བཅར་འདྲི་ཞུ་ཡུལ། བོད་ནང་གི་གསར་འགོད་པ་ཞིག
བཅར་འདྲི་ཞུ་མཁན། རིག་འབྱུང་དོན་གྲུབ་བཀྲ་ཤིས།
དང་པོ།
སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་པའི་ཉིན་དེ་ག་རང་ལ་ཁྱེད་ཚོ་ལམ་ལ་ཆས་ཐུབ་སོང་ངམ།
ལན། ཚེས་༡༤ཉིན་གྱི་ཞོགས་པར་ས་ཡོམ་བརྒྱབ་པའི་གནས་ཚུལ་གོ་བ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཚོ་གནམ་གྲུར་བསྡད་ནས་ཟི་ལིང་ལ་སླེབས་སོང་།
དུས་ཚོད་་བཅུ་བའི་ཐོག་ལ་ང་ཚོས་ཚོགས་འདུ་ཚོགས་པ་རེད། དུས་ཚོད་བཅུ་གཅིག་གི་ཐོག་གསརའགོད་པ་རྣམས་སྐྱེ་རྒུ་མདོར་ཕྱིན་པ་རེད་། མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཁོངས་ནས་གསར་འགོད་པ་༥། ཧུའུ་ནན་བརྙན་འཕྲིན་ཁང་ནས་གསར་འགོད་པ་༢༠༠། ཀྲུང་དབྱང་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་རྒྱ་སྐད་སྡེ་ཚན་ནས་གསར་འགོད་པ་༡༠༠ མ་ཟིན་ཙམ་བཅས་ཁྱོན་བསྡོམས་གསར་འགོད་པ་༣༠༠ལྷག་ས་གནས་ས་ཐོག་ལ་ཕྱིན་པ་རེད། ཕ་གི་རང་ལ་དང་པོར་སླེབས་མཁན་ཀྲུང་དབྱང་བརྙན་འཕྲིན་ཁང་རེད། དེའི་རྗེས་ནས་ང་ཚོ་མཚོ་སྔོན་བརྙན་འཕྲིན་ཁང་རེད།
གཉིས།
ཁྱེད་ཚོ་ཤུལ་དུ་(ལས་ཁུངས་སུ་)སྡོད་མཁན་ཚོས་གཙོ་བོ་ག་རེ་བྱས་བ་ཡིན།
ལན། ང་ཚོ་ཤུལ་དུ་ཡོད་མཁན་ཚོས་། ཀྲུང་དབྱང་བརྙན་འཕྲིན་དང་རྒྱ་ཡིག་སྡེ་ཚན་གཉིས་ཀྱིས་བཏང་བའི་གསར་འགྱུར་ཁག་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་དེ་བརྙན་འཕྲིན་ནང་བཏང་བ་ཡིན། གཞན་ཟི་ལིང་བརྒྱུད་སྐྱེ་རྒུ་ལ་རོགས་སྐྱོབ་བྱེད་དུ་འགྲོ་མཁན་དང་སྐྱེ་རྒུ་ནས་ཟི་ལིང་ལ་འཁྱེར་ཡོང་བའི་ནད་པ་རྣམས། ནད་པ་དེ་ཚོ་དང་བླངས་གིས་གཉོར་མཁན་རྣམས་བཅས་ལ་བཅར་འདྲི་བྱས་ནས་ཐད་གཏོང་བྱས་བ་ཡིན། ད་དུང་ཉེ་འཁོར་གྱི་སྡེ་བ་དང་བླ་མ་ཚོས་བསྔོ་སྨོན་བྱེད་བཞིན་པ་དེ་ཡང་ཐད་གཏོང་བྱས་བ་ཡིན།
གསུམ།
སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཐད་ཁྱེད་ཚོས་ཀྲུང་དབྱང་དང་རྒྱ་ཡིག་སྡེ་ཚན་གྱི་གསར་འགྱུར་དེ་ཚོ་གཙོ་བོར་བཟུང་བ་རེད་དམ།
ལན། དེ་འདྲ་མ་རེད། ང་ཚོའི་གསར་འགྱུར་ལ་ཁུངས་གཉིས་ཡོད་པ་རེད། ཁུངས་གཅིག་དེ་ཀྲུང་དབྱང་དང་རྒྱ་ཡིག་སྡེ་ཚན་གྱིས་བཏང་བའི་གསར་འགྱུར་དེ་ཚོ་རེད།
