མཁན་པོ་བསོད་ནམས་དར་རྒྱས།
༡) མི་ཚེ་སློབ་སྦྱོང་གིས་སྐྱེལ་བ།
རེ་བ་དང་པོ་ནི། ཚང་མས་མུ་མཐུད་དུ་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཁྱེད་ཅག་གིས་བྱ་བ་རྙེད་ཡོད་མེད་གང་ཡིན་ཡང་། མི་ཚེ་འདི་སློབ་སྦྱོང་གིས་འདའ་བ་ཞིག་ངེས་པར་དུ་དགོས་ཏེ། འཇམ་མགོན་ས་པཎ་གྱིས། རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་པ་ལྟར་ཚེ་འདི་དང་ཕྱི་མ་གཉིས་ཀར་རིག་པས་ཕན་པས་མུ་མཐུད་དུ་སློབ་དགོས། དེ་མིན་འཇིག་རྟེན་ཚེ་འདིའི་བྱ་བཞག་ཁོ་ནའི་དབང་དུ་བྱས་ཀྱང་དེ་ལྟར་སློབ་དགོས་ཏེ། ཨ་རེའི་ཧ་མེན་བི(海明威)གྱིས་བྲིས་པའི་རྒན་པོ་དང་མཚོ་ཞེས་པའི་རྩོམ་ཡིག་དེར་ཁོང་གིས་ཞིབ་ཚགས་ཀྱི་སྒོ་ནས་ཐེངས་ཉིས་བརྒྱ་ཙམ་བལྟས་པས ༡༩༥༤ ལོར་ནོ་པེ་ཨར་རྩོམ་རིག་བྱ་དགའ་ཐོབ། ཁོས་ཁེངས་སྐྱུང་གིས་མི་ཚེ་དེ་སློབ་སྦྱོང་བྱས་ནས་འདའ་རྒྱུ་ཡིན། ཞེས་བཤད་ཡོད་པ་ལྟར་དངོས་གནས་དེ་ལྟར་དགོས་པ་ཡིན་ཀྱང་། དེང་སང་གི་ལས་བྱེད་པ་འགའ་རེས་གོ་གནས་ཤིག་ཐོབ་རྗེས་སློབ་སྦྱོང་ཕལ་ཆེར་ཆད་འགྲོ་བར་འདུག དེ་ལྟར་བྱས་ན་མི་འགྲིག་པས་མི་ཚེ་དེ་སློབ་སྦྱོང་དང་ལྷན་ཅིག་དུ་མཇུག་སྒྲིལ་བ་ཞིག་བྱེད་རྒྱུ་དེ་ངས་རེ་བ་ཡིན།
༢) འཇིག་རྟེན་ཡང་དག་གྱི་ལྟ་བ་མེད་མི་རུང་བ།
ལས་རྒྱུ་འབྲས་ཁས་ལེན་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཡིན། མགོན་པོ་ཀླུ་སྒྲུབ་ཀྱིས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་པ་ལྟར། ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ཡོད་མཁན་ཞིག་ལ་ཟེར་བ་རེད། འོན་ཀྱང་དེང་སང་ང་ཚོ་བོད་པ་ཚོ་འགའ་རེས་ཟོག་བཤའ་རྒྱུ་དང་ན་གཞོན་སྐྱེས་པ་ཚོ་རྐུན་མའི་ཚོགས་པར་ཞུགས་པ་དང་། བུད་མེད་རྣམས་སྨད་འཚོང་མའི་ནང་དུ་ཞུགས་པ་སོགས། ལས་རྒྱུ་འབྲས་མེད་པར་ལྟ་བའི་སྤྱོད་པ་བྱེད་ཅིང་། སྔར་བོད་ཀྱི་ཁྱད་ཆོས་དང་ཡ་རབས་ཀུན་སྤྱོད་ཀྱི་ཚུལ་དང་གཏན་མི་མཐུན་པ། ཧ་ཅང་སྐྱུག་བྲོ་བའི་གནས་སུ་འགྲོ་བཞིན་ཡོད། དེ་དག་ཐམས་ཅད་ནི་ཡག་པོ་མིན་པས། ད་ཕན་ཆད་ནས་ཚེ་འདི་ཕྱི་ཡོད་པར་ཤེས་པ་དང་ལས་རྒྱུ་འབྲས་ཡག་པོ་ཞིག་བརྩི་དགོས། ལས་དང་འབྲས་བུའི་རྣམ་བཞག་འདི་དག་ད་ལྟ་ང་ཚོའི་མིག་གིས་མི་མཐོང་ཡང་མེད་པ་ཡིན་མི་སྲིད་དེ། ཇི་སྐད་དུ། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །ལུས་ཅན་དག་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབས་ཚེ་ལྷག་པར་མངོན། །རིག་འཛིན་འཇིགས་མེད་གླིང་པས་ཡོན་ཏན་མཛོད་དུ་དེས་དོན་བཀྲལ་ཏེ། ལས་རྒྱུ་འབྲས་ཞེས་པ་དེ་དཔེར་ན་བྱ་ནམ་མཁར་འཕུར་བའི་དུས་སུ་དེའི་གྲིབ་མ་རེ་ཞིག་མི་མངོན་ཡང་། བྱ་དེ་མར་ས་ལ་བབ་པའི་སྐབས་སུ་གྲིབ་མ་ཡང་ལྷན་ཏུ་ནག་ཡོ་རེ་མངོན་ཡོང་བ་བཞིན་དུ། ཁྱོད་ཀྱིས་དེ་རིང་སྡིག་པ་ཞིག་བྱས་ན་དེའི་འབྲས་བུ་ད་ལྟ་ཉིད་དུ་མངོན་ཡོང་བ་མིན་ཡང་། ཚེ་ཕྱི་མ་དང་ཡང་ན་ཕྱི་མའི་ཕྱི་མ་སོགས་ལ་རྣམ་སྨིན་མྱོང་དགོས་པ་ཡིན་ཏེ། མངོན་པ་མཛོད་དུ་མཐོང་ཆོས་མྱོང་འགྱུར་དང་། སྐྱེ་ནས་མྱོང་འགྱུར་སོགས་ལས་ཀྱི་རྣམ་གྲངས་མང་པོ་ཞིག་གསུངས་ཡོད།
དེ་ལྟར་ཡིན་དུས་སེམས་ཅན་གྱི་ལས་དངོས་སུ་སྨིན་ཚར་ན། སངས་རྒྱས་བཅོམ་ལྡན་འདས་དངོས་སུ་བྱོན་ཡང་ལས་སྣང་དེ་གཞན་དུ་བསྒྱུར་དཀའ་མོ་ཡིན་ཏེ་མདོ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མི་ནུས། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་སོ། །དེ་ཡང་མི་ལ་ལའི་རྒྱུད་འདི་མ་རྟོགས་ལོག་རྟོག་གིས་ཡོངས་སུ་གང་ཡོང་དུས་དེས་ནི་སངས་རྒྱས་ཀྱི་གསུང་ཅི་མི་སྙམ་དུ་མི་བརྩི་སྟེ། རྒྱལ་ཚབ་བྱམས་པ་མགོན་པོས། མངོན་རྟོགས་རྒྱན་ལས། ལྷ་ཡིས་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་ས་བོན་སྐྱོན་ཅན་ཞིག་ཡིན་ན་ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་ལོ་ཏོག་དེ་སྐྱེ་མི་སྲིད་པ་བཞིན་དུ། ལོག་རྟོག་གིས་རྒྱུད་ཡོངས་སུ་བཅོམ་ཚར་བའི་བན་དེ་དང་མི་སྐྱ་ཕོ་མོ་རིག་གནས་པ་སོགས་ལ། ཆོས་ཀྱི་ཕན་ཐོགས་དཀའ་ཞིང་ཁོ་ཚོས་ཆོས་ལ་སྡང་སེམས་ཀྱི་སྐུར་འདེབས་བྱས་པ་སོགས་ཉེས་པ་ཆེན་པོ་བསགས་ཡོད་ལ། འོན་ཀྱང་ནམ་ཞིག་འཆི་བའི་གནས་སྐབས་ན་བོད་པ་ཞིག་ཡིན་ནས་བཟུང་། སུ་དང་སུ་ཡིན་ཡང་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་མཁན་ཉུང་ཤས་ཙམ་ཡིན་པས་ད་ལྟ་ཉིད་ནས་མྱུར་དུ་ཆོས་ལ་འབད་དགོས། ང་ཚོ་འཇིག་རྟེན་པའི་དཔེ་ལ། རང་རིན་པོ་ཆེས་མ་བསྐྱབས་ན། རོགས་ར་མ་མགོ་ཡིས་མི་སྐྱོབ། ཟེར་བ་དང་དེ་བཞིན་དུ། རྣལ་འབྱོར་རང་བཅའ། བ་རྔ་རང་ལྕག་སོགས་ཟེར་སྲོལ་ཡོད་པ་ལྟར་ཡིན།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །ལེགས་དང་ཉེས་པར་བྱེད་པ་ལ། །བདག་ཉིད་བདག་གི་དཔང་པོའང་ཡིན། །ཞེས་པ་ལྟར་རང་ཉིད་རང་གི་དགེ་རྒན་ཡིན་ལ་ལེགས་པ་དང་ཉེས་པར་བྱེད་པའི་བྱ་བ་ཐམས་ཅད་ལ། རང་ཉིད་རང་གི་དཔང་པོ་ཡང་ཡིན་དགོས། རང་གི་བྱ་བ་བཟང་ངན་གང་བསྒྲུབ་རང་གི་བལྟ་དགོས་མ་གཏོགས། དགེ་རྒན་དང་ཕ་མ་སོགས་ཀྱིས་མི་ཚེ་གཅིག་ལ་ཁྱོད་སྲུང་ནས་འདུག་མི་སྲིད། མི་རང་རང་སོ་སོའི་རང་གི་མི་ཚེའི་རྒྱང་བསྐྱོད་ཀྱི་མདུན་ལམ་དེ་ཅི་ལྟར་བྱ་དགོས་པ་རང་གིས་བལྟ་དགོས། དེས་ན་རང་རང་གི་ཕྱིན་ཆད་དགེ་བ་ཡང་དག་ཞིག་སྒྲུབ་རྒྱུ་དང་། དེ་བཞིན་དུ་སྡིག་པ་ཐམས་ཅད་སྤང་རྒྱུའི་ཐད་ལ་ནུས་པ་གང་ཡོད་ཀྱིས་གཟབ་གཟབ་བྱེད་དགོས། མདོར་ན་འཇིག་རྟེན་ཡང་དག་གི་ལྟ་བའམ་ལས་རྒྱུ་འབྲས་ཏེ་ཡག་པོ་ཞིག་སྲུང་རྒྱུ་དེ་ངའི་རེ་བ་གཉིས་པ་ཡིན།
༣) འགྲོ་བའི་ཚེ་སྲོག་ལ་བརྩི་འཇོག་བྱ་རྒྱུ།
རེ་བ་ཐ་མ་དེ་དགེ་སློབ་སུ་ཡིན་ཡང་། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རིན་ཐང་ཤེས་པ་དང་ཁྱད་པར་དུ་སེམས་ཅན་ཐམས་ཅད་བརྩེ་བའི་སྒོ་ནས་བསྐྱངས་ཏེ་སྲོག་མི་གཅོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཚེ་སྲོག་གི་རིན་ཐང་ཆེ་བའི་ཤེས་བྱ་ལ་གོ་བ་ལེན་ཞིང་། སློབ་སྦྱོང་ཞིག་འཇུག་བྱས་ན། སྤྱིར་སའི་གོ་ལ་ཧྲིལ་བོའི་སྟེང་གི་མི་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཤིང་། ཁྱད་པར་དུ་རང་གི་སེམས་ལ་དཔེར་བཞག་ནས། སེམས་ཅན་སུ་ལའང་གནདོ་པ་སྐྱེལ་མི་རུང་བར་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་ལས། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་དང་། ཞི་བ་ལྷས་སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་དགྱེས་པའི་ཐབས་གཞན་མེད། །ཅེས་གསུང་པ་ལྟར་རང་གི་ལུས་ལ་ཐ་ན་ཁབ་ཅིག་གིས་བཙུགས་ནའང་ཅི་འདྲའི་ན་ཚ་ཆེ་བ་དང་། སྐེ་གཅོད་པ་དང་། སྲོག་བཅད་ན་ཅི་འདྲའི་སྡུག་བསྔལ་ཞིག་ཆེ་བ་དེ་ལྟར་དུ། ང་ཚོས་སེམས་ཅན་གཞན་དུད་འགྲོ་བཤས་ལ་ཕབ་པ་དང་། ཐ་ན་འབུ་གྲོག་མ་ཞིག་བསད་ནའང་ཚེ་སྲོག་ཟེར་རྒྱུ་དེ་ཧ་ཅང་རིན་ཐང་ཅན་ཞིག་ཡིན་པ་ཤེས་ཐུབ། དགེ་འདུན་ཆོས་འཕེལ་གྱིས། ནང་པ་སངས་རྒྱས་པའི་ཆོས་དེ་ནི་གནས་བརྟན་སྙིང་རྗེ་ཅན་དགེ་སློང་སྲིན་བུ་མི་གསོད་པ་དག་གིས། ཤར་དང་ནུབ་ཀྱི་རྒྱ་མཚོའི་བར་དུ་སྤེལ་བ་ཞིག་ཡིན། ཞེས་གསུངས་པ་ལྟར་ཡིན།
དེང་སང་ང་ཚོའི་བོད་ཀྱི་མི་འགའ་རེ་ཟ་ཁང་ནང་དུ་སོང་ནས་ཉ་དང་། སྡིག་པ་ར་ཙ་སྦལ་བ་དང་། སྦྲུལ་སོགས་ཟ་མཁན་མང་པོ་ཡོད་པར་བཤད། འགའ་རེའི་ཁ་སྤུའི་ནང་དུའང་། སྡིག་པ་ར་ཙའི་རྐང་ལག་རྣམས་འཚང་འདུག་ཞེས་བཤད་སྲོལ་ཡོད་འདུག དེ་ཚོ་བདེན་མིན་མི་ཤེས་ཀྱང་གང་ལྟར་ཀྱང་། གཞན་ལ་འཚེ་བའི་ཀུན་སྤྱོད་ཐམས་ཅད་ཡག་པོ་མིན་པར་ཤེས་དགོས། དེས་ན་ང་ཚོའི་བྱང་ཆུབ་སྤྱོད་འཇུག་ཆེན་མོ་ལ་སོགས་པར་སློབ་སྦྱོང་དང་བྱང་ཆུབ་ཀྱི་སེམས་སྒོམ་ཐུབ་པ་ཞིག་བྱུང་ན། དགེ་བ་གཞན་མ་འགྲུབ་ཀྱང་ཆོག་པ་སྟེ། རྫ་དཔལ་སྤྲུལ་རིན་པོ་ཆེས། བློ་སྦྱོང་བློ་སྦྱོང་རང་གི་བློ་སྦྱོངས་ཤིག །བྱང་ཆུབ་སེམས་ཀྱིས་རང་གི་བློ་སྦྱོང་ན། །ལུས་ངག་དགེ་བ་སྣ་གཅིག་མ་འགྲུབ་ཀྱང་། །ཐར་པའི་ལམ་ལས་གཞན་དུ་འགྲོ་ས་མེད། །ཞེས་བྱང་ཆུབ་ཀྱི་སེམས་འབྱོངས་ན་དེ་མིན་གཞན་དགེ་བ་ཅི་ཡང་མ་འགྲུབ་ན་ཡང་སྐྱོན་མེད་གསུངས་ཤིང་། འཇམ་མགོན་ས་པཎ་གྱིས། བྱང་ཆུབ་སེམས་ཀྱི་གནད་འཆུག་ན། །ཆོས་གཞན་བཟང་ཡང་སངས་མི་རྒྱས། །ཞེས་པ་ལྟར་བྱང་ཆུབ་སེམས་ཀྱི་གནད་དེ་འཆུག་སོང་ན། ཆོས་གཞན་ཇི་ལྟར་བཟང་ཡང་སངས་རྒྱས་རྒྱུ་དེ་ཧ་ཅང་དཀའ་བར་གསུངས།
