་བྱེད་ཀྱི་ཡོད།
འཁྲབ་ཁྲིད་དང་འཁྲབ་ཆས་བཟོ་སྐྲུན་གྱི་ལས་དོན་ཡོངས་སུ་གྲུབ་པ་ནས་རྒྱུན་དུ་ལོ་གསར་གྱིས་མཚོན་པའི་དུས་ཆེན་དང་མང་ཚོགས་འདུ་འཛོམས་སྐབས་མང་ཆེ་བར་གོང་གསལ་གྱི་འཁྲབ་གཞུང་དེ་དག་འཁྲབ་སྟོན་བྱེད་ཀྱི་ཡོད། ཐོག་མའི་སྐབས་ང་ཚོའི་གྲོང་ཚོ་མས་ཡས་ཙམ་མ་གཏོགས་ཐག་རིང་པོར་འཁྲབ་སྟོན་བྱེད་པར་འགྲོ་དགོས་ཀྱི་མེད་ཀྱང༌། ཕྱིས་སུ་རིམ་པས་འཁྲབ་སྟོན་འདི་དག་སྐད་གྲགས་ཆེན་པོར་གྱུར་ཏེ་གཤོག་ཀ་ཕན་ཚུན་དང་ཉེ་འཁོར་གྱི་རྫོང་ཁག་མང་པོས་ཀྱང་མང་ཚོགས་ལས་གྲུབ་པའི་འཁྲབ་སྟོན་རུ་ཁག་དེ་གདན་ཞུས་ཀྱིས་གང་སར་འཁྲབ་སྟོན་བྱེད་འཇུག་གི་ཡོད།
འཁྲབ་སྟོན་འདི་དག་སྐད་གྲགས་ཆེན་པོར་ཆགས་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། སྐབས་དེར་འཁྲབ་སྟོན་འདི་རིགས་ཤིན་ཏུ་ཉུང་བའི་རྒྱུ་མཚན་གྱིས་ཡིན་པ་སྨོས་མ་དགོས་ཀྱང། རྒྱུ་མཚན་གཞན་པ་འགའ་ཤས་ཡོད་པ་ནི། འཁྲབ་གཞུང་གནད་བསྡུས་མགོ་མཇུག་ཚང་བ་ཞིག་རྩོམ་སྒྲིག་མཛད་ཡོད་པར་མ་ཟད། འཁྲབ་ཆས་ཀྱང་འཁྲབ་སྟོན་མི་སྣ་སོ་སོའི་གནས་བབ་དང་འཚམས་པའི་མཛའ་ཞིང་རན་པ་ཞིག་བཟོ་བསྐྲུན་བྱེད་ཐུབ་ཡོད་ལ། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་འཁྲབ་སྟོན་མི་སྣ་འདེམས་སྒྲིག་བྱེད་སྟངས་ཤིན་ཏུ་ལེགས་པོ་བྱུང་ཡོད་པ་བཅས་ཀྱིས་རེད་སྙམ། ད་ལྟའི་གནས་སྟངས་ཀྱི་ཐོག་ནས་བལྟས་ན་འཁྲབ་སྟོན་འདི་དག་སྒྱུ་རྩལ་དང་འཁྲབ་ཆས་གང་ཅིའི་ཐད་ནས་ཤིན་ཏུ་ཕུན་སུམ་ཚོགས་པར་མཐོང་གི་ཡོད་མེད་གང་ལྟར་ཡང༌། སྐབས་དེའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་དཔག་པའི་ལྟ་འདོད་ཆེ་བའི་འཁྲབ་སྟོན་མཚར་སྡུག་ལྡན་པ་ཞིག་དང༌། བསམ་བློར་འཇུག་བདེ་བའི་ཀུན་སྤྱོད་ཀྱི་སློབ་ཚན་ཡིད་དབང་འཕྲོག་པ་ཞིག་ཡིན་པ་ང་རང་ཉིད་ཀྱིས་མྱོང་བས་བདེན་དཔང་བྱེད་ཐུབ།