ཁུངས་གཞན་ཞིག་དེ། ས་གནས་ས་ཐོག་ན་ཡོད་པའི་ང་ཚོའི་བོད་རིགས་གསར་འགོད་པ་ཚོའི་གསར་འགྱུར་དེ་རེད། ང་ཚོས་དེ་གཉིས་ཀ་མཉམ་དུ་བཏང་བ་ཡིན།
དེ་ལ་བོད་མི་མང་ཚོགས་ཚོས་དགའ་བསུ་ཆེན་པོ་བྱེད་ཀྱི་འདུག
བཞི།
ས་གནས་ས་ཐོག་ལ་འགྲོ་མཁན་གྱི་ཁྱེད་ཚོའི་གསར་འགོད་པ་ཚོར་དཀའ་ངལ་དམིགས་བསལ་འཕྲད་འདུག་གམ།
ལན། དཀའ་ངལ་དམིགས་བསལ་འཕྲད་མི་འདུག ཉིན་དང་པོ་དང་གཉིས་བ་གཉིས་ལ་ཁོང་ཚོར་ཟ་མ་དང་ཉལ་ས་སོགས་རག་མི་འདུག དཀའ་ངལ་གཙོ་བོ་ཞིག་སེམས་ཀྱི་དཀའ་ངལ་འཕྲད་འདུག གསར་འགྱུར་བཤད་དུས་ངུ་ཤོར་འགྲོ་བའི་ཚོར་བ་དེ་རེད། ཁོང་ཚོ་མི་ལྔ་བོ་ཕྱིར་སླེབས་དུས། ཕ་གིའི་ཚོར་བ་དེ་བཤད་མི་ཤེས་བར་འདང་རྒྱག་གི་ནང་ལ་ལྷུང་འདུག་མཁན་འདྲ་ཞིག་ཆགས་འདུག
ལྔ་།
གསར་འགྱུར་བཟོ་དུས་ཁྱེད་རང་ངུས་བ་ཡིན་ནམ།
ལན། མ་ངུས་བར་བསྡད་ཐུབ་ཀྱི་མི་འདུག གསར་འགྱུར་བཟོ་གིན་བཟོ་གིན་ཐེངས་མང་པོར་ངུ་དགོས་ཐུག་སོང་། ལྷག་པར་དུ། བྱིས་བ་ཆུང་ཆུང་དེ་འདྲར་བཅར་འདྲི་བྱེད་དུས།
ང་ཚོའི་ཁང་པ་བཤིག་སོང་རུང་སེམས་མི་སྐྱོ་གི་ ངའི་ཕ་མ་གཉིས་དང་སྤུན་མཆེད་ཚོ་ཡོད་པ་འདིའི་ཡན་གི་སྐྱིད་ཅིག་མེད་གི་ཟེར་བ་ལྟ་བུའི་སྐད་ཆ་དེ་ཚོ་གོ་ཡོང་དུས། མ་ངུས་བར་བསྡད་ཐུབ་གི་མི་འདུག
དྲུག
ཁྱེད་ཚོའི་གསར་འགོད་པ་ཚོ་(བོད་རིགས་གསར་འགོད་པ་ཚོ་_ད་རུང་སྐྱེ་རྒུ་མདོ་ན་ཡོད་དམ།
ཁ་སྔོན་འགྲོ་མཁན་གྱི་བོད་རིགས་གསར་འགོད་པ་ལྔ་བོ་དེ་ཕ་གི་ནས་ཉིན་ཉི་ཤུ་ལྷག་བསྡད་པ་རེད། དེའི་རྗེས་ནས་ཁོང་ཚོ་བརྗེས་བ་ཡིན། དེ་རིང་སང་ཉིན་ཁོང་ཚོའི་ཚབ་ལ་ཕ་གི་ན་་གསར་འགོད་པ་གསུམ་བསྡད་ཡོད།
བདུན།
ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཁྲོད་ཁྱོན་བསྡོམས་མི་གྲངས་ཇི་ཙམ་འདས་གྲོངས་སུ་ཕྱིན་ཡོད་མེད་ཀྱི་གྲངས་ཁ་གསལ་བོ་ཞིག་བཤད་རྒྱུ་ཡོད་དམ།
ལན། གྲངས་ཀ་གསལ་བོ་ཞིག་ང་ཚོ་ལ་ཡང་བཤད་རྒྱུ་མེད། མི་གྲངས་སུམ་སྟོང་ལྷག་གྲོངས་འདུག་ཟེར་བ་དེ་གཙོ་བོ་བདག་པོ་མེད་མཁན་ཚོ་རེད། བདག་པོ་ཡོད་མཁན་ཚོས་བེམ་པོ་དུད་ཁྲོད་ལ་འཁྱེར་འདུག ཏན་ཏན་གྲངས་ཀ་དེ་ལས་མང་བ་ཡོད་ཀྱི་རེད་འདོད། གྲངས་ཀ་ངོ་མ་དེ་ད་རུང་སུས་ཀྱང་ཤེས་ཀྱི་ཡོད་མ་རེད།
བརྒྱད།
ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཁྲོད་དགེ་འདུན་པ་ཚོས་རོགས་རམ་རྒྱ་ཆེར་གནང་འདུག་ཟེར། དེ་བདེན་པ་རེད་དམ།
ལན། དེ་དངོས་ཡོད་གནས་ཚུལ་རེད། དགེ་འདུན་པ་དང་དགོན་པ་གཉིས་ཀྱིས་མི་རྒྱུ་གཉིས་ཀས་རོགས་རམ་བྱས་སོང་། ཁ་ཞེ་གཉིས་མེད་ཀྱིས་རོགས་རམ་བྱས་སོང་། ངོ་མའི་དྲིན་ཆེན་རེད་བསམ་སོང་། དེ་ཚོ་ང་ཚོའི་བརྙན་འཕྲིན་ནང་ལ་བསྟན་པ་ཡིན། ས་གནས་ཀྱི་དམག་མིས་ཀྱང་རོགས་རམ་ཡག་པོ་བྱས་འདུག འོན་ཀྱང་། ཞིང་ཆེན་གཞན་པ་དང་ས་གནས་གཞན་པ་ནས་ཡོང་མཁན་གྱི་དམག་མི་ཚོས་ལྷག་བསམ་རྣམ་དག་གིས་རོགས་རམ་གནང་མི་འདུག
དགུ།
མི་རིགས་གཞན་པ་ཚོས་རོགས་རམ་ཡག་པོ་གནང་སོང་ངམ།
ལན། མི་རིགས་གཞན་པ་ཚོས་ཀྱང་རོགས་རམ་བྱས་སོང་། རྒྱ་རིགས་གཞས་པ་དང་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་ཚོས་དགུང་ཚོགས་བསྡུས་ནས་ཞལ་འདེབས་ཧ་ལས་བ་གནང་སོང་། ལྷག་པར་དུ། ད་ཐེངས་ཁ་ཆེའི་མི་རིགས་ཀྱིས་རོགས་རམ་དམིགས་བསལ་བྱེད་ཀྱིན་འདུག
བཅུ།
ཁྱེད་ཚོས་ཉིན་ལྟར་ལས་ཀ་དུས་ཚོད་ཅི་ཙམ་ལ་ལས་བ་ཡིན།
ལན། ས་ཡོམ་གྱི་གོད་ཆག་བྱུང་བའི་སྐབས་སུ། ང་ཚོས་ཉིན་མཚན་གཉིས་ཀར་ལས་ཀ་བྱས་བ་ཡིན། ཟ་མ་ཟ་དུས་ཁ་རེ་བསྐོར་ནས་ལས་ཀ་བྱས་བ་ཡིན། ཆ་སྙོམས་ཉིན་གཅིག་ལ་དུས་ཚོད་བཅུ་དྲུག་ལ་ལས་ཀ་བྱས་བ་ཡིན། ཐོག་མའི་ཆར་ཅུང་ཙམ་ཐང་ཆད་ཀྱི་འདུག་མོད། རྗེས་ནས་དེ་ལ་གོམས་སྟེ་ཐང་ཆད་པའི་སྣང་བ་མི་འདུག
བཅུ་གཅིག
སྐྱེ་རྒུ་མདོའི་ས་ཡོམ་གྱི་གནད་དོན་ཐད་ཁྱེད་ཚོས་སྤྱི་ཡོངས་ནས་ལས་ཀ་ཇི་ལྟར་བྱས་བ་ཡིན།
ལན། ང་ཚོས་བོད་སྐད་སྡེ་ཁག་གི་སྡེ་ཚན་རེ་རེ་ལ་ལས་ཀ་བགོ་བཤའ་བརྒྱབ་པ་རེད། དཔེར་ན། གསར་འགྱུར་སྡེ་ཁག་གིས་ས་ཡོམ་གྱི་དོན་གནད་གལ་ཆེ་བ་དེ་ཚོ་བསྟན་པ་རེད།
