གནས་ཚུལ་གཏོང་མཁན། ལྗང་རླུང་རྩོམ་སྒྲིག་ཁང་གིས།
ངེད་ལྗང་རླུང་ཚོགས་པ་ནི། སྤྱི་ལོ་ ༢༠༠༧ ལོར་སེ་ར་ཐེག་ཆེན་གླིང་སེར་བྱེས་བྱ་བྲལ་ཁམས་ཚན་གྱི་གྲྭ་རྐྱང་འགས་རྩ་འཛུགས་བྱས་པའི་ཁེ་མེད་རིག་གཞུང་གི་ཚོགས་པ་ཞིག་ཡིན། ད་ལོར་ལོ་བཅུ་ཏག་ཏག་འཁོར་ཡོད། ལྗང་རླུང་དངོས་སུ་ཚུགས་ནས་ལོ་བཅུ་འགོར་བའི་དུས་ཆེན་དང་སྟབས་བསྟུན། ངེད་ཚོས་བོད་མི་རིགས་ལ་དཔེ་ཀློག་གི་འདུ་ཤེས་བཟང་པོ་ཞིག་འཇགས་ཐུབ་དང་། ཤེས་ཡོན་གྱི་སྤུས་ཚད་བསྐྲུན་ཐབས། དེབ་ཀྱི་བཀླགས་བྱང་འབྲི་བའི་ལམ་སྲོལ་དར་ཐབས་བཅས་སུ་དམིགས་ནས་ལྗང་རླུང་དཔེ་ཀློག་བྱ་འགུལ་ཆེན་མོའི་གསལ་བསྒྲགས་བྱེད་ཀྱིན་ཡོད།
གཅིག ཆ་རྐྱེན།
ལྗང་རླུང་དཔེ་ཀློག་བྱ་འགུལ་ལ་ཞུགས་པར། གྲུབ་མཐའ་མེད། ཆོལ་ཁ་མེད། ཕོ་མོ་མེད། ཁྱེད་ལ་བོད་ཡིག་འབྲི་ཀློག་གི་ནུས་པ་ཡོད་པ་གཅིག་བུས་ཁྱེད་རང་བྱ་འགུལ་འདིར་ཞུགས་ཆོག་པ་ཡིན།
གཉིས། དུས་ཚོད།
ལྗང་རླུང་དཔེ་ཀློག་བྱ་འགུལ་ཆེན་མོ་ནི། ལོ་གཅིག་རིང་སྤེལ་རྒྱུའི་དཔེ་ཀློག་བྱ་འགུལ་ཞིག་ཡིན། བོད་རྒྱལ་ལོ ༢༡༤༤ ལོའི་ཟླ་དང་པོ་ཚེས་གཅིག་ནས་བོད་རྒྱལ་ལོ་ ༢༡༤༥ ལོའི་ཟླ་དང་པོའི་ཚེས་གཅིག་བར་ཡིན།
གསུམ། གྲུབ་འབྲས།
ལོ་གཅིག་འཁོར་མཚམས། ལྗང་རླུང་དཔེ་ཀློག་བྱ་འགུལ་ཁྲོད་དཔེ་ཆ་བཀླགས་གྲངས་ཞིབ་བཤེར་གྱིས་བྱ་དགའ་འབུལ་རྒྱུ་ཡིན།
༡༽ ལྗང་རླུང་ཕུལ་བྱུང་དཔེ་ཆ་བ།
ཁྱེད་རང་ལྗང་རླུང་ཕུལ་བྱུང་དཔེ་ཆ་བར་གྱུར་ཚེ། ལྗང་རླུང་ཕུལ་བྱུང་དཔེ་ཆ་བའི་གཟེངས་རྟགས་དང་། ཨ་སྒོར་སྟོང་གཅིག་གི་གསོལ་རས་འབུལ་རྒྱུ་ཡིན། ལྗང་རླུང་ཕུལ་བྱུང་དཔེ་ཆ་བར་འགྱུར་བ་ལ། ལོ་གཅིག་རིང་དཔེ་ཆ་བརྒྱ་བཀླག་དགོས་པ་མ་ཟད། བཀླགས་བྱང་ཡང་བརྒྱ་འབྲི་དགོས། དཔེ་ཆའི་བརྗོད་དོན་དང་ཡིག་རིགས་ལ་ཁྱད་པར་ཅི་ཡང་མེད། ཡིན་ནའང་། བཀླགས་བྱང་ངེས་པར་བོད་ཡིག་གིས་འབྲི་དགོས།