འཁྲབ་སྟོན་འདི་དག་བརྒྱུད་ནས་སྤྱི་ཚོགས་གསར་པའི་ནང་གཞི་ནས་འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་མང་པོ་ཞིག་ལ་ཆོས་ལུགས་དང༌། རིག་གནས། ཡ་རབས་བཟང་སྤྱོད་བཅས་གང་ཅིའི་ཐད་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་ཡོད། འཁྲབ་སྟོན་འདི་དག་གི་མིག་ལྟོས་ལྟ་བུས་སྐབས་ཤིག་ནས་གྲོང་ཚོའི་ནང་གི་བྱིས་པ་ཚོའི་རྩེད་མོའི་རྣམ་པ་དང་ནང་དོན་གཉིས་ཀར་འགྱུར་བ་ཕྱིན་ཏེ། སྔོན་གྱི་རྣམ་ཐར་དང་ལོ་རྒྱུས་ཀྱི་མི་སྣ་འཁྲབ་སྟོན་བྱེད་པ་ནི་བྱིས་པ་ཚོའི་རྩེད་མོའི་ནང་དོན་གཙོ་བོར་གྱུར་ཅིང། འདིས་བྱིས་པ་མང་པོ་ཞིག་གི་བསམ་བློ་གཏོང་སྟངས་དང་མི་ཚེའི་འཚོ་བ་ལ་ཤུགས་རྐྱེན་ཐེབས་ཡོད་པ་སྨོས་མ་དགོས། ཕྱིས་སུ་མང་ཚོགས་ཀྱི་མངོན་འདོད་ལྟར་སྣང་ས་འོད་འབར་སོགས་ཀྱང་འཁྲབ་སྟོན་ཞུས་འདུག་པར་མ་ཟད། སྔ་ལོ་ནས་གེ་སར་གྱི་གླིང་སྒྲུང་ཚན་པ་འགའ་ཤས་འཁྲབ་ཁྲིད་གནང་བཞིན་པའི་མུར་ཁོང་སྐུ་གཤེགས་འདུག
ཕྱི་ལོ་ ༡༩༧༩ ལོར་སྲིད་བྱུས་ཕྲན་བུ་གུ་ཡངས་སུ་གྱུར་པའི་སྐབས་དང་བསྟུན་ནས། བར་ལམ་བཅོས་སྒྱུར་དང་རིག་གནས་གསར་བརྗེ་ཆེན་མོའི་ལོ་ངོ་ཉི་ཤུ་ལྷག་རིང་གཟའ་རུ་དང་ཚོང་རུས་མཚོན་པའི་ཉེ་འཁོར་གྱི་གྲོང་སྡེ་ཁག་གི་ནང་གྲྭ་པ་སྐྱ་སར་བབས་པ་གང་འཚམས་ཡོད་པ་རྣམས་དང༌། སྔ་མོ་སྔགས་སྡེའི་ནང་ཞུགས་མྱོང་བའི་བགྲེས་སོང་ཡང་གང་འཚམ་ཡོད་པ་བཅས་ཟླ་རེའི་ཚེས་བཅུའི་ཉིན་ལྷན་འཛོམས་བྱེད་པའི་སྔགས་སྡེའི་ཆོས་ཚོགས་ལྟ་བུ་ཞིག་གསར་འཛུགས་མཛད། ཐོག་མའི་སྐབས་གཤོག་ཀ་གཉིས་ཀའི་སྔགས་པ་བསྡོམས་པའི་གྲངས་བདུན་ཅུ་ཙམ་ཡོད་ཚོད་ཡིན་ཞིང། སྔགས་སྡེའི་སྒྲིག་འཛུགས་དང་འདོན་སྒྲིག་གང་ཅི་འཐུས་སྒོ་ཚང་བ་ཞིག་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ཐེ་བོའི་ཁོག་ཏུ་ཕེབས་པའི་སྐབས་སྔགས་པ་རྣམས་ཀྱིས་གཟན་དཀར་