ང་ཚོའི་སྡེ་ཚན་གྱིས་གསར་འགྱུར་རེ་རེའི་རྒྱབ་ན་ཡོད་པའི་གཏམ་རྒྱུ་དེ་ཚོ་འགོ་སྔ་ཚང་བ་ཞིག་བཟོས་ནས་བསྟན་པ་ཡིན། ད་དུང་། ཆེད་བསྒྲིགས་ལེ་ཚན་གྱིས་གཙོ་བོ་ནད་པའི་བདེ་སྡུག་གི་སྐོར། བྱིས་བའི་ལེ་ཚན་གྱིས་ཤུལ་དུ་ལྷག་པའི་དྭ་ཕྲུག་ཚོའི་གནས་སྟངས་སྐོར། དངོས་བྲིས་ལེ་ཚན་གྱིས་མི་སྣ་སྒེར་གྱི་གནད་དོན་སྐོར། རིག་རྩལ་ལེ་ཚན་གྱིས་ས་འགུལ་ལ་སེམས་གསོའི་གླུ་གཞས་ཀྱི་སྐོར། ཁ་བརྡ་གླེང་སྟེགས་ཀྱིས་རོགས་རམ་དང་རོགས་སྐྱོར་བྱེད་དུ་འགྲོ་མཁན་གྱི་སྐོར་བཅས་ལེ་ཚན་ཚང་མས་ས་ཡོམ་གྱི་སྐོར་གྱི་གནས་ཚུལ་རྐྱང་བསྟན་པ་ཡིན།
བཅུ་གཉིས།
ཐེངས་འདིའི་ཁྱེད་ཚོའི་གསར་འགྱུར་གཏོང་སྟངས་ལ། བོད་ཕྱི་ནང་གཉིས་ན་བསྟོད་བསྔགས་བྱེད་ཀྱི་འདུག ཁྱེད་རང་སྒེར་གྱིས་འདིའི་ཐད་ལ་ཅི་བསམ་གྱི་འདུག
ལན། དེ་གཙོ་བོ་ཀུན་སློང་ལ་ཐུག་འདུག་དྲན། ཀུན་སློང་ཡག་པོ་ཞིག་མེད་ན་ང་ཚོས་ཀྱང་དཀའ་ངལ་དེ་འདྲ་རྒྱག་གི་མ་རེད། དཔེར་ན། མཚོ་སྔོན་བརྙན་འཕྲིན་ཁང་ལྟ་བུ་ཡིན་ན།
རྒྱ་སྐད་ཀྱི་འཁོར་སྐར་གཅིག་དང་བོད་སྐད་ཀྱི་འཁོར་སྐར་གཅིག་བཅས་གཉིས་ཡོད་པ་རེད། རྒྱ་སྐད་ཀྱི་སྡེ་ཚན་ཁོངས་སུ་གསར་འགོད་པ་༧༠༠ལྷག་ཡོད་རེད།
བོད་སྐད་ཀྱི་སྡེ་ཚན་ཁོངས་སུ་གསར་འགོད་པ་༡༠༠མ་ཟིན་ཙམ་ཡོད་པ་རེད། རྒྱ་ཡིག་སྡེ་ཚན་གྱིས་ཐེངས་འདིའི་ས་ཡོམ་གྱི་ཐད་ལ་ང་ཚོ་ནང་བཞིན་གནས་ཚུལ་ཞིབ་ཚགས་པོ་དེ་འདྲ་བཏང་ཡོད་མ་རེད་། ང་ཚོར་མཚོན་ན། དཀའ་ལས་རྒྱག་དགོས་རེད་བསམ་པའི་ཀུན་སློང་དེ་ཡོད་པས། ལས་ཀའི་འགོ་ནས་མཇུག་བར་དུ་ཧུར་ཐག་བྱས་བ་ཡིན། ད་དུང་། རྒྱ་ཡིག་སྡེ་ཁག་དང་བོད་ཡིག་སྡེ་ཁག་གཉིས་བསྡུར་བ་ཡིན་ན། གསར་འགྱུར་གྱི་སྤུས་ཀ་དེ་ཡང་བོད་ཡིག་སྡེ་ཁག་གི་དེ་ཡག་གི་རེད་འདོད། བོད་ཡིག་སྡེ་ཁག་ཏུ་ལས་ཀ་བྱེད་མཁན་ཚོས་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་སྒང་ལ་གསར་འགྱུར་སྤུས་དག་པོ་བཟོ་ཐུབ་གི་རེད། འོན་ཀྱང་། རྒྱ་ཡིག་སྡེ་ཁག་གིས་དེ་འདྲ་ཡོང་གི་མི་འདུག དེ་ལ་ཡང་ཁྱད་པར་འདུག
བཅུ་གསུམ།
ཁྱེད་ཚོས་ད་དུང་ཡང་ས་ཡོམ་གྱི་སྐོར་ནས་གསར་འགྱུར་གཏོང་གི་ཡོད་དམ།
ལན། ཡོད། ཀྲུང་དབྱང་ནས་ད་ཐེངས་ཀྱི་ས་ཡོམ་དང་འབྲེལ་བའི་གསར་འགྱུར་གྱི་ལས་ཀ་དེ་ཚོ་སྡེ་ཚན་གསུམ་ལ་བགོས་འདུག དང་པོ། མྱུར་སྐྱོབ་ཀྱི་རིམ་པ། གཉིས་པ། རོགས་སྐྱོར་གྱི་རིམ་པ། གསུམ་པ། ཁྱིམ་ཚང་གསར་འཛུགས་ཀྱི་རིམ་པ་བཅས་རེད། དེ་རིང་སང་ཉིན། ང་ཚོས་གཙོ་བོ་ཁྱིམ་ཚར་གསར་འཛུགས་ཀྱི་སྐོར་ལ་གསར་འགྱུར་གཏོང་གི་ཡོད།
བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ།
བཅར་འདྲི་ཞུས་ནོ་བཟང་གི
” བྱིས་བ་ཆུང་ཆུང་དེ་འདྲར་བཅར་འདྲི་བྱེད་དུས།
ང་ཚོའི་ཁང་པ་བཤིག་སོང་ རུང་སེམས་མི་སྐྱོ་གི་ ངའི་ཕ་མ་གཉིས་དང་སྤུན་མཆེད་ཚོ་ཡོད་པ་འདིའི་ཡན་གི་སྐྱིད་ཅིག་མེད་གི་ཟེར་བ་ ལྟ་བུའི་སྐད་ཆ་དེ་ཚོ་གོ་ཡོང་དུས། མ་ངུས་བར་བསྡད་ཐུབ་གི་མི་འདུག ”
ཚིག་འདི་མཐོང་དུས་མཆི་མ་ཟེར་ནོ་ཐར་སེ་མི་གཏོང་གི་ན་ཨ་མའི་ཤ།
ལན་བརྒྱབ་པ་དེ་དག་ལ་ཡིད་སྟོན་འཕེལ་བ་ཞེ་དྲག་མི་འདུག དགེ་འདུན་པ་དང་བོད་པ་རྣམས་ཀྱིས་རོགས་སྐྱོར་ཆེན་པོ་བྱས་པ་དེ་ཚོ་མངོན་སུམ་མིག་གིས་མཐོང་རྒྱུ་འདུག དེ་ལ་རྩོད་པ་མི་འདུག འོན་ཀྱང་རྒྱ་ནག་ཞིང་ཆེན་གཉིས་ནས་གསར་འགོད་པ་མང་པོ་དེ་འདྲ་བཏང་བ་ཡིད་ཆེས་དཀའ་བ་དང། མཚོ་སྔོན་བོད་སྐད་གསར་འགྱུར་ཡང་རང་གིས་གང་བྱས་ཡོད་པ་ལྟ་བུ་བཤད་པ་དེ་དངོས་ཐོག་ན་བསྡད་ཨེ་ཡོད་བསམས། རྒྱ་ནག་གིས་གསར་འགྱུར་གྱི་སྲབ་མདའ་དེ་བཟུང་ཡོད་པ་དང་། དེ་རིང་ཡང་ནམ་རྒྱུན་ལས་དམ་པ་བྱས་ཡོད་པ་གསལ་པོ་རེད། ཡིན་ནའང་མཚོ་སྔོན་བོད་སྐད་གསར་འགྱུར་མི་སྣ་རྣམས་ཀྱིས་རང་ལ་ཐོབ་པའི་ཚད་ཡོད་རང་དབང་དེའི་ནང་དུ་རང་གིས་གང་ནུས་དཀའ་ལས་བརྒྱབ་ཡོད་པ་ལ་ཡིད་ཆེས་ཡོད་ལ། བསྔགས་བརྗོད་ཡོད། བཅར་འདྲི་ཞུ་ཡུལ་ཡང་རང་དབང་མེད་པའི་ལུང་པ་ནས་ལན་རྒྱག་དགོས་པར་བརྟེན་ཁོང་གི་གནས་བབ་ལ་བསམ་ཤེས་ཡོད།
མཚོ་སྔོན་བོད་སྐད་བརྙན་འཕྲིན་ལས་ཁང་གི་ལྷག་བསམ་ཅན་གྱི་བོད་མི་བཟང་པོ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
གོང་དུ་་སྤྲིན་བྲལ་ལགས་གྱི་གསུང་སྟངས་ལ་བལྟས་པས་ང་ལ་སེམས་འགུལ་ཟབ་མོ་ཞིག་ཐེབས་སོང་།
ཁྱད་པར་ཁོང་གིས།
“གཙོ་བོ་ཀུན་སློང་ལ་ཐུག་འདུག་དྲན། ཀུན་སློང་ཡག་པོ་ཞིག་མེད་ན་ང་ཚོས་ཀྱང་དཀའ་ངལ་དེ་འདྲ་རྒྱག་གི་མ་རེད།
