གངས་ལྷ་མོ།
༡། བྱིས་པའི་དུས།
དཔྱིད་དཔལ་བཞད་པའི་དགུང་དྲོའི་དུས་ཤིག་ལ། ཡུལ་ས་མ་འབྲོག་སྟེ་ཁྲ་ཡག་རི་གྲོང་གི་ཞིང་ཁའི་མུ་འགྲམ་གྱི་ཆུ་རྒྱུན་དུ་ཕྲུ་གུ་བུ་བུ་མོ་ལོ་དྲུག་བདུན་ཙམ་ལོན་པ་གཉིས་རྒྱུག་ཆུའི་མུ་འདེད་ནས་རྩེད་མོ་རྩེད་ཅིང་། ཕྲུ་གུ་དེ་གཉིས་མཚམས་རེར་རྒྱུག་ཆུ་འགྲམ་གྱི་མེ་ཏོག་ཕྲ་ཆུང་འཐུས་ནས་སྐེ་རྒྱན་བཟོ་བ། ལེན་རེར་སྤང་ཐང་གི་དབུས་ནས་སྲན་ཆུང་སྔོན་པོ་ཞིག་འཐུས་ནས་ཟ་བ་བཅས་ཀྱིས་སྤང་ཁར་ཡར་རྒྱུག་མར་རྒྱུག་དང་། ཡང་ན་སར་ལྷོད་སྡོད་བཅས་བྱེད་བཞིན་འདུག ཁྲ་ཡག་རི་གྲོང་གི་ཡུལ་ལུང་འདིའི་མི་མང་ཆེར་ཞིང་ལས་ཀྱིས་འཚོ་བ་བསྐྱེལ་བ་དང། འབྲོག་ལས་ཁོ་ནར་གཞོལ་མཁན་དུད་ཚང་འགའ་ཡང་ཡོད། ཡུལ་འདིར་གང་སར་གོམ་པ་བརྒྱ་སྐོར་མཚམས་སུ་དུད་ཚང་རེ་གཉིས་གྲམ་ནས་ཆགས་ཡོད་པ་ལས་འདུས་སྡོད་བྱེད་མཁན་ཉུང་བའི་ནང་གྲོང་མཐར་ཆགས་པའི་ས་རྡོ་ཡིས་བརྩེགས་པའི་ཁང་ཆུང་དེའི་ནང་ནས་མགོའི་སྐྲ་ལན་བུ་ལྷས་པའི་བུད་མེད་རང་ལོ་ལྔ་བཅུ་ང་གྲངས་ཙམ་ཞིག་སྐེས་ཐེམ་ལ་འཛེག་སྟེ་ཁང་ཐོག་ཏུ་སླེབས་རྗེས་ལག་གཡས་པས་ཚ་ཟེར་གྱི་ཉི་འོད་བཀག་ཅིང་། ལག་གཡོན་མས་སྐེད་པར་སྐྱོར་ནས་རྒྱང་རིང་སར་ཕྱོགས་ཏེ་ཀི་ཧིས་ཧིས། ཨ་དཀར་ལྷ་མོ། ཨ་མའི་མ་གཡང་མ། ད་ནང་ལ་ལོག་ཤོག ཅེས་ཡང་ནས་ཡང་དུ་འབོད། ཆུ་འགྲམ་གྱི་བུ་མོ་ཆུང་ཆུང་དེས་ཨ་མའི་འབོད་སྒྲ་གོ་ནས་ཆོལ་འཕེལ། ཆོས་འཕེལ། ངའི་ཨ་མས་སྐད་གཏོང་བྱུང་། ད་ནང་ལ་ལོག་འགྲོ ཅེས་བཤད་པར། མོའི་རྩེད་རོགས་བུ་ཆུང་ཆོས་འཕེལ་གྱིས་སྤང་ཁར་བཀྲམ་བཞག་པའི་མེ་ཏོག་སྐེ་རྒྱན་དེ་ལྷ་མོའི་མགོ་ལ་བཀོན་རྗེས་སར་བཀྲམ་པའི་སྲན་མ་སྔོན་པོ་ཚང་མ་ཡར་འཐུས་ཏེ་ཨ་དཀར་ལྷ་མོའི་རུམ་ནང་བླུགས། དེ་ནས་ཁོས་ཨ་དཀར་ལྷ་མོའི་ལག་མགོ་ནས་འཇུས་སྟེ་ཕྲུ་གུ་གཉིས་ཞིང་ཁའི་མུ་བརྒྱུད་དེ་ཁྱིམ་ལ་ལོག བུ་མོ་ཨ་དཀར་ལྷ་མོ་རང་ཁྱིམ་གྱི་སྒོ་འགྲམ་དུ་སླེབས་དུས་ཨ་ཕོ་ཆོས་འཕེལ། ང་ཚོའི་ཁྱིམ་ནང་འགྲོ ཅེས་བཤད་པར་བུ་ཆུང་ཆོས་འཕེལ་གྱིས་མིན། ངའང་ནང་ལ་ལོག་གི་ཡིན། ངའི་ཨ་ཕ་ནོར་བཟང་རྫོང་ནས་ཕྱིར་ལོག་ཕེབས་ཀྱི་རེད། ཁོང་གིས་ང་ལ་རྔན་པ་འཁྱེར་ཡོང་གསུངས་སོང་། ང་ལྟ་རུ་འགྲོ་གི་ཡིན། ཞེས་པར་ཨ་དཀར་ལྷོ་མོས་འཛུམ་ཆུང་གྲོལ་ནས་ཨ་ཕོ་ཆོས་འཕེལ། ཨ་ཕ་ནོར་བཟང་གིས་རྔན་པ་བྱི་རིལ་མངར་མོ་འཁྱེར་འདུག་ན་ང་ལ་ཉར་སྡོད་ཨང་། ཞེས་བཤད། ཆོས་འཕེལ་གྱིས་ཡ་ཡ། སེམས་འཕྲལ་མ་བྱེད། ད་ཁྱོད་ནང་ལ་རྒྱུག ང་འགྲོ་གི་ཡིན། ཟེར་ནས་ཕྱེད་མཆོང་ལྡིང་དང་བཅས་ཕྱིར་ཁ་བསྐོར་ཏེ་རྒྱུག་ཤར་གློད་དེ་ཡུན་ཙམ་ནས་མདུན་གྱི་ལ་ཐུང་བརྒལ་ནས་གྲིབ་གཟུགས་ཀྱང་མི་མཐོང་བར་གྱུར།
ཆོས་འཕེལ་ནང་དུ་སླེབས་སྐབས་ཨ་ཕ་ནོར་བཟང་ཡང་རྫོང་ནས་ཕྱིར་འཁོར་ཙམ་རེད་འདུག ཨ་མ་ལགས་དང་གཅེན་པོ། གཅེན་མོ་བཅས་ཀྱིས་ཨ་ཕའི་མཐའ་ནས་བསྐོར། ཨ་ཕ་ནོར་བཟང་གདན་ཐོག་བསྡད་དེ་རྫོང་ནས་ཉོས་པའི་ཅ་དངོས་རེ་རེ་བཞིན་རྟ་སྒྲོ་ནས་ཕྱིར་བཏོན། དེ་དག་ནི་བོད་ཇ་འཁོར་དྲུག་ཅིག་དང་། རས་ཧྲིལ་བུ་གཅིག ད་དུང་ལག་མགོ་ཙམ་གྱི་བུ་རམ་མངར་མོ་གྲུབ་བཞི་མ་རྡོག་དྲུག་བདུན་བཅས་རེད་འདུག ཨ་ཕས་ཇ་དང་རས་ཧྲིལ་བུ་ཨ་མར་སྟེར་རྗེས་ཨ་ཕའི་ཕ་གཡང་ཆོས་འཕེལ། སོང་ནས་སྣ་ཐ་བསྣུར་ས་རྡོ་རིལ་དེ་ཡར་འཁྱེར་ཤོག ཨ་ཕས་ཁྱོད་ཚོར་བུ་རམ་སྟེར། ཞེས་གསུངས་མ་ཐག ཆོས་འཕེལ་དང་ཁོའི་གཅེན་པོ་གཅེན་མོ་བཅས་ཕྲུ་གུ་གསུམ་ཀ་དགའ་ཐག་ཆོད་ཅིང་། ཆོས་འཕེལ་གྱིས་ཁང་པའི་མཐའ་རུའམ་སྒོ་རྒྱབ་ཟུར་དུ་བཞག་པའི་རྡོ་རིལ་དེ་འཁྱེར་ནས་ཨ་ཕ། ཡ། རྡོ་རིལ་འཁྱེར་ཡོད། ཅེས་པར་ཨ་ཕས་དགོད་སྒྲ་དང་བཅས་བཤད་རྒྱུ། ཁྱོད་ཚོས་ཐིག་པར་བྱོས་དང་། བུ་རམ་འདི་དག་སུས་ང་ལ་སྦྱིན་པ་འདྲ་འདུག་ཅེས་པར་ཨ་མས་ལམ་སེང་། ཁྱེད་རང་བླ་མ་ཤེས་རབ་ཀྱི་སྐུ་མདུན་དུ་བཅར་རྒྱུ་རག་སོང་ངམ། བླ་མས་གནང་བ་ཡིན་གྱི་རེད། བླ་མས་རྒྱུན་དུ་ཁོང་སར་བཅར་མཁན་ལ་བུ་རམ་རྡོག་འདི་འདྲ་མང་པོ་གནང་གི་ཡོད་ཚོད་ཐོས། ཨ་ཕས་ཨ་ཧོ། ད་ཡིན་ན་ཁྱོད་ཚོའི་ཨ་མས་ངའི་གསང་བ་གཏོར་ཚར་སོང་། རེད་རེད། བུ་རམ་འདི་ཚོ་བླ་མས་གནང་བའི་བྱིན་རླབས་རེད། བླ་མས་དམིགས་བསལ་དུ་བུ་རམ་མང་ཤོས་ཨ་ཕའི་ཕ་གཡང་ཆོས་འཕེལ་ལ་སྦྱིན་ཞོག་གསུང་གི་འདུག་ག བུ་ཆུང་ཆོས་འཕེལ་གྱིས་སྐད་ཆ་དེ་ཐོས་ནས་དགའ་སྤྲོའི་ངང་ཨ་ཕ། བླ་མས་དངོས་གནས་དེ་འདྲ་གསུང་གི་འདུག་གམ། འོ་ན་ང་ལ་བུ་རམ་རྡོག་ཆེན་པོ་གཉིས་དགོས། ཅེས་བཤད་པར་ཨ་ཕས་ཁོ་ལ་ཆེ་ཤོས་གཉིས་སྟེར། དེ་ནས་ཁྱིམ་མི་ཚང་མས་དགུང་ཟས་ཚར་རྗེས་ལྷོད་ཀྱིས་ཉལ། ཆོས་འཕེལ་གྱིས་བུ་རྡོག་དེ་གཉིས་ཁོ་དང་གཅེན་པོ་ཉལ་སའི་སྙེས་མགོའི་འོག་ཏུ་གཟབ་གཟབ་ཀྱིས་བསྣན་ནས་བཞག