གྱོན་ཏེ་ཕེབས་བསུ་ཞུས་པར་ཀུན་གཟིགས་རིན་པོ་ཆེས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་ཀྱང་ཕེབས་ཡོད། དུས་དེ་ནས་ད་བར་ཁོང་གིས་སྔགས་སྡེའི་མཁན་པོ་ལྟ་བུའི་འགན་གཙོ་བོ་བཞེས་ཏེ་ཚེས་བཅུ་གཏན་ནས་ཆད་མྱོང་མེད།
ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་དུ་གཉེན་འཕྲད་དུ་ཕེབས་པའི་སྐབས་༸གོང་ས་ྋརྒྱལ་བ་རིན་པོ་ཆེ་དང༌། ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སོགས་ལ་མཇལ་བའི་སྐལ་བཟང་ཐོབ་པར་མ་ཟད། ྋསྐྱབས་མགོན་ཀིརྟི་རིན་པོ་ཆེའི་བཀའ་འབྲེལ་ལྟར་རེ་མདོའི་སྡེ་འདབས་སུ་བདུད་འདུལ་མཆོད་རྟེན་སློབ་དཔོན་གུ་རུ་སམབྷ་བ་རྟེན་གཙོ་བོར་བཞུགས་པ་ཆེ་ལེགས་ཐིག་ཚད་ལྡན་པ་ཞིག་གསར་བཞེངས་ཞུས། འདིའི་མིག་ལྟོས་ལྟ་བུས་གཟའ་ཚོང་གིས་མཚོན་པའི་ཕྱོགས་འདིའི་ཡུལ་གྲུ་མང་པོ་ཞིག་གི་སྡེ་འདབས་སུ་མཆོད་རྟེན་བཞེངས་པའི་སྲོལ་དར་ཁྱབ་ཆེན་པོ་བྱུང་སྟེ། དེང་སང་གཟའ་ཚོང་དང་ཐེ་བོའི་ཕྱོགས་ཀྱི་གྲོང་སྡེ་རྣམས་སུ་མཆོད་རྟེན་ཞིག་མ་བཞེངས་མཁན་མེད་པ་ལྟ་བུ་ཡིན།
དེང་སང་མཁས་དབང་ཡིན་ཟེར་ནས་མགོ་འཕྲེད་དུ་ཁུར་ནས་འགྲོ་མཁན་འགའ་ཤས་ཀྱི་རྣམ་དཔྱོད་དང་ཤེས་རྒྱ་ལ་བལྟས་ན། གང་ཤེས་པ་རྣམས་ལྷག་བསམ་རྣམ་དག་གིས་མང་ཚོགས་ཀྱི་ཕན་བདེའི་ཆེད་དུ་བསྟིམས་ཤིང། གྲོང་མི་དཀྱུས་མའི་ཚུལ་དུ་གནས་པའི་རེ་མདོའི་ཨ་སྐལ་ནི་མཁས་དབང་ངོ་མ་ཞིག་རེད་སྙམ་པ་རྒྱུན་དུ་ཡོང་གི་ཡོད། རྒྱུ་མཚན་ནི། ཁོང་སྒྲ་དང་སྙན་ངག་ལ་འཆད་རྩོམ་གང་འདྲ་ཞིག་བྱེད་དགོས་ཀྱང་ཐོགས་པ་མེད་པ་ཞིག་ཡིན་ལ། སྨན་གྱི་གཞུང་ལུགས་དང་ལག་ལེན་གཉིས་ཀར་བྱང་ཆ་ལྡན། རྒྱལ་རབས་ལོ་རྒྱུས་བཤད་དགོས་ན་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་ནས་བཟུང་ཁྱིམ་ཚང་རེ་རེ་ལ་ཐུག་གི་བར་གྱི་བྱུང་བ་ཤིན་ཏུ་ཞིབ་ཚགས་དང་