༼ ༡ ཤོག་ངོས་བརྒྱ་མ་ལོངས་ན་དེབ་གྲལ་དུ་བརྩི་རྒྱུ་མིན། ཤོག་ངོས་བཞི་བརྒྱ་ཅན་གྱི་དེབ་གཅིག་ཡིན་ན་དེབ་གཉིས་དང་། ཤོག་ངོས་དྲུག་བརྒྱ་ཅན་ཞིག་ཡིན་ན་དེབ་གསུམ། ཤོག་ངོས་༣༩༩ ཡོད་ཀྱང་ཤོག་ངོས་བཞི་བརྒྱར་ལོངས་མེད་པས་དེབ་གཅིག་ལ་ངོས་འཛིན་པ་ཡིན། བཞི་བརྒྱ་ཡན་ནས་ཉིས་བརྒྱ་རེའི་མཚམས་དེབ་གཅིག་རེ་བཀླག་པར་ཁ་སྣོན་བྱེད་རྒྱུ་ཡིན། ཤོག་བུའི་ཆེ་ཆུང་ལ་ཁྱད་པར་ཅི་ཡང་མེད།
༢ བཀླགས་བྱང་རེ་ལ་ཉུང་མཐའ་ཡི་གེའི་ཚེག་ཁྱིམ་༡༠༠༠དགོས། དེ་བཞིན་ཤོག་ངོས་བཞི་བརྒྱ་ཅན་གྱི་དེབ་ཅིག་ཡིན་ན་བཀླགས་བྱང་ལ་ཡི་གེའི་ཚེག་ཁྱིམ་༢༠༠༠དགོས་པ་ཡིན། ལྷག་པར་ཀློག་པ་པོ་རང་རང་གི་མི་གཞི་དཔང་ལ་བཞག་ནས། ད་རེའི་འགྲན་ཞུགས་ནང་སྤེལ་བའི་བཀླགས་བྱང་དང་བཀླགས་པའི་དཔེ་ཆ་རིལ་གྱིས་དུས་བཅད་ནང་བཀླགས་པ་དང་བྲིས་པ་རྐྱང་ལས་ལོ་སྔོན་མར་བྲིས་པ་དག་འགྲན་བསྡུར་ནང་མི་བཙུད་པར་མཁྱེན།༽
༢༽ ལྗང་རླུང་དཔེ་ཆ་བ།
ཁྱེད་རང་ལྗང་རླུང་དཔེ་ཆ་བར་གྱུར་ཚེ། ལྗང་རླུང་དཔེ་ཆ་བའི་གཟེངས་རྟགས་དང་ལྷན་གསོལ་རས་ཕྲན་བུ་འབུལ་རྒྱུ་ཡིན། ལྗང་རླུང་དཔེ་ཆ་བར་འགྱུར་བ་ལ་ལོ་གཅིག་རིང་དཔེ་ཆ་ལྔ་བཅུ་བཀླགས་དགོས། བཀླགས་བྱང་ལྔ་བཅུ་བོད་ཡིག་གིས་འབྲི་དགོས།
༣༽ ལྗང་རླུང་དཔེ་ཀློག་པ།
ཁྱེད་རང་ལྗང་རླུང་དཔེ་ཀློག་པར་གྱུར་ཚེ། ཐུགས་རྗེ་ལེགས་འབུལ་གྱི་རྟེན་དོད་རེ་དང་ལྷན་ལྗང་རླུང་དཔེ་ཀློག་པའི་ཕྱག་འཁྱེར་འབུལ་རྒྱུ་ཡིན། ལྗང་རླུང་དཔེ་ཀློག་པར་འགྱུར་བ་ལ་ལོ་གཅིག་རིང་དཔེ་ཆ་ཉེར་ལྔ་བཀླགས་པའི་བཀླགས་བྱང་བོད་ཡིག་གིས་འབྲི་དགོས།
བཀླགས་བྱང་།