ཕྱི་ཉིན་ཞོགས་པར་ཕ་མ་གཉིས་དང་གཅེན་པོ་གསུམ་ནང་གི་ཁང་ལས་ཏོག་ཙམ་ཡོད་པ་དེ་མུ་མཐུད་བྱེད་དགོས་སྟབས། ཨ་མས་གཅེན་མོ་དང་ཆོས་འཕེལ་གཉིས་བ་ཕྱུགས་རྫི་བོར་བཏང་། ཆོས་འཕེལ་གྱིས་ཉལ་སར་སྦས་པའི་བུ་རམ་རྡོག་གཉིས་རུམ་དུ་བཅུག་ནས་བ་རྫི་ལ་ཆས། གྲོང་མཐའ་ནས་རྫི་བོ་འགྲོ་མཁན་གཞན་ཕྲུ་གུ་འགའ་དང་སྔར་སྲོལ་ལྟར་མཉམ་འདུས་ཀྱིས་བ་ཕྱུགས་རྣམས་རྒྱུག་ཆུ་དེད་དེ་ལུང་པའི་ཕུ་ཡི་རི་འབུར་སྒང་འཚོ་བར་འགྲོ་མཁན་ནང་ཨ་དཀར་ལྷ་མོའང་ཡོད། རྫི་བོ་ཚོ་རི་སྐེད་མཚམས་སུ་སླེབས་དུས་ཆོས་འཕེལ་གྱིས་ཨ་དཀར་ལྷ་མོར་གསང་བརྡ་སྤྲོད་རྗེས་མོའི་ལག་ནས་འཇུས་ཏེ་རྫི་བོ་གཞན་མདུན་དུ་གྲིབ་གཟུགས་རྒྱབ་མ་ཡལ་བར་ཁོ་རང་གཉིས་ཚེར་ཕུང་ཆེན་པོ་ཞིག་གི་འགྲམ་དུ་ཡིབ་ནས་བསྡད། དེ་ནས་གཞན་རྣམས་མིག་ངོར་མཐོང་མི་ཐུབ་པར་ཆགས་རྗེས་ཆོས་འཕེལ་དང་ཨ་དཀར་ལྷ་མོ་གཉིས་རི་འབུར་དེའི་གོང་གི་རི་སྐེད་ལ་བྲག་དཀར་མགོ་ཟེར་བའི་བྲག་རི་རྡོ་ལེབ་ཆེན་པོ་ཞིག་ཡོད་པ་དེར་སོང། ཕྲུ་གུ་གཉིས་བྲག་དཀར་མགོར་མར་བསྡད་རྗེས་ཆོས་འཕེལ་གྱིས་རུམ་ནས་བུ་རྡོག་གཉིས་ཕྱིར་བཏོན། དེའི་ནང་གི་ཆེ་ཤོས་དེ་ཨ་དཀར་ལྷ་མོར་སྟེར། ཨ་དཀར་ལྷ་མོ་དགའ་སྤྲོ་དཔག་མེད་ངང་ཨ་ཧོ་ཧོ། བུ་རམ་འདི་འདྲ་ཆེན་པོ་འཁྱེར་འདུག ཨ་ཕོ་ཆོས་འཕེལ། ཨ་ཕ་ནོར་བཟང་གིས་བུ་རྡོག་ཆེན་པོ་འདི་གཉིས་ཀ་ཁྱོད་ལ་སྦྱིན་བཞག་ན་གཅེན་པོ་གཅེན་མོ་གཉིས་ལ་རག་སོང་ངམ། ཞེས་པར་ཁོ་གཉིས་ལ་བུ་རམ་ཆུང་ཆུང་རེ་སྟེར་སོང་། ཧེ་ཧེ་ཧེ། བླ་མ་ཤེས་རབ་ཀྱིས་ང་ལ་དམིགས་བསལ་དུ་མང་པོ་སྦྱིན་གནང་འདུག ཆོས་འཕེལ་གྱིས་དེ་ལྟར་བཤད་ཞོར་ཁོས་ཁ་ཕར་བསྐོར་བྲག་ཟུར་ནས་རྡོ་ཞིག་ལེན་ཏེ་བུ་རམ་ཧྲུག་ཧྲུག་ཏུ་བཟོས། བུ་རམ་རྡོག་ཆུང་གཉིས་ཨ་དཀར་ལྷ་མོའི་ཁའི་ནང་བླུགས། སོ་སོའི་ཁའི་ནང་ལའང་རྡོག་ཆུང་གཅིག་མུར་ནས་གཞན་པ་དེ་ཚོ་མོའི་རུམ་དུ་བླུགས་ཏེ། ཡ། ད་འདི་ཚོ་ཨ་མ་གཡང་སྒྲོན་ལ་འཁྱེར་རྒྱུག ཅེས་བཤད་རྗེས་ཁོ་རང་གཉིས་བ་རྫི་གཞན་གྱི་རྗེས་འདེད་ནས་འགྲོ་སྐབས་ཨ་དཀར་ལྷ་མོའི་ངོ་ལ་འཛུམ་མདང་སྤང་རྒྱན་མེ་ཏོག་ལྟ་བུ་ཞིག་རྒྱས་ཏེ་ལག་པ་གཡོན་མས་ཆོས་འཕེལ་གྱི་ལག་གཡས་པར་འཇུས། ལག་གཡས་ཀྱིས་མོའི་རུམ་ནང་གི་བུ་རམ་རྡོག་པོ་དེ་ལའང་འཆང་ཙམ་འཆང་ཙམ་བྱེད་ཞོར་མདུན་དུ་རྒྱུག དེའི་དགོང་དྲོར་ཨ་དཀར་ལྷ་མོས་ཆོས་འཕེལ་གྱིས་མོ་ལ་སྦྱིན་པའི་བུ་རམ་རྡོག་དེ་ཨ་མ་གཡང་སྒྲོན་ལ་ཕུལ། ཨ་དཀར་ལྷ་མོའི་ཨ་མ་ནི་རང་ལོ་ལྔ་བཅུ་ལྷག་ཡིན་ལ། དེ་སྔོན་ཨ་དཀར་ཆུང་དུས་ནས་ཨ་ཕས་མ་སྨད་འདི་གཉིས་བསྐྱུར་ཏེ་ཡུལ་གཞན་ལ་འཁྱམ་སོང་བ་ནས་བཟུང་ད་བར་ཨ་ཕའི་མི་མཐོང་རྒྱུ་བཞག་སྟེ་གྲིབ་མ་ཙམ་ཡང་མཐོང་ལམ་དུ་མེད་པར་ལོ་ཧྲིལ་པོ་དྲུག་ལྷག་ཟིན་ལ་ཉེ། དེ་རྗེས་མ་སྨད་གཉིས་ཀྱི་འཚོ་བ་ངན་ངོན་ཙམ་ལས་མེད་ཀྱང་ཕན་ཚུན་གཅིག་སེམས་གཅིག་ལ་གཏད་དེ་བརྩེ་བ་གཏིང་ཟབ་བཅང་ཞིང་། ལུས་སེམས་གཉིས་ཀ་དམ་དུ་འབྲེལ་བས་ཡུལ་མི་ཚོས་བསྟོད་ར་གཏོང་ཡུལ་གཙོ་བོ་ཞིག་ཡིན། ཨ་དཀར་ལྷ་མོས་མོའི་མི་ཚེའི་ནང་བརྩེ་ཆེན་གྱི་ཨ་མ་དང་དུས་ནམ་ཡང་ཁ་མི་བྲལ་རྒྱུའི་དམ་བཅའ་ཡང་བཞག