ཁུངས་ལུང་ལྡན་པ། རང་ཉིད་ལ་ལོ་རྒྱུས་ཀྱི་ལྟ་བ་ཡོད་པའི་ཐོག་ནས་ཡིད་དབང་འཕྲོག་པ་ཤོད་ཐུབ་མཁན་ཞིག་ཡིན། བཟོ་རིག་ལ་མཚོན་ན་ཐང་བྲིས་དང༌། འབུར་སྐུ། འབག་བཟོ། བརྐོས་རིས། ཚེམ་བཟོ་བཅས་གང་འདྲ་ཞིག་ཡིན་ན་ཡང་ཐོགས་པ་མེད་པ་ཞིག་ཡིན། ནང་དོན་རིག་པ་ལ་མཚོན་ན་གསང་སྔགས་འགྱུར་གྱི་ཆོས་གཞུང་ཁག་ལ་རྒྱུས་མངའ་ཆེ་ཞིང་ཀུན་བཟང་བླ་མའི་ཞལ་ལུང་ཉམས་ལེན་གྱི་མཐིལ་དུ་མཐིལ་དུ་མཛད།
མདོར་ན། ཁོང་གི་སློབ་སྦྱོང་བརྒྱུད་རིམ་ང་ལ་གསལ་ཁ་མེད་ཀྱང་ཁོང་གིས་སྐུ་ཚེ་ཧྲིལ་པོར་ཤིན་ཏུ་ཁ་ཁུ་སིམ་པོའི་ཐོག་ནས་རིག་གནས་སློབ་ཁྲིད་དང༌། ནད་པར་བརྟག་དཔྱད་དང་སྨན་སྦྱིན། འཁྲབ་གཞུང་གསར་རྩོམ་དང་འཁྲབ་ཁྲིད། ལྷ་ཁང་དང་མཆོད་རྟེན། སྐུ་གསུང་ཐུགས་རྟེན་གསར་བཞེངས། སྐྱ་བོའི་ཆོས་བྱེད་མཁན་ཚོའི་དགོས་མཁོ་དང་བསྟུན་ནས་སྔགས་སྡེ་བསྐྱར་གསོ་བྱེད་པ་སོགས་ནམ་ཡང་མང་ཚོགས་ཀྱི་དྲན་ངོ་ནས་ཡལ་མི་ཐུབ་པའི་མཛད་རྗེས་རླབས་ཆེན་བཞག་ཡོད།
མཚམས་སྦྱོར་གྱི་རྩོམ་ཡིག་འདི་ནི་དགུང་ལོ་བརྒྱད་ཅུ་གྱ་བཞིར་སོན་པའི་རེ་མདོའི་ཨ་སྐལ་ཉེ་བའི་ཕྱི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་འདས་གྲོངས་སུ་ཕྱིན་འདུག་པ་དང། སང་ཉིན་ཏེ་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡ ཚེས་ ༢༢ ཉིན་ཕུང་པོ་ཞུགས་འབུལ་བྱ་རྒྱུ་ཡིན་པའི་གནས་ཚུལ་འབྱོར་འཕྲལ་དེ་རིང་རེས་གཟའ་སྤེན་པའི་དགོང་མོར་ཁོང་གི་སློབ་ཁྲིད་ཐོབ་མྱོང་བའི་རེ་མདོ་པ་དཀོན་མཆོག་སེངྒེ་ནས་འཕྲལ་མར་བྲིས།
ཐུགས་རྗེ་ཆེ་ཡག་པོ་བྲིས་གནང་འདུག ཁོང་སླར་ཡང་བོད་རིགས་ཁྱིམ་ཚང་ཡ་རབ་ཞིག་ནས་སྐྱེས་ཏེ།བོད་མི་རིགས་ལ་ཞབས་ཞུ་བྱེད་མཁན་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད།
དམ་པའི་མཛད་རྗེས་ལ་ཡི་རངས་དང་མྱ་ངན་ཞུ།
