རྩེཿ མུན་སེལ།
ཞོགས་སྔའི་དུས་ཀྱི་བཟླས་བརྗོད་མ་བགྱིས་གོང་།།
ལུས་ཀྱི་རྩལ་སྦྱོང་བྱ་བ་མ་འགྲུབ་སྔུན།།
ནང་ཇའི་དུས་ཀྱི་མཆོད་ཁ་མ་ཕུལ་སྒང་།།
དྲྭ་རྒྱའི་བྱ་བར་འཇུག་པའི་དམ་བཅའ་བརྟན།།
གྲོགས་ཀྱི་ཆེད་དོན་འཕྱིས་ཀྱང་ལྷོད་ཆིག་གེ།
བཟའ་ཟླས་གཤེ་གཏམ་བྱས་རུང་ནག་ཀྲོང་ངེ་།།
ཚོང་གི་འཆར་གཞི་འཁྲུགས་ཀྱང་སོས་དལ་ལེ།།
ཏིང་འཛིན་མི་གཡོ་དྲྭ་རྒྱའི་བསྒོམ་ལ་ཡན།།
སྲང་ལམ་འགྲིམ་བཞིན་དེ་ཉིད་སྔོག་ལ་རིངས།།
ཉོ་བཅའ་རྒྱག་ཞོར་དེ་ཉིད་འཕུར་ལ་དགའ།།
ཆབ་གསང་གཏོང་གིན་དེ་ཉིད་བཤེར་ལ་རྔམ།།
དྲྭ་རྒྱའི་བྱ་བར་འཇུག་པའི་བརྩོན་འགྲུས་བརྟན།།
རུམ་གྱི་ཆུང་མ་འཁྱམས་པའི་ཤུལ་ཞིག་ན།།
ཁྱིམ་གྱི་བུ་ཕྲུག་ལྡོམས་པའི་འཚེར་ཞིག་ན།།
ཡི་དམ་དྲྭ་རྒྱའི་དགྱེས་པ་བསྐང་བའི་སླད།།
ཚོད་མེད་དངུལ་ཡོན་འབུལ་བའི་གཏོང་ཕོད་ཅན།།
གལ་ཆེའི་བྱ་བ་བཞག་ནས་སྒྲུབ་པར་ཕོད།།
ཉིན་གྱི་བཟའ་བཏུང་བཀག་སྟེ་འཇུག་པར་ནུས།།
མཚན་གྱི་གཉིད་བདེ་གཏུབ་ནས་སྡོད་པར་ཚུཊ།།
དྲྭ་རྒྱའི་བྱ་བར་འཇུག་པའི་བཟོད་སྟོབས་རྨད།།
རང་གཞན་འཆལ་གཏམ་སློང་ལ་ཧ་ཅང་གྲུངས།།
དོན་ཆུང་རྩེད་རིགས་འགྲེམས་ལ་ཤིན་ཏུ་མཁས།།
གཞོགས་འདྲིད་ཅི་དགར་སྨྲ་ལ་སུ་བས་མཛངས།།
དྲྭ་རྒྱའི་ལས་ལ་འཇུག་པའི་ཤེས་རབ་མཚར།།
ཉིན་ཡང་དྲྭ་རྒྱ་མཚན་ཡང་དྲྭ་རྒྱ་སྟེ།།
གཏན་དུ་དྲྭ་རྒྱའི་བྱ་བར་མ་བྱོལ་ཚེ།།
མི་ཚེའི་རིན་ཐང་མྱོང་བ་ཕར་བཞག་གི།
ཕོང་བའི་རྐྱེན་གྱི་ཆར་བ་འཛད་མེད་འབེབས།།
མཁྲིས་ནད་སྨན་ལ་མངར་བའི་རོ་མེད་དཔེ།།
ཤ་ཚའི་གཏམ་ལ་སྙན་པའི་རྣམ་པ་བྲལ།།
བསམ་པའི་ཚུལ་འགའ་མ་གསངས་ངག་ནས་ཐལ།།
ཐུགས་ཁྲེད་མ་མཛད་ཡུན་འདྲིས་གྲོགས་ཀྱི་ཕུལ།།
ཅེས་པའང་རྩེཿམུན་སེལ་དུ་འབོད་པས་2017 ཕྱི་ཚེས་3 ཉིན་གྲོགས་པོ་ཞིག་ལ་བྲིས་ཏེ་བསྐུར་བའོ།།
དྲ་རྒྱ་ཡོད་ན་ལས་ཀ་མེད། །
དྲ་རྒྱ་ཡོད་ན་ཉིན་ཟས་མེད། །
དྲ་རྒྱ་ཡོད་ན་མཚན་གཉིད་མེད། །
དྲ་རྒྱ་ཡོད་ན་མི་ཚེ་མེད། །
སྐྱོན་ཡོན་གཉིས་ལྡན་དྲ་ནང་མ་ཕེབས་སྔོན་།
ལེགས་པར་རྟགས་ནས་སྐྱོན་ཡོན་ངོས་འཛིན་དགོས་།
དངོས་པོ་ཐམས་བཅས་སྐྱོན་གྱི་ཕུང་པོ་རེད་།
ཤེས་བྱ་ཐམས་བཅས་ཡོན་ཏན་གྱི་ཕུང་པོ་རེད་།
སྐྱོན་ཡོན་ངོས་འཛིན་ཐུབ་ན་མཁས་པ་རེད་།
སྐྱོན་ཡོན་ངོས་འཛིན་མ་ཐུབ་བླུན་པོ་རེད་།
ལེགས་པར་རྟགས་ནས་དྲ་ནང་ཕེབས་པ་ན་།
དྲ་གྲོགས་ཀུན་ལ་ཤེས་བྱའི་ལམ་སྟོན་གཏེར་།