སྐབས་འདིར་གཟུགས་པོ་ཅུང་བདེ་མིན་གྱི་ཨ་མ་གཡང་སྒྲོན་གྱིས་ཨ་མའི་མ་གཡང་མ། བུ་ཆོས་འཕེལ་འདི་ངོ་མ་སེམས་གཏིང་ནས་དྲང་པོ་ཞིག་དང་ལས་རྒྱུ་འབྲས་བརྩི་ཤེས་མཁན་ཞིག་རེད། ཁྱོད་ལ་ཁོ་ནང་བཞིན་གྱི་གཅེན་པོ་ཞིག་གིས་ལྟ་སྐྱོང་བྱེད་མཁན་རག་ན་ང་ཤི་སོང་ནའང་མིག་བཙུམ་ས་རེད། དེ་མིན་ཁྱོད་བུ་མོ་ཞིག་ལ་ཕ་མ་སྤུན་མཆེད་གང་ཡང་མེད་པར་འཇིག་རྟེན་འདིར་ཁེར་རྐྱང་ལུས་ན་ང་བློ་བདེ་པོ་ཁྱོན་ནས་ཡོང་ས་མ་རེད། ཅེས་གསུངས། ཨ་དཀར་ལྷ་མོས་དེ་མུར་བུ་རམ་རྡོག་ཆུང་ཞིག་ཨ་མའི་ཞལ་དུ་བླུགས། མོ་རང་ཡང་ཨ་མའི་སྤང་ཁར་འཐམ་ནས། ཨ་མ་ལགས། ཁྱེད་རང་སེམས་འཕྲལ་མ་གནོངས། ཆོས་འཕེལ་གྱིས་ང་ལ་ཡག་པོ་བྱེད་ཀྱི་རེད། ང་ཆེན་པོར་ཆགས་ན་ཆོས་འཕེལ་གྱི་མནའ་མར་འགྲོ་གི་ཡིན། ངའི་མི་ཚེ་གཅིག་ནང་ཆོས་འཕེལ་དང་ཨ་མ་ལགས་ཁྱེད་གཉིས་དང་ཁ་བྲལ་གྱི་མིན། ཞེས་བཤད་པར་ཨ་མའི་སྤྱན་ཟུང་དུ་དེ་མུར་མཆི་མས་ཁེངས་ཤིང་སླར་ཡང་ཨ་དཀར་ལྷ་མོ་སྤང་ཁར་དམ་དུ་འཐམ་སྟེ་ཕྱག་གཉིས་ཀྱིས་མོའི་ངོ་ཆུང་དེ་ཡར་བཀྱག་ཅིང་བརྩེ་བ་ཟབ་མོས་འོ་ཞིག་སྦྱིན། དེ་ལྟར་མ་སྨད་གཉིས་གཅིག་སེམས་གཅིག་ལ་སྦྲེལ་ནས་བདེ་སྐྱིད་ཀྱི་དུང་བའི་དྲོད་དབུགས་ཤིག་གིས་མ་སྨད་གཉིས་ཀྱི་ཁང་ཆུང་དེའང་དྲོད་ཀྱིས་ཁེངས་པ་ལྟར་བྱས།
༢། གཞོན་ནུའི་དུས།
ཨ་དཀར་ལྷ་མོ་དང་ཆོས་འཕེལ་གཉིས་རིམ་གྱིས་འཚར་ལོང་འབྱུང་བཞིན་རང་ལོ་བཅུ་གསུམ་བཅུ་བཞི་ཙམ་ལ་སླེབས་དུས། ཨ་དཀར་ལྷ་མོའི་ཨ་མ་གཡང་སྒྲོན་རྒྱུན་རིང་ཕོ་བའི་ན་ཚ་དང་ཁྲག་ཤེད་དམའ་བའི་རྐྱེན་དེ་དག་ད་ཆ་ཇེ་ལོད་དུ་སོང་། སྤྱིར་ན་ཆོས་འཕེལ་གྱི་ཨ་ཕ་ནོར་བཟང་དང་བཅས་གྲོང་པའི་རྒན་རབས་འགས་མོ་རང་སྔ་ཙམ་སྨན་པ་ཞིག་སར་བརྟེན་གཏུག་དགོས་པའི་སྐོར་བསླབ་བྱ་ཐེངས་མང་རྒྱག་ཀྱང་། ཨ་མ་གཡང་སྒྲོན་གྱིས་མུ་མཐུད་སྡུག་རུས་ཁོ་ནས་ནང་གི་ཞིང་ལས་སོགས་ལ་བྲེལ་ནས་ལུས། དེ་རྗེས་ན་ཚ་ཇེ་སྡུག་ཏུ་སོང་ནས་ཐེངས་ཤིག་ཞིང་ཁར་དྲན་མེད་དུ་གྱར་འདུག ཨ་དཀར་ལྷ་མོ་དང་བུ་ཆུང་ཆོས་འཕེལ་གཉིས་བ་རྫིར་སོང་ནས་ཕྱིར་ནང་དུ་ལོག་ཡོང་དུས་གྲོང་པའི་མི་མང་པོ་མོའི་ཁྱིམ་སྒོར་རུག་ཡོད་པར་མཐོང་། ཨ་དཀར་དང་ཆོས་འཕེལ་གཉིས་སྐྲག་སྣང་དང་བཅས་ནང་ལ་དབུགས་ཐེངས་གཅིག་གིས་རྒྱུག་ནས་ཨ་མའི་ཉལ་སར་སླེབས་དུས། ཨ་མ་གཡང་སྒྲོན་ཡང་དབུགས་ཁམ་བུ་གང་ལས་མེད་པར་ཆགས་ཟིན་འདུག ཨ་དཀར་ལྷ་མོའི་གཟུགས་ཕུང་ཡོངས་འདར་སིག་རྒྱག་ཅིང་ཨ་མའི་འཁྲིས་སུ་བཅར། ཨ་མས་མཐའ་མཇུག་གི་སྐད་མགོ་ཡོད་ཚད་ཀྱིས་མ་གཡང་མ། ཨ་མའི་ལག་པར་འཆང་དང་། ཨ་མའི་ལག་ལ་འཆང་དང་། ཞེས་འབོད། འོན་ཀྱང་ཨ་དཀར་ལྷ་མོ་ལོ་ཆུང་ཡང་སེམས་སྡུག་ཆེན་པོས་ཨ་མའི་ཕྱག་འཆང་རྒྱུ་བཞག་སྟེ་མོ་རང་སྡུག་གིས་མ་བཟོད་པར་དེ་མུར་ཡ་ཆུང་གས་པ་ལྟར་འགྱུར་ཞིང་སྐར་ཆ་འགའི་ནང་ས་དེར་དྲན་མེད་དུ་གྱར། ཨ་ཕ་ནོར་བཟང་གིས་ལམ་སེང་ཨ་དཀར་ལྷ་མོ་ཁང་པའི་སྦུག་དུ་ཡར་བཀྱག་རྗེས་ཨ་མ་གཡང་སྒྲོན་ཡང་མཐའ་མཇུག་གི་དབུགས་རིང་ཞིག་དང་སྦྲགས་ཨ་ཕ་ནོར་བཟང་གིས་སྔོན་ཙམ་དུ་བུ་ཆེ་བ་རི་གཤམ་ཏུ་སྨན་པ་འབོད་པ་བཏང་བ་དེའང་སྒུག་ལོང་མེད་པར་ནུས་ཤུགས་ཡོད་ཚད་ཀྱིས་མོའི་མདུན་དུ་སར་སྒུར་སྡོད་པའི་བུ་ཆུང་ཆོས་འཕེལ་གྱི་ལག་ནས་འཇུས་ཏེ། ཆོས་འཕེལ། ཨ་དཀར་ལ་ཡག་པོ་བྱོས་ཨ། ཆོས་འཕེལ། ཞེས་གསུང་མ་ཐག་དབུགས་ཀྱི་རྒྱུ་བ་ཆད་དེ་འཇིག་རྟེན་འདི་ནས་ཁ་གྱེས།
བུ་ཆུང་ཆོས་འཕེལ་ཡང་ཅི་བྱ་གཏོལ་བྲལ་གྱིས་ཨ་མ་གཡང་སྒྲོན། ཨ་མ་གཡང་སྒྲོན། ཁྱེད་རང་མ་ཕེབས་དང་། ཁྱེད་རང་་་ཞེས་ཅུང་ངུ་འབོད་ཤོར་སྟབས་མི་རྒན་པ་ཞིག་གིས་ཁོ་པར་ཤི་ཕོའི་འགྲམ་དུ་མིག་ཆུ་གཏོང་མི་ཉེན་ལ་ངུ་འབོད་དེ་བས་ཀྱང་བྱེད་རྒྱུ་མེད་ལུགས་བཤད་དེ་ཁོ་ཁང་པའི་ཕྱི་ལ་བཙན་གྱིས་འཁྲིད་སོང་། ད་ནི་ཨ་དཀར་ལྷ་མོ་དྭ་ཕྲུག་མར་ལྷག་སྟེ་རྟེན་ས་ཆགས་ས་མེད་པར་གྱུར་བས། ཨ་ཕ་ནོར་བཟང་གིས་མོ་རང་བུ་ཚབ་ལ་མི་ཉར་ཁག་མེད་བྱུང། དེ་རྗེས་གྲོང་པའི་རྒན་རབས་ཚོས་དཔང་པོར་བསྡད་དེ་མ་སྨད་གཉིས་ཀྱི་ཞིང་ས་ཏོག་ཙམ་དེ་དང་ཁང་ཆུང་དེའང་ནོར་བཟང་ཚང་གིས་བདག་རྒྱུ་དུས་མཚུངས་བུ་མོ་ཨ་དཀར་ལྷ་མོའི་མ་འོངས་པའི་འགྲོ་སྟངས་ཚང་མ་ནོར་བཟང་ཚང་གིས་བྱ་རྒྱུ་བྱས། དུས་དེ་ནས་བཟུང་བུ་མོ་ཨ་དཀར་ལྷ་མོས་དྲིན་ཆེན་གྱི་ཨ་མ་ལགས་དང་ཁ་བྲལ་བའི་སེམས་ཀྱི་སྡུག་ངལ་ཆེན་པོ་ཞིག་མྱོང་ནས་ཡོད་ཀྱང་། དུས་མཚུངས་སུ་མོ་རང་ཆེས་དགའ་ས་ཨ་ཕོ་ཆོས་འཕེལ་དང་མཉམ་དུ་འཚོ་བ་བསྐྱེལ་རྒྱུ་འགོ་བརྩམས་པས་རིམ་བཞིན་ལོ་ཆུང་སེམས་ཀྱི་སྡུག་ཡུས་ཡལ་ཞིང་ཆོས་འཕེལ་དང་གཟུགས་དང་གྲིབ་མ་ལྟར་མཉམ་འགྲོ་མཉམ་འདུག་བྱེད་ཀྱི་ཡོད་པ་རེད།