ཁྱེད་ཀྱིས་དཔེ་ཆ་གང་ཞིག་བཀླགས་ནའང་། བཀླགས་བྱང་མ་བྲིས་ན་དཔེ་ཆ་དེ་བཀླགས་པར་ངོས་འཛིན་བྱེད་ཀྱིན་མེད། བཀླགས་བྱང་འབྲི་སྐབས་བོད་ཀྱི་བསྟན་བཅོས་ཕལ་ཆེ་བའི་འཆད་ཐབས་ཀྱི་གཞུང་ལམ་ལྟ་བུའི་བཤད་ཐབས་ཡན་ལག་ལྔ་(དགོས་དོན། བསྡུས་དོན། ཚིག་དོན། མཚམས་སྦྱོར། བརྒལ་ལན།) ཡི་སྒོ་ནས་འབྲི་ཐུབ་ན་རབ་དང་། མ་མཐའ་ཡང་དཔེ་ཆ་དེའི་འགྱུར་བྱང་དང་གཞུང་ཚད། བརྗོད་སྙིང་གསུམ་ངོ་སྤྲོད་ཐུབ་དགོས། དཔྱད་བསྡུར་དང་དགག་གཞག་གི་རིགས་ལམ་སྤྲོས་པའི་བཀླགས་བྱང་ལ་དེ་ལུགས་གདེང་འཇོག་བྱེད་རྒྱུ་ཡིན། བམ་ཀློག་ཙམ་དང་དཀར་ཆག་ཙམ་ལས་བཀླགས་མེད་པ་ངེས་རྟོགས་བྱུང་ཚེ་རྩིས་མེད་བྱེད་རྒྱུ་ཡིན།
བཀླགས་བྱང་། = དེབ་བྱང་། + གཞུང་ཚད། + བརྗོད་བྱ།
དེབ་བྱང་། = དཔེ་ཆའི་མིང་། + རྩོམ་པ་པོའི་མིང་། + དཔར་སྐྲུན་ཁང་གི་མིང་། + དཔར་དུས།
༼ བསྒྱུར་རྩོམ་ལ་བསྒྱུར་བ་བོའི་མིང་དང་། གློག་རྡུལ་དེབ་དང་འཕྲུལ་དེབ། དྲ་དེབ་བཅའ་ལའང་དྲ་ངོས་སུ་ནམ་སྤེལ་དང་སུས་སྤེལ། དྲ་བ་གང་ན་ཡོད་བཅས་པ་དགོས། ༽
གཞུང་ཚད། ཤོག་གྲངས། ལེའུ་དང་ཚན་པའི་གྲངས།
གསལ་བཤད། གོང་གསལ་ལྟར་དཔེ་ཆ་གཟབ་ནན་གྱིས་གཟིགས་མཁན་དག་གིས་བོད་ཀྱི་ཆོས་དང་རིག་གཞུང་ཁ་ནས་བཤད་པ་ཙམ་མིན་པར་ཉམས་ལེན་ལ་བསྟར་བ་ཞིག་ལ་སྙམ་པས། ངེད་ལྗང་རླུང་ཚོགས་པའི་ཚོགས་མི་ཡོངས་ཀྱིས་གུས་ཞབས་ཆེན་པོ་དང་བཅས་ཐུགས་རྗེ་ཆེ་ཞེས་པ་ཙམ་ཞིག་གི་ཚབ་ཏུ། གསོལ་རས་ཆུང་ཆུང་རེ་མེ་ཏོག་ཆུང་རུང་མཆོད་རྫས་ཀྱི་ཚུལ་དུ་འབུལ་གྱིན་ཡོད། དེ་ལུགས་ཐུགས་འཇགས་ཀྱིས་མཉམ་ཞུགས་གང་མང་གནང་བར་འབོད་སྐུལ་སྙིང་ནས་ཞུ་བཞིན་ཡོད།
བཞི། ལྗང་རླུང་དཔེ་ཀློག་དྲ་ཚོམས།
ང་ཚོས་བོད་ཟླ་དང་པོའི་ཚེས་གཅིག་༼༢༠༡༧ ། ༠༢ ། ༢༧ ༽ ཉིན་ནས། ལྗང་རླུང་དཔེ་ཀློག་ཅེས་པའི་སྐད་འཕྲིན་ཚོམས་ཤིག་འཛུགས་རྒྱུ་ཡིན། དེའི་ནང་ལྗང་རླུང་རིག་གནས་འཆད་འཁྲིད་ཀྱི་སློབ་དཔོན་རྣམ་པ། ལྗང་རླུང་དཔེ་ཚོགས་ཀྱི་རྩོམ་པ་པོ་རྣམ་པ། ལྗང་རླུང་ཚོགས་མི་རྣམ་པ། ད་དུང་ལོ་རྒྱུས་དང་རྩོམ་རིག གསོ་བ་རིག་པ་བཅས་རིག་པའི་གནས་གཞན་གྱི་ཆེད་མཁས་མི་སྣ་འགའ་དང་། ཆོས་བརྒྱུད་གྲུབ་མཐའ་ཁག་གི་དགེ་བཤེས་འགའ་བཅས་རྒྱུན་བཞུགས་ཀྱི་འབོད་སྐུལ་ཞུ་རྒྱུ་ཡིན།
ཁྱེད་ལ་དཔེ་ཀློག་གི་གོ་རིམ་ཐད་ནས། དཀའ་གནས་དང་དོགས་གནས་གང་ལ་འཕྲད་ན། ངེད་ལྗང་རླུང་དཔེ་ཀློག་ཚོམས་ཆུང་ནང་དྲི་གཏུག་བྱས་ན་དྲིས་ལན་འབུལ་བ་ཡིན།
ད་དུང་ཚོམས་ཆུང་དེ་རུ། ཟླ་བ་རེ་རེ་བཞིན་དཔེ་ཆ་ཅི་ལྟར་བཀླག དཔེ་ཆའི་དགོངས་དོན་ཅི་ལྟར་བཙལ། བཀླགས་ཐོ་ཅི་ལྟར་འབྲི་བ། ཅིའི་ཕྱིར་འབྲི་དགོས་སོགས་ཀྱི་ཐད་ལམ་སྟོན་རང་བཞིན་གྱི་འཆད་ཁྲིད་གནང་མཁན་རེ་བཙལ་རྒྱུ་ཡིན།
ཁྱེད་རང་ཚོམས་དེར་ཞུགས་པ་ལ། ངེས་པར་ཟླ་བ་རེའི་ནང་དཔེ་ཆ་རེ་བཀླགས་དགོས་ཤིང་། དཔེ་ཆ་དེ་བཀླགས་པའི་ཟིན་ཐོ་དང་། ཡང་ན་བཀླགས་ཚོར་ཚོགས་པ་ནང་ངེས་པར་བཤད་དགོས་པ་ཡིན། ཟླ་གཅིག་རིང་དཔེ་ཆ་གཅིག་མི་ཀློག་པའི་དྲ་པ་དག་ཚོམས་ནང་ནས་ཕྱིར་འབུད་གཏོང་གི་ཡིན། ཚོམས་དེ་རུ་དཔེ་ཀློག་ཟིན་ཐོ་ཡག་པོ་ཅི་བྱུང་ངེད་ལྗང་རླུང་འཕྲིན་སྟེགས་སྟེང་ལའང་སྤེལ་རྒྱུ་ཡིན།
ལྔ་པ། ལྗང་རླུང་དཔུང་གྲོགས།
ལྗང་རླུང་དཔུང་གྲོགས་ཞེས་པ་ནི། ལྗང་རླུང་དཔེ་ཀློག་བྱ་འགུལ་ལ་ལྷག་བསམ་ཆེན་པོས་དཔལ་འབྱོར་གྱི་མཐུན་རྐྱེན་གནང་མཁན་གྱི་མི་སྣ་ལ་ངོས་འཛིན་པ་ཡིན། ཁྱེད་ཀྱིས་ལྗང་རླུང་ཕུལ་བྱུང་དཔེ་ཆ་བ་གཅིག་གི་གསོལ་རས་ཨ་སྒོར་སྟོང་གཅིག་གི་སྦྱིན་བདག་གནང་ཐུབ་ཚེ། ལྗང་རླུང་དཔུང་གྲོགས་ཀྱི་ཕྱག་འཁྱེར་འབུལ་རྒྱུ་ཡིན།
གསལ་བཤད། ཨ་སྒོར་སྟོང་གཅིག་ཆུང་ས་ནས་བཤད་ན་མཛེས་མ་ཞིག་གི་ངོ་སྣུམ་དམ་བུ་གང་གི་རིན་ཙམ་ཡིན་སྲིད་ཀྱང་། ཆེ་ས་ནས་བཤད་ན་མི་ཚང་སྐྱོ་བོ་ཞིག་གི་ལོ་འཁོར་ཡོང་འབབ་ཡིན། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་ལམ་ཁག་ལ་ནད་པའི་དཔར་དང་བཅས། ནང་མིའི་ངོ་སྤྲོད་བྱང་བུ་དང་བཅས་ས་བསྒྲགས་གནམ་བསྒྲགས་བྱས་ནའང་ཨ་སྒོར་སྟོང་གཅིག་འདུ་མི་མི་འདུའི་དཔལ་འབྱོར་གྱི་དུས་རབས་འདིར། ཁྱེད་ཀྱིས་རང་གི་འབད་འབུངས་དང་དངུལ་ཆུས་བསགས་པའི་ཨ་སྒོར་སྟོང་གཅིག་བོད་ཀྱི་སྐད་ཡིག་ཡར་རྒྱས་ཀྱི་བདེ་རྩ་ཁོ་ནར་བཏང་བ་ནི། ཁྱེད་ཀྱི་མཛངས་རྟགས་ཤིག་ཡིན་པ་མ་ཟད། བོད་ཀྱི་ཆོས་རིག་གི་འཕྲིན་ལས་སྤེལ་བར་དཔུང་གྲོགས་བླ་མེད་མཛད་པ་ཡིན་པས་ཁྱེད་ལ་ལྗང་རླུང་དཔུང་གྲོགས་ཀྱི་ཕྱག་འཁྱེར་འདི་ཕུལ་བ་ཡིན། ཁྱེད་ཀྱིས་མུ་མཐུད་ནས་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་གྱི་མཐུན་རྐྱེན་བསྐྲུན་པར་ང་ཚོས་རེ་བ་དང་སྨོན་ལམ་འདེབས་ཀྱིན་ཡོད།
ང་ཚོ་ལ་ཁྱོད་ཀྱི་ཤེས་རབ་དགོས།
ང་ཚོ་ལ་ཁྱོད་ཀྱི་བརྩོན་འགྲུས་དགོས།
ང་ཚོ་ལ་ཁྱོད་ཀྱི་ལྷག་བསམ་དགོས།
ཤེས་རབ + བརྩོན་འགྲུས = ལྗང་རླུང་དཔེ་ཀློག་པ།
ཤེས་རབ + ལྷག་བསམ = ལྗང་རླུང་དཔུང་གྲོགས།
སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༠༡ ཚེས་ ༢༧ ཉིན། ལྗང་རླུང་རྩོམ་སྒྲིག་ཁང་གིས།
ལྗང་རླུང་དཔེ་ཀློག་བྱ་འགུལ་ཆེན་མོ་བཀོད་སྒྲིག་པ།
བོན་རྒྱ་བསྟན་འཛིན་རབ་རྒྱས། ( ཤེད་བུ།)
ཆོས་ཉིད་བཟང་པོ། (བེའུ་རྫི་རྡ་རྡ།)
དཀོན་མཆོག་ཚེ་རིང་། (མྱི་ལྟིག)
ཡར་ཁམས་ཁྲི་རྒྱལ།
བཀྲ་ཤིས་རྒྱ་མཚོ། (འཕང་།)
དྲུག་དཀར་འཚོ། (གཅན་ཡུ་མོ།)
ཀུན་འདུལ་སྒྲོལ་མ། (བདག་མོ།)
དངོས་གནས་ཡག་པོ་འདུག སྦྱིན་བདག་གཅིག་བྱེད་ཨེ་ཐུབ་ལྟ་དགོས། །
ལས་འགུལ་ཡག་པོ་རེད། བཀའ་དྲིན་ཆེ། བལྟ་རྒྱ་ཐོས་རྒྱར་ཚིམ་པ་མེད་པ་དེ།། ནམ་ཞིག་མཁས་པར་མི་འགྱུར་སྲིད་པ་མིན།་གསུངས་ཡོད་པ་ལྟར་རེད། རྗེས་སུ་ཡི་རང་ཡོད། རྣམ་པ་ཚོའི་ལྷག་བསམ་དང་དམིགས་དོན་ལ་ཡི་རང་བྱེད་ཀྱིན་ཡོད། དཔེ་ཀློག་གི་ལས་འགུལ་ནང་ཆ་ཤས་ལེན་ཐུབ་པར་འབད། དེ་མ་ཐུབ་ཀྱང་ལྷག་བསམ་མཚོན་བྱེད་ཀྱི་མཚོན་དོད་ཅིག་ལས་འགུལ་འདིའི་ནང་འབུལ་ཐུབ་པ་ཞུ་གི་ཡིན།