ཡང་གལ་སྲིད་ཁྱེར་རང་ཚོས་བྱང་ཆུབ་ཀྱི་སེམས་ཡག་པོ་ཞིག་མ་ཤེས་ཤིང་སྒོམ་མ་ཐུབ་ན་ཡང་། རང་གཞན་སེམས་ཅན་ཐམས་ཅད་ལ་ཕན་པ་ཞིག་ཐོགས་ན་ཅི་མ་རུང་སྙམ་པའི་བསམ་པ་བཟང་པོ་རེ་སྐྱེས་ནའང་ཤིན་ཏུ་བཟང་སྟེ། རྗེ་རིན་པོ་ཆེས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་གསུངས་པ་ལྟར་རྒྱུན་དུ་རང་རང་སོ་སོའི་ནུས་པ་དང་བསྟུན་ནས་བསམ་པ་བཟང་པོའི་སྒོ་ནས་རང་གཞན་ཐམས་ཅད་ལ་ཕན་པའི་བྱ་བ་ཡང་དག་པར་རེ་སྒྲུབ་རྒྱུ་དེ་ནི། རེ་བ་ཐམས་ཅད་ཀྱི་ཐ་མ་དེ་ཡིན།
(འདི་ནི་ནང་བསྟན་ཆོས་ལུགས་ཀྱི་རིན་ཐང་གླེང་བ་ཞེས་པའི་མཇུག་གི་གསུང་བཤད་རེད། བཙན་པོའི་རིག་གནས་ལས་དྲངས།)
ལུས་ཅན་རྣམས་ཀྱི་ལས་རྣམས་ནི་།
སྐལ་བ་བརྒྱར་ཡང་ཆུད་མི་ཟ་།
ཚོགས་ཤིང་དུས་ལ་བབས་པ་ན་།
འབྲས་བུ་སྨིན་པ་ཉིད་དུ་རྒྱུར་།
ཀུན་བཟང་བླ་མའི་ཞལ་ལུང་ལས་བཏུས་།
༅༅། མཁན་པོ་བསོད་ནམས་དར་རྒྱས་ཀྱིས་ནང་ཆོས་ཀྱིས་སྙིང་པོ་ལས་རྒྱུ་འབྲས་སྐོར་་་སྙིང་བསྡུས་གོ་བདེ་
བོ་དོན་ཚན་གསུམ་དཔེ་ལུང་དང་སྦྲགས་ནས་གསུངས་འདུག་པ་་་ཐུགས་རྗེ་ཆེ། ངར་ཕན་ཐོགས་
ཆེན་པོ་བྱུང། འདི་འདྲ་བོ་མདོ་སྔགས་གཞུང་ནས་གསུངས་པ་ལྟར་སྙིང་བསྡུས་་་སྙིང་བསྡུས་འདྲ་
གསུང་གནང་རོགས། བཀྲིས་བདེ་ལེགས་ཡོད།
འབད་བརྩོན་རི་རབས་ཙམ་ཞིག་བྱས་པ་ལས་།
བསོད་ནམས་མེ་ཙག་ཙམ་ཞིག་བསགས་ན་དགའ་།
མཁན་པོ་བསོད་ནམས་དར་རྒྱས་ལེགས་ཀྱིས་བོད་རིགས་དལ་འབྱོར་དོན་ལྡན་བྱེད་པལ་ཕན་པའི་མན་ངག་བཀོད་པར་རྗེས་སུ་ཡི་རང་།
་
ཐེངས་ཉིས་བརྒྱ་ཙམ་བལྟས་པས། བོད་དཔེ་ཆ་རྣམས་སུ་མེད་། ལུང་པའི་ཕལ་སྐད་ཡིན། དག་པར་འདོད་ན། ཐང་། ཞེས་འབྲི་ན་ཆོས་སྐད་དང་མཐུན།
་
སྐལ་བ་དང་བསྐལ་པ་གཉིས་ལ་གོ་དོན་སོ་སོ་ཡོད་པ་བཞིན་ཐུབ་ན། བོད་སྐད་མི་ཉམས་གོང་འཕེལ་ལ་ཕན་ནོ།
ལོ་ངོ་གཅིག་སྟོང་ཡས་མས་སུ་རྒྱ་གར་ན་ནང་པ་དང་ཕྱི་རོལ་པའི་པཎྚི་ཏ་ཚོས་སྒྲ་དང་ཚད་མ་སོགས་རྩོད་པ་བྱེད་སྲོལ་ཡོད་ས་རེད། ནཱ་ལན་ཊ་སོགས་དགོན་པོ་ཆེན་པོ་དེ་ཚོར་པཎྚི་ཏའི་སྒོ་སྲུང་ཡོད་པ་ལོ་རྒྱུས་ནང་དུ་གསལ། དེང་དུས་རྒྱ་གར་ན་ཕྱི་རོལ་པའི་རྟོག་གེ་རིགས་པར་མཁས་པ་ཆེན་པོ་སྔོན་ཆད་བཞིན་ཨེ་ཡོད་ན། ད་དུང་སྔགས་པ་མང་པོ་ཡོད་ས་རེད་མ་གཏོགས་མཁས་པ་ཆེན་པོ་ཡོད་དམ། །