ཡུལ་མི་འགས་ནོར་བཟང་ལ་རྩེད་མཚར་དང་སྦྲགས་ད་ཡིན་ན་ཁྱོད་ཀྱི་བུ་ལ་འགྲོ་སོང་ཞོ་གང་གཏོང་མི་དགོས་པའི་མནའ་མ་ཞིག་རག་པ་རེད། ཅེས་དང་། ཡང་ད་ཨ་དཀར་ལྷ་མོ་ཆེན་པོར་ཆགས་ན་ཆོས་འཕེལ་དང་གཉེན་བསྒྲིག་བཞག་ན་དཔེ་ཡག་པོ་ཡོང་ས་རེད། ཕྲུ་གུ་འདི་གཉིས་ཆུང་སྤར་མོ་གང་ནས་ང་ཚོའི་མིག་གི་འཚོ་སྐྱོང་འོག་འཚར་ལོང་བྱུང་བ་རེད། འདི་གཉིས་དབར་གྱི་བརྩེ་བ་དེ་གཞན་ཕྲུ་གུ་སུ་གཅིག་དང་མི་འདྲ་བ་ཞིག་རེད། སོགས་ཨ་དཀར་དང་ཆོས་འཕེལ་སྐོར་གླེང་མཁན་ཡུལ་མི་ཁག་ཅིག་བྱུང་། འོན་ཀྱང་ཐོག་མའི་སྐབས་སུ་ཁྱིམ་མི་ཚོས་ཕྲུ་གུ་འདི་གཉིས་ལ་དམིགས་བསལ་གཞན་དང་མི་འདྲ་བའི་དོ་སྣང་ཅིའང་མ་བྱས། དེ་རྗེས་རིམ་གྱིས་ཨ་ཕ་ནོར་བཟང་ཁྱོ་ཤུག་གཉིས་ཀྱིས་ཆོས་འཕེལ་དང་ཨ་དཀར་ལྷ་མོ་གཉིས་དངོས་གནས་ཕྲུ་གུ་གཞན་དང་མི་འདྲ་བ་ཕན་ཚུན་དབར་འཆམ་པོ་ཧ་ལས་པ་ཡོད་པའི་གནས་སྟངས་དེ་མཐོང་སྟབས་གཙོ་བོ་ཨ་ཕ་ནོར་བཟང་ཅུང་བློ་མ་བདེ་བར་གྱུར། འོན་ཀྱང་ཁོང་གིས་ཀྱང་རྒྱུན་དུ་ཨ་དཀར་ལྷ་མོ་སོ་སོའི་བུ་མོ་གྲུང་གྲུང་ལྟར་གཅེས་སྤྲས་དང་བྱམས་སྐྱོང་གནང་པ་མ་ཟད། ཕྱི་མི་ཚོ་ལའང་ད་ང་ནོར་བཟང་ལ་སྟག་འདྲ་བའི་བུ་གཉིས་དང་མེ་ཏོག་འདྲ་བའི་བུ་མོ་གཉིས་ཡོད་པ་རེད། དེའི་ནང་བུ་མོ་ཨ་དཀར་ལྷ་མོ་འདི་ངའི་བུ་མོ་གྲུང་གྲུང་དང་ཁྱད་པར་སྤུ་ཙམ་མེད་ལ། བུ་མོ་འདི་དངོས་གནས་གཞན་དང་མི་འདྲ་བ་ཡ་རབ་ཚུལ་མཐུན་ཧ་ལས་པ་ཞིག་ཡོད། ཅེས་བསྟོད་བསྔགས་ཡང་ཡང་གཏོང་སྲོལ་ཡོད། ཨ་དཀར་ལྷ་མོ་འདི་ལྟར་མོ་ལོ་བཅོ་ལྔར་སླེབས་དུས་མོའི་ཨ་ཕོ་ཆོས་འཕེལ་ཡང་རང་ལོ་བཅུ་དྲུག་རེད། ཁོ་རང་གཉིས་འདི་ལྟར་ཕ་མའི་བྱམས་སྐྱོང་འོག་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཡུལ་འདིའི་རི་ལུང་ནགས་གསུམ་དུ་རང་དགའི་འཚོ་བ་མཉམ་དུ་བསྐྱེལ་ཞིང་། ཁྱིམ་མི་ཚང་མ་འཆམ་མཐུན་གྱིས་ནང་ལ་གྲ་འགྲིག་པོ་དང་ཕྱི་ལ་ལོ་ལེགས་ཀྱི་རྟེན་འབྲལ་བཟང་ནས་ཡོད།
ལོ་དེའི་སྟོན་དུས་ཀྱི་ཉིན་ཞིག ཨ་དཀར་ལྷ་མོ་ཚུད་ནང་གི་མ་སྨད་གསུམ་ཞིང་ཁ་ནས་ཕྱིར་ཁྱིམ་ནང་ལ་འབྱོར་དུས། ཁྱིམ་གྱི་སྒོ་འགྲམ་དུ་རྟ་འགའ་ཤས་དང་ཡུལ་གྲོང་གི་མི་དམངས་ཚོ། དེ་མིན་ཕྱོགས་གང་ས་ནས་འདུས་ཡོང་བའི་མི་མང་པོ་འཚང་ཀས་ཁེངས་འདུག་པ་མཐོང་བས། ཨ་དཀར་ལྷ་མོས་གོམས་པ་མགྱོགས་སུ་གཏོང་ནས་ཁྱིམ་གྱི་ཁང་པའི་ཉིས་ཐོག་ཏུ་འཛེགས། དེར་ཁང་དབུས་ཀྱི་སྒོ་འགྲམ་དུ་སླེབས་མ་ཐག་སྒོའི་ཟུར་དུ་ལང་བའི་གཅེན་པོས་ཨ་དཀར། འདིར་ཤོག་དང་། ཞེས་མོ་རང་གཞན་ཞིག་ལ་འབོད། ཨ་དཀར་ལྷ་མོས། གཅེན་པོ། ང་ཚོའི་ནང་ལ་སུ་སླེབས་པ་རེད་དམ། འདི་འདྲ་སྤྲོ་མདོག་ལ། ཨ་ཕོ་ཆོས་འཕེལ་གང་དུ་སོང་བ་རེད། མིག་གིས་མཐོང་ས་བསྡད་མི་འདུག་ག ཅེས་པར་གཅེན་པོས་ཤབ་ཤུབ་ཀྱིས་ངས་བཤད་ན་ཁྱོད་རང་ཧ་ལས་ཀྱི་རེད། བླ་མ་ཤེས་རབ་ངེད་ཚང་ལ་ཕེབས་སོང་། ཁོང་གིས་ཆོས་འཕེལ་བྲག་དགོན་དུ་འཁྲིད་བརྩིས་འདུག ཆོས་འཕེལ་སྤྲུ་སྐུ་རེད་ཟེར་མཁན་ཡང་འདུག་ག ཅེས་བཤད་པར། ཨ་དཀར་ལྷ་མོ་ཧ་ལས་ཏེ། གཅེན་པོས་རྫུན་བཤད་ཀྱི་འདུག ཨ་ཕོ་ཆོས་འཕེལ་གྲྭ་པ་བཟོ་བརྩིས་འདུག་ཨེ། ཞེས་བཤད་ཅིང་སླར་གཅེན་པོའི་ངོ་ལ་བལྟས་པས་གཅེན་པོའང་དོ་ནན་དང་བཅས་མོ་ལ་བལྟས་འདུག་པར་མཐོང་།
དེ་ནས་གཅེན་པོས་བཀག་ཀྱང་མ་ཉན་པར་ཨ་དཀར་ལྷ་མོ་ཁང་པའི་སྦུག་ཏུ་ཤོར་སོང་། ཨ་དཀར་ལྷ་མོ་ནང་དུ་འཛུལ་མ་ཐག ཁང་དབུས་ཀྱི་གདན་ཐོག་བླ་མ་ཤེས་རབ་འཛུམ་གྱིལ་ལེ་ཉི་མ་ཤར་འདྲ་བཞུགས་འདུག་པ་དང། དེའི་གཡས་གཡོན་དུ་ཨ་ཕ་ནོར་བཟང་དང་དགེ་འདུན་པ་བགྲེས་པོ་འགའ་ཡང་མཉམ་དུ་འདུག ཚང་མས་གསོལ་ཇ་མཆོད་ཅིང་ལྷིང་འཇགས་ཀྱིས་བཞུགས་འདུག སྐབས་དེར་ཨ་ཕས་ཨ་དཀར་ལྷ་མོ་ཧ་ལས་མདོག་དང་བཅས་ནང་དུ་ཡར་འཛུལ་བར་མཐོང་བས་ལམ་སེང་བླ་མ་ཤེས་རབ་ལ། འོ་རེད། བླ་མ་རིན་པོ་ཆེ། འདི་ངའི་བུ་མོ་ཨ་དཀར་ལྷ་མོ་རེད། ཅེས་ངོ་སྤྲོད་བྱེད་མ་ཐག ཨ་དཀར་ལྷ་མོའང་རང་དབང་མེད་པར་དེ་མུར་སྤུས་མོ་སར་བཙུགས་གུས་ལུགས་དང་བཅས་བླ་མ་ཤེས་རབ་ལ་ཕྱག་གསུམ་འཚལ་རྗེས་བླ་མས་འོ་ཡ་ཡ་ཡ། སྔོན་མ་ནས་ནོར་བཟང་གི་བུ་བུ་མོ་འདི་ཚོ་བཟང་ལུགས་མང་པོ་གོ་མྱོང་། འདི་བུ་མོ་ཆུང་བ་དེ་རེད་དམ། ཞེས་གསུང་བར་ཨ་ཕ་ནོར་བཟང་གིས་ལགས་རེད། ལགས་རེད། འདི་གཡང་སྒྲོན་གྱི་ཤུལ་ལུས་བུ་མོ་དེ་རེད་ལགས། སེམས་པ་བཟང་བ་ལ་དཔེ་འདྲ་ཡོད། ད་ལྟའི་ཆར་ངའི་བུ་མོ་གྲུང་གྲུང་ནང་བཞིན་ཆགས་ཡོད། ཞུས་པར་བླ་མ་ཐུགས་དགྱེས་ཚོར་ཆེན་པོས་ངོ་མ་ཡག་པོ་རེད། ནོར་བཟང་ཁྱོད་ཀྱིས་ལས་རྒྱུ་འབྲས་ཚུལ་བཞིན་སྲུང་ནས་དགེ་བ་བསགས་པར་འབྲས་བུ་བཟང་པོ་ཡོད་ངེས་རེད། ཅེས་གསུངས།
དེ་ནས་ཨ་དཀར་ལྷ་མོ་ཡར་ལང་སྟེ་སེམས་ཆུང་དང་བཅས་ཨ་ཕ་ནོར་བཟང་གི་ཟུར་ཞིག་ལ་མར་བསྡད། མོས་མདུན་གྱི་ས་གདན་དུ་ཨ་ཕོ་ཆོས་འཕེལ་ས་ལ་སྤུས་མོ་བཙུགས་ནས་བསྡད་ཡོད་པ་མཐོང་། སྐབས་དེར་ཨ་དཀར་ལྷ་མོའི་སེམས་པའི་ཕུག་ཏུ་རི་བོང་དཀར་ཆུང་ཞིག་གིས་འཕག་མཆོང་རྒྱག་པ་ལྟར་ཚ་གེ་ཚུ་གེ་འདྲ་ཆགས་ཟིན་ཡང་ངོ་གདོང་ནས་ཆོས་འཕེལ་ལ་བལྟས་ཏེ་འཛུམ་ཙམ་བྱས། ཆོས་འཕེལ་གྱིས་ཨ་དཀར་ལྷོ་མོ་མཐོང་མ་ཐག ཁོ་རང་ཡང་ཅི་ཡིན་ཆ་མི་འཚལ་བའི་བྲེལ་འཚུབ་འདྲ་ལང་འགོ་བརྩམས། དེ་ནས་བླ་མས་ད་ང་ཚོས་འགོ་བརྩམས་བཞག་ན་མ་རེད་པས། ཅེས་གསུང་པར་དགེ་འདུན་པ་གཞན་གཉིས་ཀྱིས་ཆོས་འཕེལ་ས་ནས་ཡར་སྐྱོར་ཏེ་བླ་མ་ཤེས་རབ་ཀྱི་འཁྲིས་སུ་འཁྲིད། དེ་ནས་བླ་མས་བློ་གྲི་ཞིག་ཕྱག་ཏུ་བཟུང་། ཡ་ཡ་ཡ། བུ་བཟང་པོ་ཆོས་འཕེལ། དེ་རིང་ནི་སྐལ་བཟང་གི་དུས་ཁྱད་པར་བ་ཞིག་རེད། ཁྱེད་རང་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྐྱེས་བུ་རབ་ཅིག་ཡོང་རྒྱུར་ང་ལ་སྔོན་རྟགས་མང་པོ་བྱུང་ལ་ངས་དེའི་སྐོར་ཐེ་ཚོམ་སྤུ་ཙམ་ཡང་བྱེད་ཀྱི་མེད། དཀོན་མཆོག་གསུམ་གྱིས་ཁྱོད་ལ་མགོན་སྐྱབས་རྒྱབ་བརྟེན་མཛོད་ཅིག ཅེས་སོགས་གསུང་བཞིན་ཆོས་འཕེལ་གྱི་སྐྲ་ཕུད་བཞེས། དུས་མཚུངས་སུ་ཆོས་འཕེལ་བཙན་གྱིས་མགོ་ཕྱིར་བསྐོར་ནས་ཨ་དཀར་ལྷ་མོ་ལ་ལྟ་ཙམ་ལྟ་ཙམ་བྱས་པས་ཨ་དཀར་ལྷ་མོའི་ངོ་ལ་འཛུམ་དང་བཅས་ལྷོད་དལ་ངང་སྔར་བཞིན་གནས་ཤིང་མོ་རང་ཨ་ཕ་ནོར་བཟང་ལ་ཁ་ཕར་ཕྱོགས་ནས་གཅིག་བཤད་བཞིན་པར་མཐོང་སྟབས་ཆོས་འཕེལ་གྱི་སེམས་ཀྱང་ཅུང་ལྷིང་འཇགས་སུ་སོང་།
༣། སངས་རྒྱས་བསྟན་པ།
ཆོས་འཕེལ་རང་ལོ་བཅུ་དྲུག་ཐོག་བླ་མ་ཤེས་རབ་ཀྱི་སྐུ་མདུན་ནས་རབ་ཏུ་བྱུང་ཞིང་། དེ་རྗེས་ཀྱང་བླ་མ་ཤེས་རབང་ཁོང་གིས་ཆོས་འཕེལ་ནི་བླ་མ་གཞན་ག་གེ་མོའི་ཡང་སྲིད་དུ་ངོས་འཛིན་གྱིས་སྤྲུལ་སྐུའི་མཚན་ཞིག་ཀྱང་གསོལ་བཞེས་མཛད་པ་མ་ཟད། ཆོས་འཕེལ་རབ་ཏུ་བྱུང་རྗེས་ཁྲ་ཡག་ལུང་པའི་ཕུ་ལ་ཆགས་པའི་བྲག་དགོན་དུ་བླ་མ་ཤེས་རབ་ཀྱི་སྐུ་དྲུང་ནས་ནང་ཆོས་བསླབ་པ་སློབ་གཉེར་ཡང་འགོ་བརྩམས། སྤྱིར་ན་ཆོས་འཕེལ་རིག་པ་བཟང་ཐོག ཧུར་བརྩོན་གྱི་ཁ་ཕོ་མ་ལྷོད་པར་ལོ་དང་ལོ་བསྟུན་སྡུག་རུས་ཆེན་པོས་མདོ་སྔགས་གཉིས་ལ་སྦྱང་པ་ཆེར་བསྐྱེད་བྱས་པའི་འབྲས་རྟགས་སུ། དེང་བླ་མ་ཤེས་རབ་ཀྱིས་ཀྱང་ད་ཡིན་ན་ཁྱོད་རང་ཁེར་རྐྱང་གིས་སེམས་བརྒྱུད་ཉམས་ལེན་ལ་གཞོལ་ན་འགྲིག་གསུངས་ནས་ཆོས་འཕེལ་ཡང་ཕྱིར་ཁྱིམ་དུ་ལོག་སྟེ་སྔགས་དང་སྒོམ་ལམ་དུ་ཉམས་སུ་ལེན་པའི་སྒོ་བསྐལ་བཟང་པོ་ཐོབ། དེའི་རིང་ཨ་ཕ་ནོར་བཟང་གིས་ཆོས་འཕེལ་ཆེད་དུ་ཡུལ་དེའི་རི་སྐེད་དུ་བྲག་དཀར་མགོའི་འཁྲིས་སུ་ཤིང་དང་པང་ལེབ་ཀྱིས་སྒོམ་ཁང་ཐབས་ཆགས་ཤིག་རྒྱག་རྗེས་ཆོས་འཕེལ་དེའི་ནང་སྒོམ་ལ་བཞུགས་སུ་འཇུག
དུས་ཡུན་དེའི་རིང་ཡུལ་མི་ཚོས་བྲག་དཀར་མགོ་ནས་འོད་ཟེར་འཕྲོ་བ་དང་། འཇའ་གུར་ཕུབ་པ་བཅས་ལེགས་ལྟས་ཐེངས་མང་པོ་མཐོང་བས་ཚང་མས་ཨ་ཕ་ནོར་བཟང་གི་བུ་ཆོས་འཕེལ་ངོ་མ་ལས་བསོད་བདེ་ཅན་ས་སྟིང་ལ་དཀོན་པའི་རྩ་བའི་བླ་མ་ཤེས་རབ་ཀྱི་སློབ་འཁྲིད་མཛད་པའི་སྐལ་བཟང་ཐོབ་པ་མ་ཟད། ཧུར་བརྩོན་ཆེན་པོས་སྦྱོང་བའི་འབྲས་རྟགས་སུ་ཁོང་ཡང་བླ་མ་མཚན་ཉིད་ལྡན་པ་ཞིག་གྱུར་བ་ལ་ཧ་ལས་ཀྱི་ཡོད། དེ་མིན་ཨ་ཕ་ནོར་བཟང་གཙོས་ཁྱིམ་མི་ཚོས་ཁོ་པར་འཚོ་བའི་གང་ས་ཅིའི་ཕྱོགས་ནས་ཐུགས་འཁུར་ཆེ་བསྐྱེད་བྱས་པའི་བྱུང་འབྲས་ཡིན་ལུགས་བཤད་ཀྱི་ཡོད་པ་དང་། དེའང་དམིགས་བསལ་དུ་བུ་མོ་ཨ་དཀར་ལྷ་མོས་དབྱར་དགུན་སྟོན་དཔྱིད་དུས་ཚིགས་བཞིའི་ཁྱད་པར་མེད་ཅིང་རྣམ་གཡེང་སྤུ་ཙམ་མེད་པར་ཆོས་འཕེལ་སློབ་གཉེར་དང་སྒོམ་སྒྲུབ་ལ་གཞོལ་སྐབས་ག་དུས་ཡིན་ཡང་འཚོ་གོས་གནས་མལ་ཚུན་ནས་རོགས་རམ་གཅེས་སྐྱོང་ཞུས་པ་ལས་བྱུང་ཚུལ་ནི་མིག་ཡོད་ཚད་ཀྱིས་མཐོང་ཐུབ་པ་ཞིག་དང་། ཁ་ཡོད་ཚད་ཀྱིས་བསྟོང་བསྔགས་གཏོང་ཡུལ་དུ་གྱུར།
