རྩོམ་པ་པོ། དགེ་རྒན་ཆེན་མོ་ རོན་ སེ་ལ། (Ron Sela) དགེ་འདུན་རབ་གསལ་གྱིས་འཕྲལ་དུ་བསྒྱུར་ཅིང་བཀོད་པའོ།།
ཨེ་ལིའོ་ཊི་ སྤེར་ལིང་ནི་བོད་ཀྱི་ལོ་རྒྱུས་དང་རྒྱ་བོད་འབྲེལ་ལམ་གྱི་ལོ་རྒྱུས་ཐོག་སྣེ་ཁྲིད་པའི་ཆེད་མཁས་རྒྱལ་རབས་པ་ཞིག་ཡིན་པ་མ་ཟད། མེཀ་ཨར་ཐུར་ ༼MacArthur Fellowship༽ཞེས་པའི་གཟེངས་རྟགས་ཐོབ་མཁན་ཞིག་ཡིན། ཁོང་གིས་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་ཡུ་རོབ་དང་ཨེ་ཤ་ཡའི་དཀྱིལ་དབུས་རིག་པའི་སྡེ་ཚན་དུ་མི་ལོ་ ༢༩ ཙམ་ལ་དགེ་རྒན་ཆེན་མོའི་ཕྱག་ལས་གནང་བ་དང་། དེའི་ནང་གི་ལོ་ངོ་བདུན་གྱི་རིང་སྡེ་ཚན་དེའི་གཙོ་འཛིན་གྱི་ཕྱག་ལས་གནང་ཡོད།
ནིའུ་ཡོག་གྲོང་ཁྱེར་གྱི་ཁྱིམ་ཞིག་ཏུ་ ༡༩༥༡ ལོར་སྐྱེས་པ་དང་། ཁྱིམ་ཚང་དེས་སློབ་གསོ་དང་ལས་ལ་བརྩོན་པ། ཡ་རབས། སྤྱི་ཚོགས་ཀྱི་འགན་འཁྱེར་བ་བཅས་གལ་ཆེར་བརྩི་བས་ན་སྐུ་ཞབས་སྤེར་ལིང་གིས་ཀྱང་ལོ་ཆུང་དུས་ཆབ་སྲིད་དང་སྤྱི་ཚོགས་གོ་རྟོགས་ལ་མྱོང་རྒྱུས་ལོན་པར་གྱུར། ༡༩༧༠ དོན་གྲངས་སུ་ཁོང་ ནིའུ་ཡོག་གི་ ཁུན་སི་སློབ་གྲྭ་ཆེན་མོར་༼Queens College ༽འགྲིམས་ཤིང་སྐབས་དེར་འཛམ་གླིང་དུ་རིག་གནས་འགོག་རྒོལ་གྱི་ལས་འགུལ་ཨིན་སྐད་དུ་ Counterculture Movement ཞེས་པ་དེ་འཕེལ་བཞིན་སྐབས་ཡིན་ལ་དེས་སྤེར་ལིང་ལའང་གཞོན་ནུའི་འཆར་སྣང་ཞིག་འབར་བཅུག་པ་དེ་ནམ་ཡང་གཟིམས་པར་མ་གྱུར། སློབ་གྲྭ་ཆེན་མོ་དེར་ཡོད་སྐབས་སུ་སྤེར་ལིང་ལགས་འགྲུལ་བཞུད་རྒྱ་ཆེར་བྱས་ཤིང་། ཏུར་ཀེའི་རྒྱལ་ས་ཨེ་སི་ཊམ་བྷུ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བར་ས་ཐོག་ནས་བསྐྱོད་ཅིང་། ལམ་བར་དུ་གྲགས་ཅན་གྱི་གྲོང་ཁྱེར་ཨེར་ཟུ་རུམ་དང་། ཊེབ་རི་ཛི། ཊེ་རཱན། ཧེ་ར་ཊི་སོགས་ལ་བསྐྱོད་ཅིང་། དེས་ཁོང་གིས་ཐག་རིང་བའི་ཡུལ་གྱི་རིག་གནས་ལ་སློབ་རྒྱུའི་འདུན་པ་སྤེལ་བར་གྱུར། རྒྱ་གར་ལ་འགྲུལ་བཞུད་ཐུང་ཐུང་ཞིག་བྱས་པ་དེས་སྤེར་ལིང་རྒྱ་གར་གྱི་རིག་གནས་དང་ལུང་པ་ལ་བརྩེ་དུངས་ཆགས་པར་གྱུར་ལ། རྗེས་སུ་ཁོང་རྒྱ་གར་ལ་ཐེངས་མང་ཕེབས་པའི་ཁོངས་སུ་ ཧྥུལ་བྷི་རའེ་ཊི་ Fulbright fellow ཞེས་པའི་ཆེད་མཁས་མི་སྣ་མཛད་དེ་ཕེབས་པའང་ཚུད་ཡོད། ལྡི་ལི་ནས་ཚུར་ཨ་མི་རི་ཀ་འཁོར་བའི་རྗེས་སུ་ཁོང་བཙན་བྱོལ་བོད་མི་ལ་མཇལ་འཕྲད་བྱས་པའི་རྐྱེན་ལ་བརྟེན་ནས་སྐུ་ཞབས་སྤེར་ལིང་གིས་རང་གི་ཆེད་ལས་སློབ་སྦྱོང་དེ་ཡང་ཤར་ཨེ་ཤ་ཡའི་རིག་པ་སློབ་རྒྱུ་ལ་འགྱུར་བ་ཐེབས་པ་རེད།