དཔེར་ན། མཚོ་སྔོན་བརྙན་འཕྲིན་ཁང་ལྟ་བུ་ཡིན་ན། མཚོ་སྔོན་བོད་སྐད་མཚོ་སྔོན་བརྙན་འཕྲིན་ཁང་ལྟ་བུ་ཡིན་ན། རྒྱ་སྐད་ཀྱི་སྡེ་ཚན་ཁོངས་སུ་གསར་འགོད་པ་༧༠༠ལྷག་ཡོད་རེད། བོད་སྐད་ཀྱི་སྡེ་ཚན་ཁོངས་སུ་གསར་འགོད་པ་༡༠༠མ་ཟིན་ཙམ་ཡོད་པ་རེད། རྒྱ་ཡིག་སྡེ་ཚན་གྱིས་ཐེངས་འདིའི་ས་ཡོམ་གྱི་ཐད་ལ་ང་ཚོ་ནང་བཞིན་གནས་ཚུལ་ཞིབ་ཚགས་པོ་དེ་འདྲ་བཏང་ཡོད་མ་རེད་། ང་ཚོར་མཚོན་ན། དཀའ་ལས་རྒྱག་དགོས་རེད་བསམ་པའི་ཀུན་སློང་དེ་ཡོད་པས། ལས་ཀའི་འགོ་ནས་མཇུག་བར་དུ་ཧུར་ཐག་བྱས་བ་ཡིན། ད་དུང་། རྒྱ་ཡིག་སྡེ་ཁག་དང་བོད་ཡིག་སྡེ་ཁག་གཉིས་བསྡུར་བ་ཡིན་ན། གསར་འགྱུར་གྱི་སྤུས་ཀ་དེ་ཡང་བོད་ཡིག་སྡེ་ཁག་གི་དེ་ཡག་གི་རེད་འདོད། བོད་ཡིག་སྡེ་ཁག་ཏུ་ལས་ཀ་བྱེད་མཁན་ཚོས་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་སྒང་ལ་གསར་འགྱུར་སྤུས་དག་པོ་བཟོ་ཐུབ་གི་རེད། འོན་ཀྱང་། རྒྱ་ཡིག་སྡེ་ཁག་གིས་དེ་འདྲ་ཡོང་གི་མི་འདུག དེ་ལ་ཡང་ཁྱད་པར་འདུག”ཞེས་གསུངས་བ་ལ་གཟིགས་དང་བོད་རིགས་ནི་ཅི་འདྲའི་གཟི་བརྗིད་ཆེ་བ་ལ།
ཁྱེད་ཚོ་ལྟ་བུའི་བོད་མི་རིགས་ཀྱི་སྙིང་སྟོབས་དང་ཤེས་རབ་ལ། བདག་གིས་ལྷག་བསམ་རྣམ་དག་གིས་ཕྱག་འཚལ་ནས་གུས་བསྟོད་ཞུ་གི་ཡིན། དེ་རིང་ང་ཡི་སེམས་ལ་སླར་ཡང་བོད་མི་རིགས་ཀྱི་སྤོབས་པས་ཁྱབ་སོང་།
བཀའ་འདྲི་གནང་མཁན་རིག་འབྱུང་དོན་གྲུབ་བཀྲ་ཤིས་མཆོག་ནས་འདིར་གསལ་བཀོད་གནང་བར་ཐུགས་རྗེ་ཆེ་ཞུ།
བྱིས་བ་ཆུང་ཆུང་དེ་འདྲར་བཅར་འདྲི་བྱེད་དུས།
ང་ཚོའི་ཁང་པ་བཤིག་སོང་ རུང་སེམས་མི་སྐྱོ་གི་ ངའི་ཕ་མ་གཉིས་དང་སྤུན་མཆེད་ཚོ་ཡོད་པ་འདིའི་ཡན་གི་སྐྱིད་ཅིག་མེད་གི་ཟེར་བ་ ལྟ་བུའི་སྐད་ཆ་དེ་ཚོ་གོ་ཡོང་དུས། མ་ངུས་བར་བསྡད་ཐུབ་གི་མི་འདུག ”
ཚིག་འདི་མཐོང་དུས་མཆི་མ་ཟེར་ནོ་ཐར་སེ་མི་གཏོང་གི་ན་ཨ་མའི་ཤ།
མགོ་རུལ་ལགས། ཁྱོད་ཀྱི་མཆན་འདིས་ང་ངུ་རུ་བཅུག་སོང་།
བརྒྱད།
ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཁྲོད་དགེ་འདུན་པ་ཚོས་རོགས་རམ་རྒྱ་ཆེར་གནང་འདུག་ཟེར། དེ་བདེན་པ་རེད་དམ།
ལན། དེ་དངོས་ཡོད་གནས་ཚུལ་རེད། དགེ་འདུན་པ་དང་དགོན་པ་གཉིས་ཀྱིས་མི་རྒྱུ་གཉིས་ཀས་རོགས་རམ་བྱས་སོང་། ཁ་ཞེ་གཉིས་མེད་ཀྱིས་རོགས་རམ་བྱས་སོང་། ངོ་མའི་དྲིན་ཆེན་རེད་བསམ་སོང་། དེ་ཚོ་ང་ཚོའི་བརྙན་འཕྲིན་ནང་ལ་བསྟན་པ་ཡིན། ས་གནས་ཀྱི་དམག་མིས་ཀྱང་རོགས་རམ་ཡག་པོ་བྱས་འདུག འོན་ཀྱང་། ཞིང་ཆེན་གཞན་པ་དང་ས་གནས་གཞན་པ་ནས་ཡོང་མཁན་གྱི་དམག་མི་ཚོས་ལྷག་བསམ་རྣམ་དག་གིས་རོགས་རམ་གནང་མི་འདུག་་་་་་་་་་་་་