ཆོས་འཕེལ་རབ་ཏུ་བྱུང་ནས་ད་བར་ཕལ་ཆེར་ལོ་ངོ་ཧྲིལ་པོ་བཅུ་གྲངས་ཙམ་སོང་། ཐོག་མའི་སྐབས་སུ་ཨ་དཀར་ལྷོ་མོས་ཀྱང་ཆོས་འཕེལ་ཆོས་སྒོར་ཞུགས་པ་དེར་མོ་རང་དགའ་དགོས་པ་ཡིན་ན་སྡུག་དགོས་པ་ཡིན་ཆ་མི་འཚལ་བའི་ཚོར་ཤུགས་ཡ་མ་ཟུང་ཞིག་གིས་མོའི་ཡ་ཆུང་ལ་སུན་བཙིར་ཚད་མེད་ཅིག་མྱོང་བཞིན་ཡོད། མཚམས་རེར་མོ་རང་སྒོམ་ཁང་དུ་ཆོས་འཕེལ་སར་ལྟོ་བསྐྱེལ་ནས་ཕྱིར་ཁྱིམ་དུ་ལོག་པའི་ལམ་བར་དུ་འཕགས་མཆོང་རྒྱག་ནས་དགའ་སྤྲོ་དཔག་མེད་སྐྱེ་བཞིན། གནམ་གྱི་འོད་ཟེར་དཀར་པོ། རྟ་བདུན་དབང་པོ་ཡིན་སོང་། ས་ལ་པདྨ་འདབ་བརྒྱད། ལུས་ཀྱི་ཆ་ལག་འབྱུང་ས། བར་དབྱིངས་སྤྲིན་པ་དཀར་པོ། རླུང་གིས་འདེད་ནས་སྤྱོད་འགྲོ ཉི་ཟླ་གཟའ་སྐར་ཚུན་ནས། ཡུལ་ལ་འོད་ཀྱིས་འཁྱིལ་སོང་། སངས་རྒྱས་ཉི་མ་འདྲ་པོས། སྡུག་གི་མུན་པ་སེལ་ཡོང་། ཞེས་དམངས་གཞས་དེ་འདྲ་གཏོང་གི་ཡོད། ཡང་ལེན་རེར་མོ་རང་གཅིག་པུར་གྲོང་མཐའི་རྒྱུག་ཆུའི་འགྲམ་དུ་ཁེར་རྐྱང་ངང་བསྡད་དེ། ང་དང་ཆུང་འདྲིས་བྱམས་པ། ངང་པ་ཆ་དང་འདྲ་སོང་། ངང་ཕོ་ལྷོ་ལ་འཕུར་དུས། ངང་མོ་སྐྱོ་བས་གདུང་སོང་། ཚེ་སྔོན་ལས་སྨོན་བཟང་པོས། བྱམས་པ་ཆོས་ལ་གཞོལ་སོང་། ལས་དང་བསྐལ་བ་དམན་པའི། ང་རང་ཁེར་རྐྱང་ལུས་བྱུང་། ནམ་མཁའི་བླ་མ་དཀོན་མཆོག སེམས་ཀྱི་སྡུག་ངལ་སེལ་རོགས། ལས་དང་བསོད་ནམས་དར་བའི། སྐྱེས་བུའི་ཐུགས་འདུན་སྒྲུབ་རོགས། ལས་དམན་བདག་གི་སྡུག་ཡུས། ཆུ་མོས་རིང་དུ་འཁྱེར་རོགས། ཅེས་སྐྱོ་གླུའང་ལེན་པ་ཐོས་དུས། ཡུལ་མི་འགའ་ཡིས་བླ་མ་ཆོས་འཕེལ་སངས་རྒྱས་བསྟན་པ་འདིའི་ཆེད་དུ་སྐུ་ཡོན་ཆེ་ཞིང་། ཉམས་ལེན་བཟང་བའི་སྐོར་མཐེ་བོང་སྒྲིང་ནས་དད་འདུན་གཙང་མས་བསྟོད་བསྔགས་བསམ་གྱིས་མི་ཁྱབ་པར་གཏོང་བ་དུས་མཚུངས་ལ་ལས་སྙིང་རྗེ་འོས་པའི་བུ་མོ་ཨ་དཀར་ལྷ་མོ་འདི་ཆུང་ནས་ད་བར་མོ་རང་དགའ་ས་བུ་ཆོས་འཕེལ་དང་འཇིག་རྟེན་པའི་འཚོ་བ་ཞིག་བསྐྱེལ་རྒྱུ་མ་རག ད་ཡིན་ན་མ་འོངས་པར་བརྩེ་ཚོར་ཟབ་པའི་བུ་མོ་འདི་ཇི་ལྟར་འཚོ་དགོས་སམ། ཞེས་མོའི་ཆེད་དུ་སེམས་འཚབ་བྱེད་མཁན་ཡང་ཡོད།
ཨ་དཀར་ལྷ་མོ་ཆོས་འཕེལ་གྱི་སྒོམ་ཕུག་ཏུ་ལྟོ་ཟས་བསྐྱེལ་བ་འགྲོ་དུས། ཆོས་འཕེལ་གདན་ཐོག་དལ་གྱིས་བཞུགས་ཅིང་དམིགས་པ་རྩེ་གཅིག་ཏུ་གཏད་དེ་སྒོམ་ལམ་དུ་བཞུགས་པ་དང་། དེ་ནས་སྒོམ་ཅུང་བྲོལ་རྗེས་ཨ་དཀར་ལྷ་མོས་གུས་གུས་ཞུམ་ཞུམ་གྱིས་ཁོང་ལ་གསོལ་ཚིགས་ཕུལ་གྱི་ཡོད། སྐབས་དེར་ཆོས་འཕེལ་གྱིས་ཀྱང་མོའི་སྐོར་སྐད་ཆ་འདྲི་བ་དང་། ཁྱིམ་དང་ཡུལ་མིའི་གནས་སྟངས། དེ་མིན་རྩེད་མཚར་སྦྲགས་གནས་ཚུལ་མང་པོར་སྐད་ཆ་འདྲི་བར་ཨ་དཀར་ལྷ་མོས་ལན་འདེབས་ཀྱི་ཡོད། ཆོས་འཕེལ་གྱིས་ཞལ་ལག་གསོལ་ཚར་རྗེས་སླར་ཡང་སྒོམ་དུ་བཞུགས་དུས་ཨ་དཀར་ལྷོ་མོའང་ཟུར་ཞིག་ལ་ལྷིང་འཇགས་ངང་བསྡད་དེ་ལག་ཏུ་མ་ཎི་ཕྲེང་བ་ཐོགས། བློ་གཅིག་སེམས་གཅིག་གིས་མ་ཎི་དང་སྒྲོན་མ་སྐྱོར་ཞོར་སྨོན་ལམ་འདེབས་ཅིང་སེམས་རྣལ་དུ་ཕབ། མོ་རང་གིས་གཞན་ལ་བླ་མ་ཆོས་འཕེལ་སྒོམ་ལ་བཞུགས་ཅིང་མོ་རང་ཟུར་ནས་ཁོང་དང་མཉམ་དུ་ཕུག་པར་གནས་ཏེ་སྨོན་ལམ་རྩེ་གཅིག་ཏུ་བཏབས་པའི་དུས་ཚོད་དེ་ནི་མོའི་མི་ཚེའི་ནང་ཆེས་སྐྱིད་སྣང་གི་དུས་ཤིག་ཡིན་ལུགས་ཀྱང་བཤད་ཀྱི་ཡོད་པ་རེད།