ཐའེ་ཝན་ལ་བསྐྱོད་ནས་སྐད་སློབ་པའི་གོ་སྐབས་ཤིག་ལ་བརྟེན་ནས་རང་གི་རྒྱ་སྐད་ཀྱི་ཤེས་ཚད་དེ་ཚད་མཐོ་རུ་བཏང་བ་དང་མཉམ་དུ་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་ཡུ་རོབ་ཨེ་ཤ་ཡའི་དབུས་དཀྱིལ་རིག་པའི་སྡེ་ཁག་ཏུ་ཞུགས་དང་། དེ་ནས་འབྱུང་འགྱུར་མི་ལོ་བཞི་བཅུའི་རིང་གི་རང་གི་ཆེད་ལས་དེའི་བཟོ་དབྱིབས་དོད་པ་རེད། སྡེ་ཁག་འདི་ནི་རྒྱལ་སྤྱིའི་ཐོག་ནས་མིང་གྲགས་ཡོད་པ་ཞིག་ཡིན་པ་རེད། དེ་ནི་ཕྱོགས་གཅིག་ནས་༧སྐུའི་གཅེན་པོ་༧སྟག་མཚེར་རིན་པོ་ཆེས་དགེ་རྒན་ཆེན་མོ་གནང་བཞིན་པའི་རྐྱེན་ལ་ཐུག་ཡོད་པ་རེད། སྤེར་ལིང་ལགས་ཀྱིས་བོད་ཀྱི་ཁ་སྐད་དང་ཡིག་སྐད་གཉི་ག་ལ་སློབ་སྦྱོང་མཛད་པ་མ་ཟད། རྒྱ་ནག་གི་སྐད་གསར་རྙིང་གི་ཤེས་ཚད་གོང་མཐོར་བཏང་བ་རེད། དེ་ནས་ཁོང་གི་འབུམ་རམས་པའི་ཆེད་རྩོམ་དེ་ཕྱི་ལོ་ ༡༩༩༣ ལོར་བྲིས་ཤིང་དེ་ལ་ མིང་རྒྱལ་རབས་ཐོག་མའི་དུས་སྐབས་ཀྱི་བོད་ལ་འཛིན་པའི་སྲིད་བྱུས་ཏེ། མིང་རྒྱལ་རབས་ཐོག་མ་བ་རྣམས་ཀྱིས་ “བགོ་བ་དང་དབང་སྒྱུར་པ་”ཞེས་པའི་ཆབ་སྲིད་བོད་ལ་བཀོལ་བའི་སྐོར་གྱི་དཔྱད་ཞིབ་ཅིག་༼Early Ming Policy toward Tibet: An Examination of the Proposition that the Early Ming Emperors Adopted a “Divide and Rule” Policy toward Tibet༽ཅེས་པ་བྲིས་པ་རེད། ཆེད་རྩོམ་དེ་ལ་བརྗོད་གཞི་འདིའི་སྐོར་ནས་ཤུགས་རྐྱེན་ཆེས་ཆེ་བའི་སློབ་སྦྱོང་ཞིག་རེད་ཅེས་ངོས་འཛིན་རྒྱ་ཆེར་ཐོབ་པ་རེད།
མི་དམངས་ཀྱི་སློབ་གསོའི་ལམ་ལུགས་ཀྱི་གྲུབ་འབྲས་ངོ་མ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ སྐུ་ཞབས་སྤེར་ལིང་ལགས་ཀྱིས་ཀྱང་ཐོག་མར་དམངས་ཀྱི་སློབ་གྲྭ་ཆེན་མོ་སྟེ་ མི་སི་སི་པི་ལྷོ་ཕྱོགས་ཀྱི་སློབ་གྲྭ་ཆེན་མོ་༼the University of Southern Mississippi (USM) ༽ཞེས་པར་དགེ་རྒན་ཆེན་མོའི་ལས་ཀ་མགོ་བཙུགས་པ་རེད། སློབ་གྲྭ་དེ་ལ་འབྱོར་ནས་ཅང་མ་འགོར་བར་ཁོང་ལ་གྲགས་ཆེ་བའི་མེཀ་ཨར་ཐུར་ ༼MacArthur