ཡོང་ཁུངས། ཡུ་རོབ་བོད་གནས་དྲ་བ།
ཕྱི་ཟླ་༢ པའི་ཚེས་༡༡ ཉིན་སིད་སུའི་གཞུང་འབྲེལ་ཚགས་ཤོག་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། སིད་སུ་གཞུང་གིས་སིད་སུའི་ནང་སྐྱབས་བཅོལ་ལ་འབྱོར་བའི་བཙན་བྱོལ་བོད་མི་ཚོས་ཐོབ་ཐང་ལག་ཁྱེར་དང་ཕྱི་བསྐྱོད་ལག་ཁྱེར་ཞུ་སྐབས་སྐྱེས་ཡུལ་རྒྱ་ནག་དང་རྒྱ་ནག་གི་མི་སེར་ཡིན་པ་ངོས་ལེན་བྱ་རྒྱུ་ཡིན་པ་དང་། སྔོན་མ་བོད་མིའམ་རྒྱལ་ཁོངས་མེད་པའི་མི་སེར་ཡིན་པ་ངོས་ལེན་བྱ་རྒྱུ་མིན་ལ། རྒྱལ་ཁོངས་དང་མི་སེར་ལ་འགྱུར་བ་ཕྱིན་རྗེས་བོད་མི་ཚོས་ཚོང་རྒྱག་པ་དང་ལྟ་སྐོར་སོགས་ལ་འགྲོ་སྐབས་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་དེ་འབྲེལ་ཡོད་ཡིག་ཆ་ལེན་དགོས་ཚུལ་བརྗོད་ཡོད་འདུག
སིད་སུའི་གཞུང་འབྲེལ་ཚགས་པར་གྱིས་མུ་མཐུད་བརྗོད་དོན་ལྟར་ན། ཡོ་རོབ་ནང་སྐྱབས་བཅོལ་གནད་དོན་གྱི་དཀའ་ངལ་རྒྱུན་རིང་འཕྲད་ཡོད་པར་བརྟེན་སིད་སུའི་གཞུང་གིས་སྐྱབས་བཅོལ་བ་ངོས་ལེན་གྱི་སྲིད་ཇུས་ཇེ་དམ་དུ་བཏང་ཡོད་པ་དང་། ༢༠༡༦ ལོའི་ཟླ་༡༡ བར་གྱི་གྲངས་ཐོ་ལྟར་ན། ན་ནིང་བཙན་བྱོལ་བོད་མི་ཚོ་ལ་སིད་སུའི་གཞུང་གིས་སྐྱབས་བཅོལ་ངོས་ལེན་གྱི་ཚད་གཞི་ཆེས་དམའ་ཤོས་དེ་ཆགས་ཡོད་འདུག་ལ། སྐྱབས་བཅོལ་ཞུ་མཁན་བོད་མི་མང་ཆེ་ཤོས་རྒྱ་གར་དང་བལ་ཡུལ་ནས་ཡོང་བ་དང་། རྒྱ་གར་དང་བལ་ཡུལ་ནང་དུ་འཚོ་ཐབས་དཀའ་ངལ་ཧ་ཅང་ཆེ་བས་ཁོང་ཚོ་སིད་སུའི་ནང་སྐྱབས་བཅོལ་དུ་འབྱོར་ཡོད་ལ། གལ་སྲིད་སྐྱབས་བཅོལ་ཡིག་ཆ་མ་རག་ཚེ་ཁོང་ཚོ་སྣེ་ལེན་ཁང་དུ་ཞག་སྡོད་བྱས་པ་དང་ཡང་ན་གླ་ཆ་དམའ་བའི་ལས་ཀ་ནག་པོ་བྱེད་དེ་སྡོད་དགོས་ཀྱི་ཡོད་ཚུལ་བཀོད་འདུག
གོང་གསལ་གནད་དོན་དེའི་ཐད་རྒྱ་ནག་གཞུང་འབྲེལ་བོད་ལྗོངས་དྲ་བའི་སྟེང་ལམ་སེང་སིད་སུའི་གཞུང་གི་བྱེད་སྟངས་དེ་ལ་བསྔགས་བརྗོད་བྱས་ཡོད་པ་དང་། བོད་མི་ཚོའི་ཐོབ་ཐང་ལག་ཁྱེར་སྟེང་གི་རྒྱལ་ཁོངས་བོད་དེ་རྒྱ་ནག་ཏུ་བསྒྱུར་བ་ནི་གནས་ལུགས་དང་མཐུན་པ་དང་། སིད་སུའི་སྐྱབས་བཅོལ་ལས་ཁུངས་ཀྱི་དྲུང་ཆེ་ཡིས་དེ་ནི་སྔོན་མ་ནོར་འཁྲུལ་ཤོར་བ་ཡོ་བསྲང་བྱས་པ་ཞིག་ཡིན་ཚུལ་བརྗོད་ཡོད་པ་བཀོད་འདུག་ལ། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱིས་སིད་སུའི་རྒྱལ་ཁབ་ནང་རྒྱལ་དོན་འཚམས་གཟིགས་སུ་བསྐྱོད་ཡོད་ལ། སིད་སུའི་གསར་ལམ་ཁག་གིས་དེ་ནི་རྒྱལ་ཁབ་གཉིས་ཀྱི་དབར་སྔར་བྱུང་མ་མྱོང་བའི་བློ་ཐག་ཉེ་བོ་བྱུང་བ་ཡིན་ཚུལ་སོགས་ཀྲུང་གོ་བོད་ལྗོངས་དྲ་བའི་སྟེང་བཀོད་འདུག
འདི་ག་ཡོ་རོབ་བོད་གནས་དྲ་བའི་༢༠༡༧ ལོའི་ཟླ་༨ པའི་ཚེས་༤ ཉིན་གོང་གསལ་གནས་ཚུལ་འདི་དང་འབྲེལ་ཡོད་ཀྱི་གསར་འགྱུར་ཞིག་བཀོད་ཡོད་ལ། སྐབས་དེར་སིད་སུའི་སྐྱབས་བཅོལ་ལས་ཁུངས་ཀྱིས་བོད་མི་ཚོའི་ཐོབ་ཐང་ལག་ཁྱེར་སྟེང་རྒྱ་ནག་གི་མི་སེར་རེད་ཅེས་འགོད་རྒྱུ་ཡིན་པའི་གནས་ཚུལ་ཐོན་སྐབས་སིད་སུའི་ནང་གནས་སྡོད་སྤྱི་ཟུར་བཀྲས་མཐོང་དབང་པོ་ཡིས་དེ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་འོག་སིད་སུའི་གཞུང་གིས་སྲིད་ཇུས་དེ་འདྲ་ཞིག་གཏན་འབེབས་གནང་བ་ཡིན་ཚུལ་གསར་འགོད་པར་བརྗོད་ཡོད་པ་དང་། སིད་སུའི་ནང་གི་བོད་མི་ཚོས་སྐབས་དེར་སིད་སུ་གཞུང་ལ་སྲིད་ཇུས་དེ་ཕྱིར་འཐེན་གནང་ཆེད་ཞུ་གཏུགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ནའང་ད་ལྟ་གྲུབ་འབྲས་ཅི་ཡང་སོན་མེད་པ་ངོས་འཛིན་བྱས་ཆོག་པ་ཞིག་རེད་འདུག
གོང་གི་༢༠༡༧ ལོ་དེ་༢༠༡༦ ལོ་རུ་བཅོས་རོགས། འདི་དང་འབྲེལ་བའི་གསར་འགྱུར་སྔ་མ་དེ་གཤམ་དུ་བཀོད་ཡོད།
སིད་སུ་བོད་མི་ཚོའི་ལག་ཁྱེར་སྟེང་རྒྱ་ནག་གི་མི་སེར་རེད་ཅེས་འགོད་རྒྱུ་ཡིན་འདུག
ཉེ་ཆར་སིད་སུའི་ཉིན་རེ་ཚགས་པར་Tagesanzeigerསྟེང་བཀོད་པའི་གནས་ཚུལ་ལྟར་ན། སིད་སུའི་སྐྱབས་བཅོལ་ལས་ཁུངས་ཀྱིས་སིད་སུའི་ནང་སྐྱབས་བཅོལ་ཞུས་ཡོད་པའི་བོད་མི་ཚོའི་ཐོབ་ཐང་ལག་ཁྱེར་སྟེང་རྒྱ་ནག་གི་མི་སེར་རེད་ཅེས་འགོད་རྒྱུ་ཡིན་པའི་སྲིད་ཇུས་གསར་བ་ཞིག་གཏན་འབེབས་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་འདུག་ལ། སྔོན་མ་སིད་སུའི་ནང་སྐྱབས་བཅོལ་ཞུས་ཡོད་པའི་བོད་མི་ཚོའི་ལག་ཁྱེར་སྟེང་རྒྱལ་ཁབ་གང་གི་མི་སེར་ཡིན་པ་གཅིག་གྱུར་གྱི་འབྲི་ཚུལ་ཞིག་བྱུང་མེད་པ་དང་། བོད་མི་ཁ་ཤས་ཀྱི་ལག་ཁྱེར་སྟེང་རྒྱལ་ཁབ་མེད་པ་Staatenloseབྲིས་ཡོད་འདུག་ལ། ཁ་ཤས་ཀྱི་ལག་ཁྱེར་སྟེང་བོདTibet