–ཨ དོན་ཉི། (ཨ་རི།)
—–སེང་རྡོར་གྱི་རྩོམ་རྩལ་གྱིས་ཡིད་བསྐྱོམས་ནས་སེང་རྡོར་ལ་བྲིས་པ།
ཨ་མདོ་རྐང་ཚའི་ཡུལ་གྱི་སྙན་ངག་པ། །
གངས་རི་སྐྱ་བོར་འཁྱུག་པའི་སྐར་མདའ་བཞིན། །
ཆུང་དུས་སྤྲུལ་སྐུར་བདམས་པའི་སྙན་ངག་པ། །
གཟན་ཤམ་དམར་པོ་རླུང་དུ་འཕྱོ་བ་བཞིན། །
དགོན་པའི་ལྕགས་སྒོ་གཏོར་བའི་སྙན་ངག་པ། །
རྩལ་དང་རིག་པ་འབར་བའི་མི་ཧྲེང་ཞིག །
བྲག་ལ་རྐང་རྗེས་ཕབ་པའི་སྙན་ངག་པ། །
ཁྱུང་ཆེན་མཁའ་ལ་ལྡིང་བའི་གཤོག་འགྱུར་ཞིག །
དགོན་ནས་གྲོང་ལ་གཤེགས་པའི་སྙན་ངག་པ། །
ལ་ལས་བླ་རུ་བཀུར་བའི་སོ་སྐྱེས་ཤིག །
རིགས་ཀྱི་རྐང་དུང་འབུད་པའི་སྙན་ངག་པ། །
འགའ་རེས་དགྲ་རུ་འཛིན་པའི་ཉེས་ཅན་ཞིག །
མྱི་སྐད་ཐག་ཐག་སྨྲ་བའི་སྙན་ངག་པ། །
ཤར་ནས་ནུབ་ལ་ལྷུང་བའི་སྐར་ཚོམ་ཞིག །
ཟུར་གསུམ་ཟླུམ་པོར་སྨྲ་བའི་སྙན་ངག་པ། །
རི་ཀླུང་ཤིག་ཤིག་གཡོ་བའི་ལས་འགུལ་ཞིག །
སྔོན་ཆད་ཆོས་སྒོར་ཞུགས་པའི་བསོད་སྙོམས་པ། །
རྒྱུ་དང་དབང་ཐང་ཆུང་བའི་སྤྲང་པོ་ཞིག །
བར་ལམ་རྒོད་ལ་ཤོར་བའི་སྙན་ངག་པ། །
རྟུལ་ཕོད་དེབ་ཀྱིས་མི་རྣམས་བསད་ཅིང་བསྒྱེལ། །
བཅད་གསར་ཐོག་མདའ་འཚུབ་པའི་སྙན་ངག་པ། །
སྟོན་པ་ཤཱཀྱ་ཐུབ་པ་དགག་མཁན་ཞིག །
འབོལ་རྩོམ་འགད་རྫས་ཐོགས་པའི་སྙན་ངག་པ། །
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སུན་འབྱིན་བྱས། །
ད་སྐབས་ཁྱིམ་ཚང་སྐྱོང་བའི་སྙན་ངག་པ། །
ཡི་གེའི་རྟ་དམག་འཚོས་པའི་གྱད་མི་ཞིག །
གཟུགས་པོ་ཕྲ་ཞིང་རིང་བའི་སྙན་ངག་པ། །
བཅད་གསར་ལམ་ནས་སྨྱོ་བར་ཟླ་དང་བྲལ། །
གནམ་འོག་འུར་ལ་བསྐྱོན་པའི་སྙན་ངག་པ། །
ལྷ་དང་ལྷ་མོའི་རྐུབ་ལ་ལྡག་མཁན་ཞིག །
གངས་ཀྱི་གཡུ་རལ་སིག་པའི་སྙན་ངག་པ། །
སྨྲ་བྱེད་ལྕེ་ལ་རང་བཙན་ཐོབ་པ་ཞིག །
དུས་ཀྱི་ངར་སྐད་འབྱིན་པའི་སྙན་ངག་པ། །
ནགས་ཚལ་སྤྲུགས་སྤྲུགས་གཏོང་བའི་སེང་གེ་ཞིག །
མྱི་སྙིང་རློན་བཏོག་བྱེད་པའི་སྙན་ངག་པ། །
ཝ་སྐྱེས་ལྐུགས་པར་བྱེད་པའི་ཆུ་གླང་ཞིག །
ལུས་བྱད་འཇོང་འཇོང་ཡིན་པའི་སྙན་ངག་པ། །
འཇིག་རྟེན་མུན་མདའ་ཕོག་པའི་བྱ་རྒོད་ཅིག །
ཆོས་ལ་དོགས་སློང་བྱས་པའི་སྙན་ངག་པ། །
དད་འབངས་ཁྲོས་ཤིང་སྡང་སའི་དགྲ་ཡ་ཞིག །
མགོ་འཕང་གནམ་ལ་ཟུག་པའི་སྙན་ངག་པ། །
གངས་རི་ལྡིང་ཤེས་འཕུར་བའི་སྤོབས་པ་ཞིག །