Fellowship༽ཞེས་པའི་གཟེངས་རྟགས་དེ་ཐོབ་པ་རེད་ལ། དེའི་དུས་ཡུན་ནི་ཕྱི་ལོ་ ༡༩༨༤ ལོ་ནས་ ༡༩༨༩ ལོའི་བར་དུ་རེད། སློབ་གྲྭ་ཆེན་མོ་དེར་འཁྱུག་ཙམ་བཞུགས་པའི་རྗེས་སུ་སྤེར་ལིང་ལགས་ ༡༩༨༧ སླར་ཡང་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོར་ལོག་ཕེབས་པ་རེད་ལ་སྐབས་འདིར་ཁོང་གི་དགེ་རྒན་ཆེན་མོའི་གོ་གནས་ཐོག་ནས་ཕེབས་པ་རེད། ལོ་དེ་ནས་བཟུང་ ༢༠༡༥ བར་ཁོང་གིས་སློབ་གྲྭ་ཆེན་མོ་དེར་དགེ་རྒན་ཆེན་མོའི་ཕྱག་ལས་གནང་བ་མ་ཟད། སློབ་མ་རྣམས་ཧ་ཅང་དགའ་པོ་བྱེད་སའི་དགེ་རྒན་ཆེན་མོ་ཞིག་ཏུ་གྱུར་ཡོད་པ་རེད། སྐབས་རེར་ཁོང་ཧར་ཝར་ཌི་སློབ་གྲྭ་ཆེན་མོ་ ༼༡༩༩༢་ནས་༩༣་བར་༽དང་། ལྡི་ལི་སློབ་གྲྭ་ཆེན་མོ་ ༼༡༩༩༤་ནས་༩༥་བར་༽ སོགས་སུ་གདན་ཞུས་དགེ་རྒན་ཆེན་མོའི་མཚན་ཐོག་ནས་ཕེབས་ཡོད་པ་རེད། འདས་པའི་ལོ་ངོ་དེ་དག་གི་རིང་ལ་སྐུ་ཞབས་སྤེར་ལིང་ལགས་ཀྱིས་ཆེད་ལས་དང་ཆེད་ལས་མ་ཡིན་པའི་ཞིབ་འཇུག་སློབ་མ་ཆེས་མང་པོར་མཛུབ་སྟོན་མཛད་ཡོད་ཅིང་། སློབ་མ་དེ་དག་ནི་འཛམ་གླིང་ཁྱོན་ཡོངས་ནས་ཕེབས་ཡོད་པ་རེད།
ཞིབ་འཇུག་གི་ཐད་ནས་ཞུས་ན། ཁོང་གིས་རྒྱ་བོད་ཀྱི་སྐད་ཡིག་ནང་བཞུགས་པའི་དཔྱད་གཞིའི་ཡིག་ཆ་གཙོ་འཛིན་གྱིས། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། རྒྱ་ནག་གཞུང་ངམ་ཡང་ན་བོད་གཞུང་གི་ཞབས་ཞུར་ཞུགས་པའི་བོད་མི་དག་གི་ལས་འགན་རྙོག་འཛིང་ཅན་རྣམས་བརྗོད་གཞིར་བཟུང་སྟེ་བདག་དབང་དང་ས་མཚམས་སྐོར་གྱི་དྲི་བ་དང་། ཆབ་སྲིད་དང་སྤྱི་ཚོགས་དང་ཁྱིམ་རྒྱུད་བཅས་ཀྱི་དབང་ཆའི་རྣམ་དབྱེའི་སྐོར་གཙོ་འཛིན་གྱིས་ཞིབ་འཇུག་བྱས་ཡོད་པ་རེད།
ཁོང་གིས་མི་ཉག་དང་། རྒྱ་ནག་གི་ཡོན་གོང་མ་དང་མིང་གོང་མ། ཆིང་གོང་མ་བཅས་སུ་ཕེབས་པའི་བོད་ཀྱི་བླ་ཆེན་དང་སྐུ་ཚབ་སྐོར་དང་། དེ་བཞིན་སྒོམ་རྒྱག་མཁན་དང་དགེ་འདུན་པ། གཞུང་བཅས་ཀྱི་སྐོར་ལ་རྩོམ་ཡིག་བྲིས་ཡོད་པ་རེད་ལ། དུས་ཚོད་ཀྱི་ཆ་ནས་ཞུས་ན། ཁོང་གི་ཞིབ་འཇུག་ལ་ནི་དུས་རབས་དགུ་པ་ནས་ད་ལྟའི་བར་གྱི་དུས་སྐབས་མང་པོའི་སྐོར་འདུས་ཡོད་པ་རེད། ཁོང་གིས་རྒྱ་ནག་གི་མིང་རྒྱལ་རབས་ཀྱི་དུས་སྐབས་ལ་ཞིབ་འཇུག་གཙོ་འཛིན་བྱས་མོད། ད་དུང་མི་ཉག་གི་སྐོར་དང་། དེ་བཞིན་དུས་རབས་བཅུ་བདུན་དང་བཅོ་བརྒྱད་པའི་ནང་སོག་པོ་བོད་ལ་སླེབས་པའི་ཤུགས་རྐྱེན་སྐོར