ལས་གཞི་འདི་ཧ་ལས་པ་ཡག་པོ་འདུག ཡིན་ནའང་གནད་འགག་སྟེང་མ་འདང་ས་གཅིག་འདུག དེར་བསམ་ཚུལ་ཅུང་ཙམ་ཞུས་ན། དེང་སང་བོད་ཕྱི་ནང་གཉིས་མ་ཟད། དཔེ་མཛོད་ཁང་དུ་དཔེ་ཆ་སྲུང་མཁན་ཚོས་ཀྱང་ལོ་གཅིག་ལ་དེབ་བརྒྱ་ཀློག་མཁན་ཉིན་མོའི་སྐར་མ་རེད། དངོས་གནས་བྱས་ན་ལོ་གཅིག་ལ་མཐུན་རྐྱེན་ཆ་ཚང་འཛོམས་ཀྱང་དེབ་བརྒྱ་ཀློག་མཁན་མི་བརྒྱའི་ནང་གཉིས་བྱུང་ན་ཡག་པོ་འདུག་མོད། དེ་ཡང་ཁག་པོ་རེད། ཁྱོད་ཚོའི་ཨ་སྒོར་སྟོང་གཅིག་གིས་དཔེ་ཀློག་པ་ཞིག་གི་དཔེ་ཀློག་གི་དུས་ཡུན་ཟླ་བ་གསུམ་ལའང་ཁག་ཐག་བྱེད་ག་ནས་ཐུབ། དེའི་ཆ་ནས་ཁྱོད་ཚོར་དཔེ་ཀློག་ཧྲང་ཧྲང་། ལས་མེད་རྐྱང་རྐྱང་ག་ནས་རག དེ་ལ་དགོངས་པ་བཞེས་མི་འདུག ངས་ནམ་རྒྱུན། བོད་ཕྱི་ནང་གཉིས་ཀྱི་སྐྱ་བོ་རྩོམ་པ་པོ་དང་མཁས་དབང་། སྙན་ངག་པ་ཟེར་བ་ཆེ་ཕྲ་བརྒྱ་ཆ་དགུ་བཅུར་དོ་སྣང་བྱེད་ཀྱི་ཡོད། བརྩམས་ཆོས་ཀྱང་གང་འཚམས་ཀློག་གི་ཡོད། དེ་ལ་གཞིགས་ནས་བཤད་ན། ཁོང་ཚོའི་བརྩམས་ཆོས་ལས་ཚུར་ཁ་གྲག་ཐུབ་པ་ཞིག་ནི། བརྒྱ་ཆའི་དགུ་བཅུ་གོ་བདུན་གྱིས་སྐྱེ་ནས་ད་བར་བོད་ཀྱི་དཔེ་དེབ་བརྒྱ་བཀླགས་མེད་པ་ཤེས་ཐུབ་ཀྱི་འདུག འདིའི་ནང་དུ་ལོ་ན་རྒན་གཞོན་མེད། དཔེར་ན། གོང་གི་བཀོད་སྒྲིག་པ་རྣམ་པས་ཀྱང་ད་བར་དེབ་བཀླག་རྒྱུ་གཅིག་པུར་དེབ་བརྒྱ་བཀླགས་ཡོད་མཁན་མེད་པ་གསལ་བོ་རེད། དེའི་ཆ་ནས་བོད་ལ་ལྗང་རླུང་ཚང་གིས་བོད་ལ་དཔེ་ཀློག་པ་ལོ་རེར་བཅུ་སྐྱེད་སྲིང་གནང་མི་དགོས་པར། ལོ་བཅུའི་ནང་། འགན་ཡོངས་སུ་འཁུར་ཏེ་དཔེ་ཆ་བ་བརྒྱ་སྐྱེད་སྲིང་བྱེད་ཐུབ་ན་དེས་ཕྱི་ནང་གང་སར་ཤུགས་རྐྱེན་ཐེབས་པ་གསལ་བོ་རེད། དེ་ལ་ངེས་པར་དུ་ལོ་གཅིག་གི་རྗེས་སུ་དཔེ་ཀློག་པའི་གྲས་སུ་ཚུད་རྗེས། ཕྱོགས་གཉིས་བར་གན་ཡིག་བཞག་སྟེ་ཕྱིན་ན་དེ་བས་ཀྱང་བརྟན་པོ་ཡོང་ངེས་རེད་སྙམ། དེ་མིན། ལོ་གཅིག་ལ་དཔེ་ཆ་བརྒྱ་ཀློག་མཁན་ཞིག་དཀོན་པོ་རེད་ལ། དཔེ་ཆ་བརྒྱ་བཀླགས་བྱང་ཡང་བྲིས་ཚེ། ལོ་གཅིག་གི་ལས་ཞོར་དེ་ལྟར་གནང་ཚེ། ཚན་རིག་ལྟར་ན་ཀླད་པ་སེམས་ངལ་ཆེས་ཆེར་འཕར་ནས་དཔེ་ཆ་བ་ལས་སྐྱེད་སྲིང་གནང་རྒྱུ་ལས། དཔེ་ཆ་བ་དཔེ་ཆ་མཐོང་ན་སུན་སྣང་སྐྱེ་མཁན། ཡང་ན། དཔེ་ཆ་བ་ནད་པ། ཡང་ན་དཔེ་ཆ་བ་སེམས་ཁམས་ཐང་པོ་མེད་པ་རྐྱང་ཡོང་ངེས་རེད་སྙམ།།
རེད་རེད་ཁུ་བྱུག་གིས་གསུངས་པ་བདེན་པ་རེད། ལས་ཞོར་ཀློག་པ་པོ་ཞིག་གིས་ལོ་གཅིག་ལ་དེབ་བརྒྱ་བཀླགས་ནས་བཀླགས་བྱང་བརྒྱ་འབྲི་རྒྱུ་དེ་སྲིད་མཐའ་ཙམ་རེད།
ཧཧཧཧཧ་་་་ལས་དོན་སྤེལ་མཁན་རང་གིས་མ་འཇོན་གཅིག་གཞན་ལ་ཁུར་བཅུག་ནས་ཨ་སྒོར་སྟོང་གཅིག་ཐོབ་ཤོར་ཆེད་དུ་་་་་་་དང་པོ་རང་ཉིད་ནས་ཚོད་བལྟ་ཅིག་གནང་དང་ཨ་་་་་
ལོ་གཅིག་ལ་དེབ་༡༠༠ ཀློག་དགོས་ན། བདུན་རེར་དེབ་གཉིས་རེ་ཀློག་དགོས། སློབ་གྲྭའི་སློབ་མའམ། གྲྭ་སའི་དཔེ་ཆ་བ་རྣམས་ཀྱིས་ཀྱང་དེ་ཙམ་རེ་ཀློག་ཨེ་ཐུབ།
བྱ་འགུལ་དང་། ལས་འགུལ།
ཁུ་བྱུག་ལགས་ཀྱིས་བདེན་པ་འདྲ་བོ་གསུངས་འདུག ཀློག་རྒྱུ་ལ་ཧ་ཅང་དགའ་མཁན་ཞིག་ཡིན་ན་དེབ་བརྒྱ་ཐམས་ཀློག་ཐུབ་མོད། དེབ་བརྒྱ་ཐམས་པ་རེ་རེ་ནས་ཐོ་འགོད་རྒྱས་པ་ཞིག་བྱེད་དགོས་ཚེ་ཧ་ཅང་གིས་དཀའ་བར་སྣང་། འོན་ཀྱང་ཁྱེད་ཚོའི་ལྷག་བསམ་ལ་རྒྱབ་སྐྱོར་ཡོད། བདུན་ཕྲག་རེ་ལ་དེབ་རེ་བྱེད་ན་མི་ཆོག་གམ། །
བཀའ་འགྱུར་ཀློག་ན་མ་གཏོགས་བོད་བླུན་པོའི་ལུང་པར་དེབ་བརྒྱ་གང་ནས་ཁྱེར་ཡོང་།