འདི་ནི་ཁོ་རང་གི་མཐོང་སྣང་དེ་ཡིན་པ་འདྲ། འོན་ཀྱང་གསར་ལམ་ཁག་ཏུ་དགེ་འདུན་པས་རོགས་རམ་བྱས་པ་ཆེར་མཐོང་རྒྱུ་མེད་པ་དེ་དབང་ཡོད་ཞིག་གི་ལག་འོག་ནས་འགོད་མ་ཐུབ་པ་ཡིན་རྒྱུ་རེད།
དྲི་བ་དྲི་ལན་གནང་མཁན་གཉིས་ཀ་ལ་ཐུགས་རྗེ་ཆེ།
བཅར་འདྲི་འདི་ཀློག་རྗེས་མིག་ཆུ་ཡང་བསྐྱར་ཐོན་སོང་།
ངོས་ནས་གོད་ཆག་སྐབས་མི་རིགས་ཀྱི་དབྱེ་བ་མ་བྱེད་པར་དགའ་སེམས་གཙང་མས་རོགས་བྱེད་མཁན་དག་ལ་ཐུགས་རྗེ་ཆེ་ཞུ།
ཡག་པོ་རེད།
ཐུགས་རྗེ་ཆེ།
ཐེངས་འདིའི་ས་འགུལ་གྱི་གནོད་སྐྱོན་སྐབས་སུ་མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགོད་པ་ཚོས་བྱས་རྗེས་རླབས་ཆེན་བཞག་སོང། བྱེས་གྱར་བོད་མི་རྣམས་སེམས་འགུལ་ཐེབས་སུ་བཅུག་སོང། ཁྱེད་རྣམ་པར་ཐུགས་རྗེ་ཆེ།
བཅར་བཅར་འདྲི་ཞུ་ཡུལ། བཅར་འདྲི་ཞུ་མཁན་དང་ཀློག་མཁན་གྱིས་ངུ་ཤོར་བའི་ཁྲོད་དུ། ་་་་་་་་རྒྱ་རིགས་གཞས་པ་དང་གློག་ བརྙན་འཁྲབ་མཁན་སྐད་གྲགས་ཅན་ཚོས་དགུང་ཚོགས་བསྡུས་ནས་ཞལ་འདེབས་ཧ་ལས་བ་གནང་ སོང་། ་་་། འདིས་ང་ཚོ་བོད་རིགས་ཚོ་རྒྱ་གཞུང་དང་མི་བདེ་བ་ཡོད་ན་ཡང་། རྒྱ་རིགས་ལ་བཟོད་སྲན་དང་གཅིག་ཕན་གཅིག་གྲོགས་དགོས་པ་གསལ་སྟོན་བྱུང་འདུག བོད་རྒྱའི་དམ་ཚིག་འོ་ཆུ་འདྲེས་འགྱུར་ཅིག །
བོད་རྒྱ་དམ་ཚིག་གཅིག་འདྲེས་ཀྱིས། །
རྒྱ་གཞུང་ཕུང་འདྲེ་འཇིགས་ལ་བརྩོན། །
བཙན་བྱོལ་བོད་རིགས་ནང་པ་ཞིག །
འདི་འདྲ་མ་བཤད་ཀ་མེད་ཆགས། །
ཀརྨ་རྡོ་རྗེ་ཁྱོད་ཅིས་མི་བདེན། བསམ་ཚུལ་ལ་རྗེས་སུ་ཡི་རངས་ཡོད།
བོད་མིའི་སྐྱིད་སྡུག་མཉམ་མྱོང་བསྐལ་པའི་བར་བརྟན་གྱུར་ཅིག
བཅར་འདྲི་འདི་རིན་ཐང་དང་ལྡན་པའི་དཔྱད་གཞིའི་ཡིག་ཆ་ཞིག་ཆགས་འདུག ཐུགས་རྗེ་ཆེ།
ངེད་ཀྱིས་བཅར་འདྲི་འདི་བྱེད་དུས་སེམས་ན་དམིགས་ཡུལ་གཉིས་ཡོད།
དང་པོ།