བྲིས་ཡོད་པ་དང་། ཡང་ཁ་ཤས་ཀྱི་ལག་ཁྱེར་སྟེང་བོད་རྒྱ་ནག་Tibet(China)ཅེས་བྲིས་ཡོད་འདུག གལ་སྲིད་སྲིད་ཇུས་འདི་ལག་བསྟར་གནང་ཚེ་སིད་སུའི་མི་སེར་ཆགས་མེད་པའི་བོད་མི་ཚོའི་ཕྱི་བསྐྱོད་ལག་ཁྱེར་ཞུ་བར་རྒྱ་ནག་གཞུང་ཚབ་ཁང་ལ་འབྲེལ་བ་བྱ་དགོས་བ་ཆགས་ཀྱི་ཡོད་འདུག སིད་སུའི་སྐྱབས་བཅོལ་ལས་ཁུངས་ཀྱི་སྲིད་ཇུས་འདི་ལ་རྒྱ་ནག་གཞུང་འབྲེལ་གསར་འགོད་བརྒྱུད་ལམ་ཁག་གིས་དོ་སྣང་ཤུགས་ཆེན་བྱས་ཡོད་འདུག་ལ། ཁོང་ཚོས་འདི་ནི་རྒྱ་ནག་དང་སིད་སུའི་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་དམ་ཟབ་ཏུ་སོང་ཡོད་པའི་མཚོན་རྟགས་ཤིག་རེད་ཅེས་བརྗོད་འདུག ཡིན་ནའང་། སིད་སུའི་ནང་གནས་སྡོད་སྤྱི་ཟུར་བཀྲས་མཐོང་དབང་པོ་ཡིས་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་སིད་སུའི་གཞུང་གིས་སྲིད་ཇུས་དེ་འདྲ་ཞིག་གཏན་འབེབས་གནང་བ་ཡིན་ཚུལ་གསར་འགོད་པར་བརྗོད་ཡོད་འདུག་ལ། ད་ལྟའི་ཆར་སིད་སུའི་ནང་གི་བོད་མི་ཚོས་སིད་སུ་གཞུང་གིས་སིད་ཇུས་དེ་ཕྱིར་འཐེན་གནང་ཆེད་ཞུ་གཏུགས་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཐག་གཅོད་བྱས་ཡོད་འདུག
ཡོ་རོབ་བོད་གནས་དྲ་བའི་ཕྱི་ཟླ་༨ པའི་ཚེས་༤ ཉིན་སྤེལ།
ནམ་ཡང་ཡིད་ཆེས་མེད་པའི་ཕྱི་འབྲེལ་སྲིད་།
རེ་བ་བཅོལ་བ་བོད་མིའི་ཆབ་སྲིད་ནོར་།
འཛམ་གླིང་ཆབ་སྲིད་རི་འགོའི་དར་ལྕོག་ལ་།
ཡིད་ཆེས་མ་གནང་བོད་རིགས་སྤུན་ཟླ་ཚོ་།
མ་འོངས་པའི་ནང་རྒྱལ་ཁབ་ཚང་མའི་ནང་བོད་མི་སྐྱབས་བཅོལ་ཚོའི་གནས་སྟངས་འདི་ནང་བཞིན་ཆགས་ངེས་རེད།
ཧཧཧཧ་་་་གསར་འགྱུར་གསར་པ་གང་ཡང་མ་རེད། སུད་སིའི་མི་སེར་མ་ཆགས་བར་དུ་ལག་ལེན་འདི་རང་བཀར་ནས་འགྲོ་བཞིན་ཡོད་རེད་གདའ། གཞན་བོད་ནང་འགྲོ་ན་ད་ལྟའི་སྐབས་ཕྱི་མིའི་མི་སེར་ཡིན་མིན་ཚང་མ་རྒྱ་ནག་གཞུང་ཚབ་རྒྱུད་འགྲོ་ན་མ་གཏོགས་ལམ་ཀ་གཞན་ཨེ་ཡོད་དམ།