དེ་ལས་ཨ་སྒོར་གཅིག་སྟོང་དེས་རྩོམ་པ་པོ་དབུལ་བོ་ཤོག་ངོས་བཞི་བརྒྱར་ལོངས་པའི་སྒྲུང་རིང་འབྲི་མཁན་ཞིག་གི་སྒྲུང་རིང་པར་སྐྲུན་ལ་རོགས་རམ་བྱེད་ཐུབ་ན་ཧ་ཅང་ལེགས། དེ་མ་གཏོགས་འཇོག་སའི་སར་མ་བལྟས་པར་གོ་རེ་ཟླ་བ་འདྲ་འདྲ་བསྲེགས་པ་རེད་བསམས།
དཔེ་ཀློག་བྱ། བྱ་ཞེས་པ་བྱ་ཚིག་མ་འོངས་པ་ཡིན་པས། ཀློག་ཅེས་པ་ཡང་མ་འོངས་པ་ཡིན་པ། བོད་མཁས་པས་བྲིས་པའི་དཔེ་ཆ་དག་ན་ཡོད། དེ་དག་གི་ལད་མོ་བྱེད་མི་དགོས་སམ།
ཤིན་ཏུ་ལེགས་སོ་ཐུགས་རྗེ་ཆེ་བཀྲིན་ཆེ་།
ཤེས་རབ་བརྩོན་འགྲུས་ལྷག་བསམ་བརྟན་པ་ན་།
མི་འགྲུབ་བྱ་དངོས་ས་སྟེང་འདི་ན་མེད་།
ཤེས་རབ་བརྩོན་འགྲུས་ཤེས་བྱའི་ལམ་སྟོན་ལ་།
ངལ་བས་འབད་ན་ས་ལམ་སྒོ་འཕང་ཐོབ་།
༡ ཤོག་ངོས་བརྒྱ་མ་ལོངས་ན་དེབ་གྲལ་དུ་བརྩི་རྒྱུ་མིན། ཤོག་ངོས་བཞི་བརྒྱ་ཅན་གྱི་དེབ་གཅིག་ཡིན་ན་དེབ་གཉིས་དང་། ཤོག་ངོས་དྲུག་བརྒྱ་ཅན་ཞིག་ཡིན་ན་དེབ་གསུམ། ཤོག་ངོས་༣༩༩ ཡོད་ཀྱང་ཤོག་ངོས་བཞི་བརྒྱར་ལོངས་མེད་པས་དེབ་གཅིག་ལ་ངོས་འཛིན་པ་ཡིན། བཞི་བརྒྱ་ཡན་ནས་ཉིས་བརྒྱ་རེའི་མཚམས་དེབ་གཅིག་རེ་བཀླག་པར་ཁ་སྣོན་བྱེད་རྒྱུ་ཡིན། ཤོག་བུའི་ཆེ་ཆུང་ལ་ཁྱད་པར་ཅི་ཡང་མེད།
༢ བཀླགས་བྱང་རེ་ལ་ཉུང་མཐའ་ཡི་གེའི་ཚེག་ཁྱིམ་༡༠༠༠དགོས། དེ་བཞིན་ཤོག་ངོས་བཞི་བརྒྱ་ཅན་གྱི་དེབ་ཅིག་ཡིན་ན་བཀླགས་བྱང་ལ་ཡི་གེའི་ཚེག་ཁྱིམ་༢༠༠༠དགོས་པ་ཡིན། ལྷག་པར་ཀློག་པ་པོ་རང་རང་གི་མི་གཞི་དཔང་ལ་བཞག་ནས། ད་རེའི་འགྲན་ཞུགས་ནང་སྤེལ་བའི་བཀླགས་བྱང་དང་བཀླགས་པའི་དཔེ་ཆ་རིལ་གྱིས་དུས་བཅད་ནང་བཀླགས་པ་དང་བྲིས་པ་རྐྱང་ལས་ལོ་སྔོན་མར་བྲིས་པ་དག་འགྲན་བསྡུར་ནང་མི་བཙུད་པར་མཁྱེན།༽ རྣམ་པ་ཚོས་མང་པོ་གསུང་མི་དགོས་པར་འདོད། དེབ་ཀྱི་ཚད་གཞི་འདིར་བྲིས་འདུག་པས་ཧ་ཅང་གསལ་པོ་རེད། ཤོག་ངོས་བརྒྱ་ལོན་ན་དེབ་གཅིག་ལ་བརྩི་བཞིན་ཡོད་པའི་དོན་དེ་གསལ་པོ་ཤེས་དགོས་པ་ཞིག་རེད། ཤོག་ངོས་བརྒྱ་ནི་ཤོག་ལྷེ་ལྔ་བཅུ་རེད།