། ༧གོང་ས་ལྔ་པས་བོད་ཀྱི་དབུ་འཁྲིད་མཛད་པའི་སྐོར་དང་སྐབས་དེའི་མི་སྣ་གལ་ཆེན་རྣམས་ཀྱི་སྐོར། དེ་བཞིན་རྒྱ་ནག་གི་ཆིང་རྒྱལ་རབས་སྐབས་ཀྱི་བོད་བཅས་ཀྱི་སྐོར་ལ་གནད་དུ་སྨིན་པའི་ཆེད་རྩོམ་སྤེལ་བ་ལ་གྲགས་པ་ཐོབ་ཡོད་པ་རེད། ཁོང་གིས་ད་དུང་ཆེད་ལས་པ་མང་པོའི་མཛུབ་སྟོན་སྡེ་ཁག་ཏུ་བཞུགས་ནས་མཛུབ་སྟོན་དང་བསླབ་ཁྲིད་བྱས་ཡོད་པ་རེད།
ཁོང་གི་ཕྱག་ལས་ཀྱི་ཁྲོད་དུ་སྐུ་ཞབས་སྤེར་ལིང་ལགས་ནི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཇེ་ཕྲར་འགྲོ་བའི་དུས་སྐབས་ཤིག་ལ་བྱོན་པའི་དཔྱོད་ལྡན་གྱི་འབོད་སྒྲ་ཞིག་ཏུ་གྱུར་ཡོད་པ་རེད། ཁོང་གིས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་བཙན་གནོན་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད་ཅིང་། སྐྱོན་བརྗོད་དེ་དག་གི་ཁོངས་སུ་ཁོང་རྒྱ་ནག་ལ་ཕེབས་པའི་སྐབས་སུ་བྱས་པ་རྣམས་ཀྱང་ཚུད་ཡོད། བོད་རང་བཙན་བློས་གཏོང་མཛད་པ་དང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་གནས་བབ་ངོ་མ་ལ་རྨོངས་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཁོང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་སྐྱོན་བརྗོད་བྱས་ཡོད་ཅིང་དེ་ཡང་རྒྱ་གར་དུ་ཕེབས་ནས་སྐྱོན་བརྗོད་བྱས་པའང་ཚུད་ཡོད། ཁོང་གིས་བོད་འདི་ཆོས་ཕྱོགས་ཀྱི་དག་ཞིང་སྐྱོན་གྱིས་མ་གོས་པ་ཞིག་ཡིན་པར་འདོད་པའི་བོད་དགའ་རིང་ལུགས་པ་རྣམས་ཀྱི་༼Tibetophiles’ view༽ལྟ་ཚུལ་དེ་དོར་ཡོད། མཁས་པའི་འཁྲབ་སྟོན་ལ་ལས་སླ་བོར་རྗེས་འབྲང་བྱེད་མཁན་གྱི་མཁས་པ་རྣམས་ལ་ཁོང་གིས་བཟོད་སྒོམ་དེ་ཙམ་མི་བྱེད་པ་རེད།
ཨེ་ལིའོ་ཊི་ལགས་ནི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གཙོ་བོ་ཞིག་ཡིན། ཉེ་ཆར་གྱི་དཔེ་མཚོན་ཞིག་ནི་ཁོང་གིས་ཨི་ལྷམ་ ཐོག་ཐི་ཡི་གནད་དོན་ལས་འཕྲོས་ཏེ་ཡོངས་གྲགས་ཀྱི་རྩོད་གླེང་བྱས་པ་དེས་མཚོན་ཐུབ། ཐོག་ཐི་ནི་པེ་ཅིང་གི་མི་རིགས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཡིན་པ་དང་། ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོས་གདན་ཞུས་ཀྱིས་ ༢༠༡༤ ལོར་སློབ་གྲྭ་ཆེན་མོ་དེར་ལོ་གཅིག་རིང་གདན་ཞུས་དགེ་རྒན་ཆེན་མོ་མཛད་རྒྱུ་བྱས་ཡོད་མོད། ཨ་རིའི་ཨིན་ཌི་ཡ་ན་ཨེ་པོ་ལི་སི་ཞེས་པ་ལ་འགྲོ་བའི་གནམ་གྲུ་ལ་མ་ཞུགས་གོང་དེར་པེ་ཅིང་གནམ་ཐང་ནས་འཇུ་བཟུང་བྱས་ཤིང་། དེ་ཡང་ “ཁ་བྲལ་རིང་ལུགས་པ་”ཡིན་པའི་ཉེས་མིང་བཀལ་བ་རེད། ༼ཉེས་མིང་དེ་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་། ཡུ་རོབ་མཉམ་འབྲེལ། དེ་བཞིན་གྱི་རྒྱལ་སྤྱིའི་ཚོགས་སྡེ་གཞན་མང་པོ་རྣམས་ཀྱིས་མཐའ་གཅིག་ཏུ་རྫུན་བཟོ་བྱས་པ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད།༽ ཁོང་གི་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། ཨེ་ལིའོ་ཊི་ལགས་ནི་ སྐུ་ཞབས་ཨི་ལྷམ་ ཐོག་ཐི་ལགས་ཉེས་མེད་ཡིན་པ་དང་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱེད་མཁན་གྱི་མི་སྣ་གཙོ་བོ་ཆགས་པ་རེད། ཕྱི་ལོ་ ༡༩༩༦ ནས་ ༡༩༩༩ བར་སྐུ་ཞབས་སྤེར་ལིང་ལགས་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་སྡེའི་རྒྱུན་ལས་ཀྱི་ཁོངས་སུ་ཞུགས་པ་དང་། ཁོང་གིས་ཧྥ་རན་སིའི་བོད་ཀྱི་སྐོར་གྱི་གྲོས་ཚོགས་གནས་ཚུལ་ཚོགས་སྡེ་ ༼the Groupe d’information du Sénat sur le Tibet༽དང་། ཨིན་ཇིའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་། རྒྱ་ནག་གི་སྐོར་ལ་ཨ་རིའི་གྲོས་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་འབྲེལ་བའི་ཚོགས་ཆུང་། ཨ་རིའི་གྲོས་ཚོགས་འོག་མའི་རྒྱལ་སྤྱིའི་འབྲེལ་ལམ་ཚོགས་ཆུང་སོགས་ལ་བོད་དོན་ར་སྤྲོད་སྙན་ཞུ་ཕུལ་ཡོད་པ་རེད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱ་བོད་འབྲེལ་ལམ། ཨ་རི་དང་རྒྱ་ནག་གི་འབྲེལ་བ་བཅས་ཀྱི་བརྗོད་གཞིའི་སྐོར་ནས་ཁོང་གི་ཆེད་མཁས་ལམ་སྟོན་གནང་བའི་རེ་སྐུལ་དམིགས་བསལ་གྱིས་ཞུས་ཡོད་པ་རེད། ཁོང་གི་རྩོམ་ཡིག་རྣམས་ནི་ཨ་རིའི་ནིའུ་ཡོག་དུས་བབ་དང་། ལོ་སེ་ ཨེན་ཇི་ལེ་སེའི་དུས་བབ། རྒྱ་གར་དུས་བབ། ཇེན་གྱི་གནས་ཚུལ་བསྐྱར་ཞིབ། ཤར་མཐའི་དཔལ་འབྱོར་བསྐྱར་ཞིབ་སོགས་སུ་པར་སྐྲུན་བྱས་ཡོད་པ་རེད།
ཨེ་ལིའོ་ཊི་ ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོ་ནས་ཐོན་པ་དེས་སློབ་གྲྭ་ཆེན་མོའི་གཙུག་རྒྱན་གྱི་ནོར་བུ་ཞིག་བོར་བ་རེད།