ད་ལོར་བོད་ཕྱི་ནང་གཉིས་ན་མཚོ་སྔོན་འཕྲིན་བརྙན་ཁང་དང་རྒྱང་བསྒྲགས་ཁང་གཉིས་ཀྱིས་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་གི་ཐད་གསར་འགྱུར་ཡག་པོ་བཏང་སོང་ཞེས་མི་མང་ཕལ་ཆེ་བས་ལབ་ཀྱི་འདུག དེར་བརྟེན། ཕ་གིར་གསར་འགོད་གྱི་ཕྱག་ལས་གནང་མཁན་ཞིག་ལ་འདིའི་ཐད་ནས་བཅར་འདྲི་ཐུང་ཙམ་བྱེད་ཐུབ་ན་ཡག་པོ་འདུག་བསམ་ནས་བཅར་འདྲི་འདི་བྱས་བ་ཡིན།
གཉིས་པ།
གནད་འགག་གི་སྐབས་སུ་བོད་ནང་གི་གསར་འགོད་པ་ཚོས་ཚད་ཡོད་པའི་རང་དབང་དང་ཁོར་ཡུག་དེ་བེད་སྤྱོད་བཏང་ནས་གསར་འགོད་ཀྱི་ཕྱག་ལས་གནང་སྟངས་འདི་ལ་ཕྱི་ལོགས་ན་ཡོད་མཁན་གྱི་བཙན་བྱོལ་བའི་གསར་འགོད་པ་ཚོས་བསམ་བློ་གཏོང་ས་ཞིག་འདུག་བསམ་ནས་བཅར་འདྲི་འདི་བྱས་བ་ཡིན། དེ་ཙམ་ཡིན།
ཉིན་འགའི་སྔོན་ནས་བོད་ནང་གི་མཆོད་མེ་དྲ་ཚིགས་སྒོ་ཕྱེ་ཐུབ་ཀི་མི་འདུག་པས། རྒྱ་རོ་ཚང་གིས་ཅིག་བྱས་པ་ཡིན་ས་རེད།
བཀུར་འོས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་བཅར་འདྲི་བྱས་པ་འདི།
གོང་དུ་སྐུ་ཞབས་རྡོར་དབང་ལགས་ཀྱིས་གསུངས་པ་ལྟར་ཐེངས་འདིའི་ས་འགུལ་དོན་རྐྱེན་གྱི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། དམིགས་བསལ་གྱི་བཅར་འདྲི་བྱེད་སྟངས་ཀྱི་རིན་ཐང་དེ་བས་ཀྱང་ཆེ་བས་ན། སེམས་བསམ་པའི་གཏིང་ནས་ཐོག་མར་བཀའ་དྲིན་ཆེ་ཞུ། ལྷག་པར་དུ་དྲ་གྲོགས་རྣམ་པའི་བློ་རིག་བསྒྲིམས་ནས་ཐེངས་འདིའི་ས་འགུལ་དོན་རྐྱེན་ཁྲོད། བོད་མི་རིགས་ཀྱི་མཐུན་སྒྲིལ་དང་ལངས་ཕྱོགས། རྣམ་འགྱུར་དང་ནུས་པ་སོགས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་དགོས་པ་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཏུ་མཐོང་། རྒྱུ་མཚན་ནི། བོད་མིས་བོད་མིར་ངོས་འཛིན་དང་སེམས་ཐག་ཉེ་བའི་འདུ་ཤེས་ཆེ་རུ་འགྲོ་བཞིན་ཡོད་པའི་རྒྱབ་ལྗོངས་ཤེས་པའི་ཆེད་དུ་རེད། ད་དུང་། ལོ་རྒྱུས་དང་ཉམས་མྱོང་གིས་བསླངས་པའི་ངོས་འཛིན་ཆེན་པོ་ཞིག་འཐོབ་བཞིན་པའི་གནས་ཚུལ་ཤེས་རྟོགས་རྙེད་པའི་ཆེད་དུའང་རེད། གང་ལྟར། གནད་འགག་གི་སྐབས་སུ་རིགས་མཐུན་བོད་མིའི་སྤྱི་དོན་དེ་བྱ་ཐབས་གསར་བརྗེ་དང་ངོས་འཛིན་ཟབ་མོ་ཞིག་གི་སྒོ་ནས་བསྒྲུབ་དགོས་པ་ནི། དུས་བབ་ཀྱིས་དེད་པའི་གཡོལ་དུ་མེད་པའི་འགྱུར་ལྡོག་ཅིག་མཚོན།