ད་བར་ཨ་དཀར་ལྷ་མོས་ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་ཆོས་འཕེལ་གྱི་སློབ་གཉེར་དང་འཚོ་བའི་ཐོག་འགན་རྐང་ལེན་བྱས་ཅིང་མོའི་སེམས་སུ་ངའི་མི་ཚེ་འདིའི་ནང་ང་རང་ཨ་ཕོ་ཆོས་འཕེལ་དང་མཉམ་དུ་འཇིག་རྟེན་པ་ལྟར་ཁོང་གི་མནའ་མར་འགྲོ་མ་ཐུབ་པ་བདེན། འོན་ཀྱང་ང་རང་ཁོང་གི་འཁྲིས་སུ་བསྡད་དེ་ཁོང་ལ་གཡོག་བྱ་དང་རོགས་རམ་བྱེད་ཐུབ་པ་ཙམ་གྱིས་ངའི་བློ་ཡིད་ཚིམ་སོང་། ཆུང་དུས་ནས་སོ་སོའི་ཨ་ཕ་མཐོང་མ་མྱོང་། ཅུང་ཆེ་རུ་སོང་དུས་བརྩེ་ཆེན་གྱི་ཨ་མ་ལགས་ང་དང་བྲལ་སྔ་སོང་། ད་འཇིག་རྟེན་འདིའི་ཐོག་ང་ལ་མཚོན་ན་ཨ་ཕོ་ཆོས་འཕེལ་ལས་སེམས་རྟེན་ས་ཆགས་ས་གཞན་ཞིག་མེད། ང་ནམ་འཚོའི་བར་དུ་ཁོང་དང་ཁ་མི་བྲལ་ཐག་ཆོད་ཡིན། ཞེས་རྒྱུན་དུ་སོ་སོར་སེམས་གསོ་དང་བསླབ་བྱ་གཏོང་བའི་ལུགས་སྲོལ་ཞིག་ཆགས།
ཡུལ་མི་ཚོས་བུ་མོ་ཨ་དཀར་ལྷོ་མོས་ཞོགས་སྔ་ལང་དང་མཚན་ཕྱི་ཉལ་གྱིས་སྒྲུབ་ཕུག་ཕྱོགས་སུ་སྒོམ་ལམ་དུ་བཞུགས་པའི་བླ་མ་ཆོས་འཕེལ་ལ་གཡོག་བྱ་བྱེད་པའི་གྲིབ་གཟུགས་མཐོང་ཐེངས་རེར། བུ་མོ་ལས་ངན་མ་འདི་སྙིང་རྗེ། ཞེས་ཁ་ནས་ཤོར་འགྲོ་ལ། ཡང་ཨ་དཀར་ལྷ་མོ་སྒྲུབ་ཕུག་ནས་ཕྱིར་ཁྱིམ་དུ་ལོག་ཡོང་བའི་ལམ་བར་དུ་ག་དུས་ཡིན་ཡང་རི་སྐེད་དུ་ཆགས་པའི་བྲག་དཀར་མགོར་ངལ་གསོ་བཞིན་པའི་མོའིི་མཛེས་སྡུག་དང་སྒེག་ཉམས་ཀྱི་ཁེར་རྐྱང་གི་གྲིབ་གཟུགས་མཐོང་དུས། ཡུལ་ལུང་གི་གཞོན་ནུ་མ་ཚོས་རྒྱུན་དུ། དཀོན་མཆོག་གིས་མཁྱེན། ངའང་མ་འོངས་པར་ཨ་དཀར་ལྷ་མོ་ནང་བཞིན་ཁེར་རྐྱང་དུ་མ་ལྷག་པ་ཤོག ཅེས་ལྐོགས་ནས་བློ་འཚབ་དང་བཅས་སྨོན་ལམ་འདེབས་ཀྱི་ཡོད་པ་རེད།
དེའི་རིང་ཆོས་འཕེལ་སྒོམ་དུ་གཞོལ་བཞིན་པའི་སྐབས་སུ་ཨ་ཕ་ནོར་བཟང་སོགས་ཡུལ་མི་ཚོས་བྲག་དགོན་དུ་བཞུགས་པའི་བླ་མ་ཤེས་རབ་སྐུ་འདས་གྲོངས་སུ་གྱུར་བའི་གཏམ་ངན་དེ་ཐོས། འོན་ཀྱང་བླ་མས་ཁོང་བསྙུན་པའི་སྐོར་གྱི་སྐད་ཆ་ཚིག་གཅིག་སྒོམ་སྒྲུབ་བྱེད་བཞིན་པའི་ཆོས་འཕེལ་ལ་བཤད་རྒྱུ་མེད་ལུགས་གསུང་པས་ཚང་མས་སྐྱོ་གནས་དེ་ཆོས་འཕེལ་ལ་གསང་རྒྱ་བྱས་ནས་བསྡད། འོན་ཀྱང་བླ་མ་ཤེས་རབ་སྐུ་འདས་གྲོངས་སུ་སོང་བའི་སྐབས་དེར་སྒྲུབ་ཕུག་ནང་གི་ཆོས་འཕེལ་ཡང་གློ་བུར་དུ་སྐུ་ལུས་ཡོངས་ལ་ཚ་བ་རྒྱས་ནས་སྒྲུབ་ཕུག་ཏུ་དྲན་མེད་དུ་གྱར། དེའང་ཨ་དཀར་ལྷ་མོས་ཐོག་དང་པོར་མཐོང་སྟེ་མོས་དེ་མུར་ཆོས་འཕེལ་རྒྱབ་ཏུ་འཁྱེར་ནས་ཕྱིར་ནང་དུ་སོང་། ལམ་བར་གྱི་རི་སྐེད་མཚམས་སུ་སླེབས་དུས་མོ་རང་བྲག་དཀར་མགོར་ངལ་ཅུང་གསོས། སྐབས་དེར་ཆོས་འཕེལ་གྱིས་རིག་པ་དྭངས་གསལ་མེད་པའི་སྒོ་ནས་མིག་ངོར་ཉི་འོད་ཀྱི་གུར་ཁང་དབུས་སུ་སྒྲོན་མ་དཀར་མོས་ཁོ་པར་གཟིགས་བཞིན་པ་མཇལ། ཆོས་འཕེལ་གྱི་གཟུགས་པོ་ཡོངས་འ་ཆད་འུ་ཐུག་ལྟར་གྱུར་ཟིན་ཡང་སེམས་སུ་བློ་ཚིམ་པའི་ཚོར་འདུ་ཞིག་འཕྱུར་འོང་། ཁོས་སྐད་མགོ་དམའ་མོས། ཨ་དཀར། ཁྱོད་རང་ངལ་ཅུང་གསོས། ངས་ཁྱོད་ལ་དཀའ་ལས་སྤྲོད་སོང་། ང་དྲག་འགྲོ་གི་རེད། ཁྱོད་རང་སེམས་འཕྲལ་མི་དགོས། ཅེས་བཤད་པར་ཐོས་དུས་ཨ་དཀར་ལྷ་མོའི་མིག་ནང་གི་མཆི་མ་ཆུ་མོའི་རྒྱུན་བཞིན་ཕྱིར་བཞུད་ཅིང་མཚམས་ཆད་མ་ཐུབ། འོན་ཀྱང་དུས་མཚུངས་སུ་ཨ་དཀར་ལྷ་མོས་སེམས་ཐག་ཆོད་པའི་སྒོ་ནས། ཁྱེད་ཐུགས་འཁུར་རྩ་བ་ནས་གནང་མི་དགོས། ང་ཡོད་པའི་དུས་སུ་ཁྱེད་རང་ལས་དམན་མ་ངའི་སྔོན་དུ་ཕྱི་མིའི་ལམ་དུ་ཕེབས་མི་འཇུག་སེམས་ཐག་གོར་མོ་རྡོ་ཡིན། ངེད་གཉིས་སྨན་པ་སར་རྟེན་གཏུག་བྱེད་པར་འགྲོ ཐུགས་འཁུར་མི་དགོས། ཅེས་བཤད་དེ་སླར་ཆོས་འཕེལ་རྒྱབ་ལ་འཁྱེར་ནས་ཁྱིམ་དུ་ལོག
སྒོ་འགྲམ་ནས་ཨ་ཕ་ནོར་བཟང་རྒན་པོས་ཨ་དཀར་ལྷ་མོས་ཆོས་འཕེལ་རྒྱབ་ལ་འཁྱེར་ཡོང་བ་མཐོང་ནས་ཞེད་སྣང་ཚད་མེད་ངང་བུ་ཆེ་བ་ཡུལ་སྨད་དུ་སྨན་པ་འབོད་པར་གཏོང་ཞིང་། ཨ་དཀར་མཉམ་དུ་ཆོས་འཕེལ་ནང་སྦུག་ཏུ་མཉམ་དུ་བསྐྱོར་ནས་སོང་། ཨ་ཕ་ནོར་བཟང་གིས་ཨ་དཀར་ལྷ་མོའི་ངོ་གདོང་དེ་རྔུལ་ཆུ་ཡིས་འཁྲུས་ཚར་ཙམ་ལྟར་གྱུར་བ་མཐོང་བས། ཨ་ཕའི་བུ་མོ་ཨ་དཀར། ཁྱོད་རང་དཀའ་ལས་ཁག་སོང་། ཞེས་གསུངས། ཨ་དཀར་ལྷ་མོས་ཆོས་འཕེལ་སར་བཞག་རྗེས་ཁོ་ལ་གདུག་སྤོས་གཏོང་བ་དང་མར་གྱིས་རླུང་མིག་བཀག་པ་སོགས་བྱས་རྗེས་ཅུང་ལྷོད་ལ་བབས། དེ་ནས་ཨ་དཀར་ལྷ་མོས་ཆོས་འཕེལ་གྱི་ཕྱག་ནས་འཇུས་ཏེ་ཁྱེད་རང་སྡུག་རུས་གནོངས། ཁྱེད་ཀྱིས་སྡུག་རུས་གནོངས་དགོས། ཅེས་ལབ་རྡོལ་བྱས། ཨ་ཕ་ནོར་བཟང་གིས་དེ་མཐོང་ནས་ཨ་དཀར་ལྷ་མོའི་ལག་པ་དེ་ཆོས་འཕེལ་གྱི་ལག་ནས་ཚུར་འཇུས་ཏེ། བུ་མོ། སེམས་འཁྲལ་མི་དགོས། ཁོང་སྐྱོན་མི་ཡོང་། སེམས་འཁྲལ་མི་དགོས། ཅེས་བཤད། འོན་ཀྱང་ཨ་དཀར་ལྷོ་མོས་དེ་མུར་མོའི་ལག་པ་ཨ་ཕ་ནོར་བཟང་གི་ལག་ནས་ཚུར་འཐེན་ཞོར། ལག་གཡས་པས་ཆོས་འཕེལ་གྱི་དཔྲལ་བར་ཕྱིར་མངོན་པའི་དངུལ་ནག་དེ་ཕྱེས་ཏེ་མདུན་དུ་བཞག་པའི་ཇ་འཁོལ་གྲང་ཏོག་ཙམ་ཆོས་འཕེལ་གྱི་ཁའི་ནང་བླུགས་རྗེས། ཨ་ཕོ་ཆོས་འཕེལ། སྨན་པ་སླེབས་གྲབས་ཡོད། ཁྱེད་རང་སྡུག་རུས་བྱོས། ཅེས་བཤད་པར་ཆོས་འཕེལ་གྱི་ངོ་ལ་འཛུམ་ཅུང་མངོན་བཞིན། ཨ་དཀར། ང་སྣང་དག་མི་འདུག