བྲང་རྩིད་ས་ལ་དྲུད་པའི་སྙན་ངག་པ། །
ངག་ལ་ཆུ་བོ་འབབ་པའི་གཡུ་འབྲུག་ཅིག །
མུན་ནག་རྦབ་ཏུ་འགམ་པའི་སྙན་ངག་པ། །
ས་གཞི་སེར་པོ་བརྒལ་བའི་གཅན་གཟན་ཞིག །
ཁེར་རྐྱང་གྲོགས་སུ་བསྟེན་པའི་ཐ་སྙད་པ། །
སྲིད་པའི་རྫ་སྒང་ཉུལ་བའི་རི་དྭགས་གཅིག །
མི་ཡི་གཉུག་གཤིས་དྭངས་བའི་སྙན་ངག་པ། །
དགག་བསྒྲུབ་སྙིང་པགས་མཐུག་པའི་སྲོག་སྲ་ཞིག །
རིགས་ཀྱི་ཉི་ཟླ་བསུ་བའི་སྙན་ངག་པ། །
ཚོར་བའི་རྟ་ཁྱུ་འདེད་པའི་ཨ་སྐྱོ་ཞིག །
རི་དང་ལ་མོར་བརྟོལ་བའི་སྙན་ངག་པ། །
གངས་ཀྱི་སྒལ་པར་ཟུག་པའི་སྡེར་མོ་ཞིག །
རྩོད་ལ་ཐེ་ཚོམ་མེད་པའི་སྙན་ངག་པ། །
ཁ་ལྕེ་མེ་ལ་འབར་བའི་འབྲོག་པ་ཞིག །
དྲང་པོ་དྲང་རྐྱང་སྨྲ་བའི་སྙན་ངག་པ། །
གཉའ་བ་གནམ་ལྟར་མཐོ་བའི་གླུ་བ་ཞིག །
འཚོ་བའི་བདེན་པ་གྱེར་བའི་སྙན་ངག་པ། །
དཀར་བོ་དམར་པོར་བསྒྲུབ་པའི་རྟགས་གསལ་ཞིག །
ཁྱོད་ཀྱི་དོགས་སློང་རིག་པའི་ལྗགས་རྩེད་ལ། །
མཁས་པ་ཚིལ་དྲེགས་ཅན་ཚོས་མ་བཟོད་ནས། །
ཉེས་པ་རི་བོ་འདྲ་རེ་ཁྱོད་ལ་གཡོགས། །
དགག་རྒྱག་གཏོར་མ་འདྲ་རེ་ཁྱོད་ལ་བསྡེབས། །
ཁྱོད་ཀྱི་རྩོམ་རྩལ་གློག་གི་རོ་ལྕེ་ལ། །
ཅོལ་ཆུང་གཡམ་རྒྱུགས་པ་ཚོ་དགའ་དྲགས་ནས།།
དཀར་འདོན་ཉི་མ་འདྲ་རེ་ཁྱོད་ལ་བྱས། །
བསྙེན་བཀུར་མཆོད་པ་འདྲ་རེ་ཁྱོད་ལ་བཤམས། །
ཉི་མའི་ཅོ་ཐོ་འཛིན་པའི་སྙན་ངག་པ། །
ཉིས་སྟོང་བཅུ་བདུན་ཚེས་པའི་ལོ་ཆང་ལ། །
སྙན་ངག་ལུག་ཁྱུ་འདྲ་རེ་དེད་ཡོང་ཐལ། །
ཡི་གེ་སྤྲིན་དཀར་འདྲ་རེ་ཕབ་བཞག་ཐལ། །
2017/2/2 དགོང་མོར་བྲིས།
རྐང་ཚའི་ཡུལ་གྱི་ན་གཞོན་སྙན་ངག་པ།།
ཨ་མདོའི་ཡུལ་གྱི་ན་གཞོན་ཤོབ་རྒན་བོ།།
མི་རབས་གསར་བའི་མི་བུ་ཁ་སྟོང་བོ།།
ཀུན་གྱི་ཁ་ན་སེང་རྡོར་འབྲུག་ལྟར་གྲགས།།
དང་ཐོག་ངེས་འབྱུང་ཕྲ་མོས་བློ་ཡིད་དྲང་།།
ཆོས་བ་རྣམ་དག་ཞིག་གི་ཚབ་མཚོན་བྱས།།
བར་དུ་ཆོས་ཁྲིམས་དམ་པོར་སེམས་ལ་སྡུག།
དབེན་གནས་ཤུལ་དུ་བཞག་ནས་གྲོང་ལ་ཉུལ།།
༅༅། རང་ཡུལ་རྒྱ་ནག་དམར་པོས་བཙན་འཕྲོད་བྱས།
བཙན་པོའི་གདུང་རྒྱུད་གངས་ཅན་བོད་མི་རྣམས།
གཞན་ཡུལ་གང་སར་འགྱར་ནས་གནས་པ་འདི།
སྐྱོ་ཡང་སྐྱོ་ལ་ལས་དབང་གཅིག་ལ་སོམས།
ལྷ་དང་བླ་མ་དཀོན་མཆོག་རྣམ་གསུམ་ནས།
མ་འགྱངས་ད་ལྟ་ཉིད་དུ་སྒྲུབས་ཤིག་ཀྱེ།
རང་ཡུལ་གངས་ཅན་ཞིང་དུ་བདེ་སྐྱིད་ཞིག།
མྱུར་དུ་བཞད་པའི་ཐུགས་རྗེའི་འཛིན་པ་ཞུ།