རྩོམ་འདིའི་མ་ཡིག་ནི་འབྲེལ་ཐག་འདི་ནས་གསལ། http://vpfaa.indiana.edu/docs/emeriti_bios/2015-retired-faculty-biographies.pdf
འབྲེལ་ཐག་འདི་ན་ཝི་ཀེ་ཡིག་མཛོད་དུ་བཞུགས་པའི་ཁོང་གི་ལོ་རྒྱུས་དང་། ད་དུང་ཁོང་གི་རྩོམ་ཡིག་འགའ་བཅས་བཀོད་འདུགhttps://en.wikipedia.org/wiki/Elliot_Sperling
བོད་རིག་པར་མཁས་པ་ཁོང་གློ་བུར་དུ་སྐུ་གཤེགས་པར་ཡིད་སྐྱོའི་མྱ་ངན་ཞུ། དགེ་འདུན་རབ་གསལ་ལགས་ཀྱིས་བོད་ཀྱི་གྲོགས་པོ་ཁོང་གི་སྐོར་ནས་བོད་པ་ཚོར་ངོ་འཕྲོད་ཡོང་བའི་རྩོམ་ཡིག་གལ་ཆེན་ཞིག་བོད་སྒྱུར་གནང་བར་བཀའ་དྲིན་ཆེ་ཞུ།
ཁོང་གི་ལོ་རྒྱུས་མ་རྟོགས་ཁོང་ག་འདྲ་བྱས་ནས་འདས་གྲོང་ཕྱིན་པ་ཡིན་ཤེས་མ་སོང་ན་ཁུངས་ལྡན་གྱི་འབྲེལ་བཤད་ན་གསུང་དང་དྲ་གྲོགས་ཚོ་།
བཀུར་འོས་མཁས་དབང་ཨ་ཁུ་རབ་གསལ་ལགས་ཀྱིས་དུས་ཐོག་རྩོམ་ཡིག་བོད་བསྒྱུར་གནང་སྟེ་དྲ་ངོས་སུ་བཀོད་པར་སྐུ་དྲིན་ཆེ་ཞུ།
འདས་པོ་དམ་པ་སློབ་དཔོན་ཆེན་མོ་ ཨེ་ལིའོ་ཊི་ སྤེར་ལིང་ སྐུ་ཚེ་མ་ཟིན་པར་སེམས་གཏིང་ནས་མྱ་ངན་ཞུ།
ཁོང་ལ་མྱ་ངན་གུས་དུད་ཞུ།
གུས་བཏུད།
ལས་ངན་བོད་མི་རིགས་ལ་རྒྱབ་སྐྱོར་ཡག་པོ་བྱས་མཁན་མཁས་དབང་ཁོང་སྐུ་བཀྲོངས་སོང་བར་བློ་ཕམ་བྱུང་། ཁོང་གིས་བཀའ་མོས་ཡིད་དུ་འོང་བ་འདི་འདྲ་གསུངས་མྱངས་ཡོད། མྱ་ངན་གྱི་གུས་བཀུར་མཚོན་ཆེད་དུ་ཁ་བརྡ་ཚང་གིས་ཁོང་གི་བོད་དོན་སྐོར་གསུངས་པའི་བཀའ་མོས་འདི་དག་བསྐྱར་འགོད་ཞིག་བྱས་ན་ཡག་པོ་འདུག
http://tibettimes.net/%e0%bd%a3%e0%bd%bc%e0%bc%8b%e0%bd%a2%e0%be%92%e0%be%b1%e0%bd%b4%e0%bd%a6%e0%bc%8b%e0%bd%90%e0%bd%bc%e0%bd%82%e0%bc%8b%e0%bd%a2%e0%bd%84%e0%bc%8b%e0%bd%96%e0%bd%99%e0%bd%93%e0%bc%8b%e0%bd%91%e0%bd%84/
ཁོང་ལ་མྱ་ངན་ཞུ་་་ཁོང་ལ་གུས་འདུད་ཞུ་་་ཁོང་ལ་བཀའ་དྲིན་ཞུ།
མྱ་ངན་གུས་འདུད་ཞུ།
Divide and Rule
བགོ་བ་དང་ཞེས་པ་ནོར། ཕྲལ་ནས་དབང་སྒྱུར་ཞེས་པའི་དོན་རེད།
ཨེ་ལིའོ་ཊི་ སྤེར་ལིང་། (Elliot Sperling)སྐུ་གཤེགས་པ་ལ་མྱ་ངན་ཞུ། ཁོང་ནི་བོད་པའི་ནང་ན་བོད་རང་བཙན་འཐབ་རྩོད་པ་ཡིན་ཞེས་ཁ་གངས་སྐྱིད་ལ་འཁོར་ནས་སྐད་རྒྱག་མཁན་ཚོ་དང་གཏན་ནས་མི་འདྲ་བར། ཁ་རྒྱ་ནག་ལ་འཁོར་ནས་བོད་རང་བཙན་གླེང་མཁན་ཞིག་ཡིན། དེར་བརྟེན། རྒྱ་ནག་གཞུང་གིས་ཉེ་བའི་ལོ་མང་པོའི་རིང་ཁོང་རྒྱ་ནག་ལ་ཡོང་བཅུག་ཡོད་པ་མ་རེད། དེའི་ཆ་ནས་ངས་ཁོང་ནི་བོད་པ་མཁས་པ་ཡིན་ཟེར་མཁན་ཚོ་ལས་བོད་ཕྱོགས་སམ་བདེན་པའི་ཕྱོགས་ལ་རང་ཚུགས་བརྟན་པོ་ཡོད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གཞུས་གིས་ཕྱི་རྒྱལ་མཁས་པ་མང་པོ་རྒྱ་ནག་གི་བསམ་བློ་ཅན་དུ་བསྒྱུར་བའི་སྲིད་བྱུས་ཁྲོད་ནས་ཚོས་གཞི་མ་ལོག་མཁན་གྱི་གྲས་རེད། མྱ་ངན་ཞུ།
ཁོ་བོ་ས་རཱ་མཐོ་སློབ་ལ་ཡོད་སྐབས་ཨ་རིའི་ཨིན་ཌི་ཡ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཨེ་ལིཊ་སི་པེར་ལིང་Prof. Elliot Sperling ཁོང་གདན་འདྲེན་ཞུས་བྱུང་། དེ་དུས་ཁོང་གིས་“ཁྱོད་ཚོ་བོད་པས་བོད་ལ་རང་བཙན་མི་དགོས་ལབ་ན། ང་ཚོ་ཨ་རིས་ཁྱོད་ཚོ་ལ་རང་བཙན་དགོས་རེད་ལབ་ས་མི་འདུག །ཁྱོད་ཚོ་བོད་པས་ང་ཚོ་རྒྱ་ནག་ཆ་ཤས་ཡིན་ལབ་ན། ང་ཚོ་ཨ་རིས་ཁྱོད་ཚོ་རྒྱ་ནག་ཆ་ཤས་མ་རེད་ལབ་ཐབས་མི་འདུག །མ་གཞི་བོད་པས་བོད་ལ་རང་བཙན་རྩོད་ན། ཨ་རི་སོགས་ཀྱིས་རྒྱབ་སྐྱོར་བྱེད་མ་རེད་ཟེར་ན་སྐྱག་རྫུན་རེད། ཁྱོད་ཚོས་རང་བཙན་རྩོད་ན་དབུ་མའི་ལམ་རྩོད་པ་ལས་རྦད་དེ་རྒྱབ་སྐྱོར་མང་བ་རག་གི་རེད། བོད་རྒྱ་ནག་གི་ཆ་ཤས་ཡིན་ན་དགའ་མཁན་རྒྱལ་ཁབ་སུ་གཅིག་ཡོད་མ་རེད། ཐ་ན་དེ་ཙམ་ཡང་ཁྱོད་ཚོས་ཤེས་མི་འདུག །སྤྱིར་བཏང་དབུ་མའི་ལམ་ཟེར་བ་འདི་ཐེག་པ་ཆེན་པོ་ཆོས་ཚིག་རེད། ཚིག་འདིའི་གོ་བ་རྣལ་བ་ཞིག་བོད་མིའི་ནང་ལ་ཤེས་མཁན་ཉུང་ཉུང་ཡིན་ན། གཞན་པས་ག་བ་ཤེས་རེད། འདི་ཆབ་སྲིད་ནང་ལ་ཁུར་ན་ཆབ་སྲིད་ནང་ལ་ཁུངས་ཆོད་པའི་ཐ་སྙད་གང་ཡང་མ་རེད། བོད་རང་བཙན་མི་དགོས་ཟེར་བའི་སྐད་ཆ་འདི་ད་ལྟ་ཕྱི་འཐེན་བྱེད་དགོས་རེད། འདི་འདི་ལྟར་བྱས་ནས་བཞག་ན་འདིས་བོད་མི་རིགས་ཕུང་གི་རེད།„ ཅེས་གསུངས་ཡོད།
ཨེ་ལིའོ་ཊི་ སྤེར་ལིང་། (Elliot Sperling)སྐུ་གཤེགས་པ་ལ་མྱ་ངན་ཞུ། ཁོང་ནི་བོད་པའི་ནང་ན་བོད་རང་བཙན་འཐབ་རྩོད་པ་ཡིན་ཞེས་ཁ་གངས་སྐྱིད་ལ་འཁོར་ནས་སྐད་རྒྱག་མཁན་ཚོ་དང་གཏན་ནས་མི་འདྲ་བར། ཁ་རྒྱ་ནག་ལ་འཁོར་ནས་བོད་རང་བཙན་གླེང་མཁན་ཞིག་ཡིན།