ཨ་ཁུས་རྗེས་དྲན་དང་ངོ་སྤྲོད་རྩོམ་ཡིག་ཧ་ཅང་ཡག་བྱུང་། བཀའ་དྲིན་ཆེ་ཞུ།
༅༅། ཁྱེད་ནས་བོད་མི་རིགས་སེམས་ནང་བཞག་ནས་སྤྱི་ཚོགས་ཞབས་འདེགས་གང་ཡག་ཞུས་པར་།
བསྔགས་བརྗོད་ཞུ། མཐའ་མ་སྐྱེ་པའི་མཐའ་མ་འཆི་རྒྱུ་ཡིན་པ་ངེས་པར་སོང་སེམས་མི་བདེ་བ་བྱས་ནས་
ཅི་ལ་ཕན། ཁྱེད་བོད་པའི་མི་རིགས་སུ་སྐྱེ་པ་ཤོག་ རྒྱུན་དུ་སྨོན་ལམ་འདེབས།
རེ་མདོ་སེང་གེ་ལགས།
ཁོང་ལ་གསུང་རྩོམ་རེ་ཡོད་ན་མཁོ་འདོན་གནང་རོགས། གསུང་རྩོམ་ཆ་ཤས་རེ་ཡིན་ཡང་གནང་རོགས། མཁས་པ་ཁོང་ཅག་གི་རྣམ་དཔྱོད་ཀྱི་ཟུར་ཙམ་མཇལ་བར་གསུང་དུམ་རེ་ཡོད་ན་ཕན་པར་འདུག རྒྱལ་པོ་དྲི་མེད་ཀུན་ལྡན་དང༌། མཁའ་འགྲོ་མ་འགྲོ་བ་བཟང་མོ། ཆོས་རྒྱལ་སྲོང་བཙན་སྒམ་པོ་བཅས་ཀྱི་འཁྲབ་གཞུང་འདྲ་པོ་ཡིན་ནའང་མཁོ་འདོན་གནང་རོགས།
ཤིན་ཏུ་སྙན་པོ་བྱུང་། བཀའ་དྲིན་ཆེ། མིང་གྲགས་མེད་ཀྱང་དོན་ལ་ཤེས་ཡོན་གྱི་ལྗིད་ཁོག་ཆེན་པོ་ཡོད་པའི་བོད་པ་རྒན་རབས་འདི་ལྟ་བུ་ད་དུང་ང་ཚོ་བོད་ཕྱི་ནང་གི་གཉུག་མར་གནས་པའི་སྤྱི་ཚོགས་ཀྱི་གྲུ་ག་གང་ཞིག་ཏུ་ཡོད་སྲིད་པས་དེ་ཚོའི་ལོ་རྒྱུས་རྩོམ་ཡིག་གི་ངོ་བོར་འགོད་རྒྱུ་གལ་ཆེན་པོར་མཐོང་། ངའི་སྐྱེས་ཡུལ་
་ན་ཆུ་ཁ་བ་ལོ་ཞེས་འབོད་པའི་མི་རྒན་ལག་ཐབས་པ་ཞིག་ཡོད། ཁོང་རང་བཞིན་ཉིད་ཀྱིས་མིའི་རུས་སྒོམ་བཅོས་སྟངས་ལ་ཤིན་ཏུ་མཁས་པ་ཞིག་རེད། གྲོང་སྡེའི་མི་སུ་ཞིག་ལ་ལུས་ཀྱི་རུས་པ་གང་ཞིག་ལ་ཆག་སྐྱོན་དང་། ཚིགས་འགྱུར་ལྟ་བུ་བྱུང་ཚེ་ཁོང་ལ་སྟོན་གྱི་རེད། ཁོང་གིས་བཅོས་སྐབས་སྐྱོན་ཤོར་སའི་ཐད་ཀའི་ལུས་སྟེང་ནས་ཕྱག་གིས་ཉུག་ཉུག་འགའ་གནང་རྗེས་མེ་བཙའ་ཕྲ་མོ་ཞིག་འཇོག་གི་རེད། ཕྱག་གིས་ནད་ཐོག་ནས་ཉུག་སྐབས་ཁྱོན་ནས་མི་ན། མེ་བཙའང་དེ་ཙམ་ཚ་བོ་མ་རེད། ཡིན་ནའང་རུས་པ་ཆག་ཀྲུམ་སླར་སྒྲིག་པ་དང་། ཚིགས་འགྱུར་ཡིན་ན་ཚིགས་ལེགས་པོར་ཞོག་པའི་ཧྲིག་སྒྲ་ལྟ་བུ་གྲགས་རྒྱུ་ཡོད། ཁོང་ཐུགས་གཤིས་ཤིན་ཏུ་འཇམ་པོ། སེམས་པ་བཟང་བོ། མངོན་ལྐོག་མེད་པར་ཁ་རུ་ཁ་ཐུག་ཅིག་ཡོད་པ་རེད། བར་སྐབས་ཤིག་ནས་རྫོང་དང་ཁུལ་རིམ་པའི་ལས་བྱེད་དག་ཀྱང་རླངས་འཁོར་བཏང་ནས་ཁོང་གི་སར་ལུས་བཅོས་གཏོང་བར་ཡོང་གི་ཡོད་པ་ཡང་ཡང་མཐོང་རྒྱུ་ཡོད། ད་ཁོང་སྔ་མོ་ཞིག་ནས་སྐུ་གྲོངས་ཚར་ཡོད་རྒྱུ་རེད། མི་རྒན་རབས་འདི་ཚོའི་ངོས་ན་ང་ཚོས་སློབ་དགོས་པའི་ཤེས་བྱ་གསེར་འདྲ་བ་མང་བོ་ཡོད་ནའང་། ནོར་བུ་རང་ལ་ཡོད་སྐབས་ནོར་ངོས་མ་ཟིན། ནོར་བུ་གཞན་ལ་ཤོར་སྐབས་ཕྱིས་ཚར་འདུག ཨ་རོགས་གྲོགས་པོ་ད་བདེ་མོ་གྱིས།
སྐུ་གཤེགས་སྐལ་བཟང་སྐྱབས་ལེགས་ཀྱི་མཛད་སྤྱོད་ཀྱིས་བློ་ལྡན་མང་པོ་ཞིག་ཁོང་གི་མཛད་པའི་ལད་མོར་བྱེད་པ་ལ་ཕན་ཐོགས་འབྱུང་ངེས་པས་རེ་མདོ་པ་དཀོན་མཆོག་སེངྒེ་ལེགས་ལ་ཐུགས་རྗེ་ཆེའོ།
ཐུགས་སྣང་མཛད་མཁན་མང་པོ་བྱུང་བར་ཐུགས་རྗེ་ཆེ། ད་ནངས་བསྐྱར་དུ་མིག་བཤེར་བྱེད་པའི་སྐབས་ཡི་གེ་འགའ་ཤས་བཏགས་ནོར་བྱུང་འདུག་པས་བཟོད་གསོལ་ཞུ།
ད་དུང་ཁོང་གི་གསུང་རྩོམ་ཕྱོགས་སྒྲིག་བྱས་པ་དེ་འདྲ་མི་འདུག
རེ་མདོ་ཨ་སྐལ་གྱི་ལོ་རྒྱུས་དེ་ཐུང་ཐུང་ཞིག་ལས་མེད་ཀྱང་ཁོང་གི་མི་ཚེའི་སྡོམ་ཚིག་ལྟ་བུ་རེད་འདུག མི་སྒེར་བ་ཞིག་གིས་རྒྱུ་དངུལ་སྐད་གྲགས་ལ་མ་བསམ་ནས་སྤྱི་ཕན་གྱི་ལས་དོན་རླབས་ཆེན་བསྒྲུབས་ཚུལ་ལ་བལྟས་དུས་ཡིད་སྨོན་དང་སེམས་འགུལ་ཐེབས་པ་ཞིག་བྱུང་སོང་། གྲགས་པ་ཆུང་ཡང་མཛད་རྗེས་ཆེ་བའི་རེ་མདོ་ཨ་སྐལ་ལགས་འདས་གྲོངས་སུ་གྱུར་པར་སྙིང་ནས་རྗེས་དྲན་ཞུ། གོང་གི་རྩོམ་ཡིག་སྤེལ་མཁན་སྐུ་ཞབས་རེ་མདོ་སེང་གེར་བཀའ་དྲིན་ཆེ་ཞུ་བ་ཡིན།
༅༅། བོད་ལྗོངས་སྐུ་བགྲེས་རྣམ་པ་རྒྱལ་ཞེན་ཆེ།
ཐུགས་གཤིས་བཟང་ཞིང་བྱམས་བརྩེ’་དྲི་མ་བྲལ།
ཡ་རབས་སྤྱོད་བཟང་ལྡན་ལ་གཙང་ཞིང་དྲང་།
འདི་ནི་མ་བཅོས་བཙན་པོའི་གདུང་རྒྱུད་དོ།
དོན་སྙིང་ཡོད་ཁུ་ཐུགས་རྗེ་ཆེ