སྐུ་ཞབས་སྤེར་ལིང་མཁས་དབང་མཆོག་གི་སློབ་སྦྱོང་མཛད་པའི་ལོ་རྒྱུས་སློབ་དཔོན་དགེ་འདུན་རབ་གསལ་ལེགས་ཀྱིས་བསྒྱུར་པ་བཀླགས་པས། བོད་ཀྱི་སྐོར་ལ་མཁྱེན་པ་མངའ་བ་སྐུ་ཞབས་སྤེར་ལིང་མཆོག་སྐུ་གཤེགས་པར་མྱ་ངན་དང་འབྲེལ་བོད་ཀྱི་བླ་མ་སངས་རྒྱས་ཆོས་དགེ་འདུན་གྱི་བྱིན་རླབས་དང་། རང་ཉིད་ཀྱི་བོད་སྐོར་སློབ་སྦྱོང་མཛད་པའི་བག་ཆགས་བཟང་པོས་སླར་ཡང་མི་ལུས་རིན་པོ་ཆེ་ཐོབ་ནས་སྐྱེ་བ་འདི་བཞིན་བོད་ཆོས་དང་མཇལ་བའི་གཞོན་ནུ་སྟོབས་དང་ལྡན་པར་གྱུར་ཅིག་ཅེས་ཡིད་སྨོན་ཞུ། སྐུ་གཤེགས་ཁོང་དང་མཉམ་དུ། ༡༩༨༧ ལ་རྒྱ་ནག་ཀྲིན་ཏུ་ནས་བོད་ལྷ་ས་མགྲོན་ཁང་བ་ནག་ཤ་བར་དུ་མཉམ་དུ་འགྲོ་བའི་ལོ་རྒྱུས་མཆིས་སོ།
དགེ་འདུན་རབ་གསལ་ལགས་ཀྱིས་དགེ་རྒན་ཨེ་ལེ་ཊི། སེ་པར་ལིང་གི་ལོ་རྒྱུས་ངོ་སྤྲོད་ཅན་གྱི་རྩོམ་དེ་བསྒྱུར་བར་ལེགས་སོ་བརྗོད། འདས་པོ་ཁོང་གིས་སྔ་ཕྱིར་བོད་མི་དང་བོད་ཀྱི་རིག་གཞུང་ལ་རྒྱབ་སྐྱོར་མཛད་པ་འདིར་ཡི་རང་དང་བཀའ་དྲིན་ཆེ་ཞུ་འདོད།
སེམས་སྐྱོ་ཡས་རེད། རྒྱ་ནག་འདི་ཉིན་རེ་བཞིན་སྟོབས་ཆེན་དུ་གྱུར་ཏེ། བོད་ཀྱི་བསྟན་པ་ཕྱོགས་གང་ས་ནས་ཞིག་འགྲོ་བཞིན་པའི་སྐབས་ལ། བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱི་ཞབས་འདེགས་ཞུ་མཁན་ཁོང་ཕེབས་སོང་། རྒྱ་ནག་གཞུང་གིས་ཁོང་གི་དགེ་རྒན་གྱི་ས་དམིགས་དེ་མེད་པ་བཟོ་ཆེད་དཀའ་ལས་ཆེན་པོ་བརྒྱབ་ནས་འབྲས་བུ་ཐོན་པ་རེད། ད་ཆ་ཁོང་གི་ས་དམིགས་དེ་མེད་པ་བཟོས་ཚར་པ་རེད།
ལྷ་དང་ཆོས་སྐྱོང་ལ་དགའ་བའི་ང་ཚོ་ཕམ་སོང་། སྲིད་དང་དམག་ལ་དགའ་བའི་ཁོང་ཚོ་ཐོབ་སོང་། ད་དུང་ང་ཚོས་ཉིན་ལྟར་ལྷ་གསོལ་ནས་སྡོད་པ་འདི་་་་་་་་་་་་་
ད་གོང་ས་མཆོག་སྐུ་ཞིང་ལ་ཕེབས་རྗེས་བོད་འདི་ལོ་ཉི་ཤུའི་ནང་ལ་འགྱུར་བ་ཆེན་པོ་འགྲོ་རྒྱུ་རེད། དང་པོ་བོད་ནང་ལ་བོད་སྐད་མེད་པ་བཟོ་རྩིས་འདུག། བྱིས་གཉོར་ཁང་ནང་ལ་རྒྱ་སྐད་མ་གཏོགས་བོད་སྐད་ཤོད་མི་ཆོག་པ་བཟོས་ཚར་ལ་ཉེ།
ཕྱི་ལུགས་པ་ཡིས་གསོན་པོར་ཆེ་མཐོང་སྤྲད།
ལེགས་ཉེས་བྱ་བཞག་རྣམ་དཔྱོད་རིག་པས་འབྱེད།
བོད་པ་ཚང་གིས་ཤི་རྗེས་ཆེ་མཐོང་སྤྲད།
མ་རེད་མ་འཇོན་ཚུལ་གྱི་སྡུག་ཤི་བགྲངས།
ཕྱི་ལུགས་པ་ཡིས་གསོན་པོར་ཆེ་མཐོང་སྤྲད།
ལེགས་ཉེས་བྱ་བཞག་རྣམ་དཔྱོད་རིག་པས་འབྱེད།
བོད་པ་ཚང་གིས་ཤི་རྗེས་ཆེ་མཐོང་སྤྲད།
མ་རེད་མ་འཇོན་ཚུལ་གྱི་སྡུག་ཤི་བགྲོངས།
གཅེས་པའི་དགེ་རྒན་ཞིག་དང་གྲོགས་ཀྱི་དཔུང་གཉེན་ཞིག་རྗེས་སུ་དྲན་པ།
་
http://tibettimes.net/sperling-2/