སྨན་པ་དགོས་ས་མ་རེད། ཁྱོད་རང་སེམས་འཕྲལ་མི་དགོས། ཅེས་པར་ཨ་དཀར་ལྷ་མོས། ཡ་ཡ། ང་ཁྱེད་ལ་ཡིད་ཆས་ཡོད། ཁྱེད་ཀྱིས་དེ་སྔོན་ནས་ངའི་ཨ་མའི་མདུན་ནས་ང་གཅིག་པུར་བཞག་ནས་མི་འགྲོ་རྒྱུ་ཁེས་ལན་བྱས་ཚར་བ་རེད། ང་ཁྱེད་ལ་ཡིད་ཆས་ཡོད། ཅེས་བཤད།
དེར་འདུས་པའི་ཁྱིམ་མི་དང་ཉེ་འབྲེལ་ཚང་མ་བློ་འཚབ་ཆེན་པོས་ཆོས་འཕེལ་དང་ཨ་དཀར་ལྷ་མོ་གཉིས་ལ་བལྟས་ནས་བསྡད། དེའི་ནང་གི་ལོ་ལོན་བུད་མེད་འགའ་བཟོད་མ་ཐུབ་པར་ངུའང་ཤོར། ཅུང་འགོར་རྗེས་བུ་ཆེ་བས་སྨན་པ་འཁྲིད་དེ་སླེབས། སྨན་པས་ཆོས་འཕེལ་ལ་རྟག་དཔྱད་བྱས་རྗེས། ཨ་ཕོ་ནོར་བཟང་ལགས། བླ་མ་རིན་པོ་ཆེ་ཁོང་གི་སྐུ་གཟུགས་ལ་ཚ་བ་ཤུགས་ཆེར་རྒྱས་པར་བརྟེན་ཁྲག་རྒྱས་ཆེ་དྲག་ནས་དུས་ཡུན་ཙམ་དྲན་མེད་དུ་གྱར་བ་ལས་གཞན་གནོད་འཚེ་ཆེན་པོ་གང་ཡང་མི་འདུག་ལགས། ཅེས་བཤད་པར་དེར་ཡོད་ཚང་མའི་སེམས་ལྷོད་ལ་བབས་ཐུབ་ཙམ་བྱུང་། དེ་རྗེས་ཆོས་འཕེལ་ཁྱིམ་དུ་ཅུང་ངལ་གསོས་ཏེ་ཞག་གྲངས་བཅོ་ལྔ་སོང་ཙམ་ན་གཟུགས་པོ་གང་མགྱོགས་བདེ་ཐང་དུ་བྱུང་། དེའི་རིང་ཨ་དཀར་ལྷ་མོས་སྔ་སྲོལ་ལྟར་ཉིན་མཚན་མེད་པར་ཆོས་འཕེལ་གྱི་ཉལ་མགོར་སྲུང་ནས་བསྡད་པས་མིག་པགས་གཉིས་ཀྱང་སྐྲང་སྦོས་སུ་གྱུར་བ་མཐོང་དུས། ཆོས་འཕེལ་གྱིས། ཨ་དཀར། ད་ཁྱོད་རང་ཏོག་ཙམ་ངལ་གསོ་རྒྱོབས། སོང་ནས་ཏོག་ཙམ་ཉོལ་སྡོད། ལྟོས་དང་། རང་གི་མིག་གཉིས་ཁམ་རྡོག་གཉིས་ལྟ་བུར་ཆགས་འདུག་ག ཧ་ཧ་ཧ་ཞེས་གད་མོའང་ཤོར་པར་ཨ་དཀར་ལྷ་མོས་ཀྱང་འཛུམ་དང་བཅས། ཨ་ཕོ་ཆོས་འཕེལ། ངས་ཁྱེད་རང་ཤི་བདག་གི་ལག་ནས་ཚུར་འཁྲིད་ཐུབ་པ་བྱུང་བས་ངའི་མིག་གཉིས་ཁམ་རྡོག་མི་དགོས་ཀུ་ཤུ་རྡོག་རྡོག་ལ་འགྱུར་ན་འགྱུར། ཧེ་ཧེ་ཧེ། ཞེས་ཁོ་རང་གཉིས་དེ་ལྟར་སྤྲོ་སྣང་ཆེན་པོས་ཕན་ཚུན་རྩེད་མཚར་སྒོ་ནས་གད་མོ་མཉམ་ཤོར་བྱས།
དེ་རྗེས་ཆོས་འཕེལ་གྱི་གཟུགས་པོ་ཇེ་མགྱོགས་སུ་བདེ་ཐང་བྱུང་ཡང་ཁོ་པའི་རྩ་བའི་བླ་མ་ཤེས་རབ་མཆོག་འདས་གྲོངས་སུ་གྱུར་བའི་སྐྱོ་གནས་ཐོས་སྟབས་དུས་དེའི་རིང་ཆོས་འཕེལ་གྱི་སེམས་ཧ་ཅང་སྐྱོ་ནས་ལུས། དེ་བས་ཆོས་འཕེལ་གྱིས་བླ་མ་ཤེས་རབ་ཀྱིས་ཁོང་ལ་བཞག་པའི་ཁ་ཆེམས་ཡི་གེ་དེ་མཇལ་མ་ཐག ཆོས་འཕེལ་གྱི་སེམས་རྩ་སྡུག་གིས་བསྡམ་པ་དུས་མཚུངས་སུ་སངས་རྒྱས་བསྟན་པ་སྲུང་བའི་དམ་བཅའ་དེའང་ཇེ་བརྟེན་དུ་སོང་། བླ་མ་ཤེས་རབ་ཀྱི་ཁ་ཆེམས་ཡི་གི་འདི་ལྟར།
སློབ་བུ་ཆོས་འཕེལ་རིན་པོ་ཆེའི་དྲུང་དུ། ཆེད་ཞུ། ཚེ་སྔོན་ལས་སྨོན་བཟང་པོས་མཐུས་ངེད་གཉིས་བླ་སློབ་བར་ཚེ་འདིར་ལས་འབྲས་སྲུང་ནས་མཉམ་འཛོམས་བྱུང་བ་འདི་དང་། ཡང་དགོས་སུ་དད་པ་དམ་ཚིག་གཙང་མས་སྤྱིར་ན་སངས་རྒྱས་བསྟན་པ་བརྒྱུན་འཛིན་གྱི་སྐལ་བཟང་ཞིག་ཐོབ་པ་འདི་ནི་ཚེ་ལུས་དུ་མས་བསོད་ནམས་བསགས་པའི་གྲུབ་རྟགས་སུ་མངོན། ནང་པ་སངས་རྒྱས་པའི་བསྟན་པ་འདི་སེམས་ཅན་ཐམས་ཅད་ཀྱི་མཐར་ཐུག་གི་བདེ་བའི་ཆེད་དུ་ཡིན་པས་ཆོས་འཕེལ་རིན་པོ་ཆེས་ལྷོད་དབྱིངས་མེད་པར་ཉམས་སུ་མྱོང་བར་གུས་པའང་དགའ་བ་འབུམ་གྱིས་བལྟས། དེ་བཞིན་ང་ཚོའི་རི་གྲོང་འདིར་འདས་མ་ད་གསུམ་གྱི་སྐྱེས་རབ་ཚོས་ལོ་མང་རིང་སངས་རྒྱས་བསྟན་པ་འདི་འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་བསྐྱེད་བཟང་པོ་ཁོ་ནར་བརྟེན་ནས་མི་མང་རྣམས་བདེ་བས་དྲོད་ཀྱིས་སྐྱོང་ཞིང་། རྒན་གཞོན་བར་གསུམ་བཟང་པོའི་ལས་སུ་གཞོལ་བའི་གོམས་གཤིས་བཟང་པོ་འདི་གྲུབ་པ་ཡིན། གཙོ་བོ་གུས་པས་ཁྱེད་ལ་སྔོན་ནས་གཏམ་པའི་སྐད་ཆ་ལྟར་དེ་ལུགས་རྒྱུན་བསྲིང་ཡོང་རྒྱུ་ནི་ངའི་ཚེ་མཇུག་གི་རེ་བ་ཉག་ཅིག་ཡིན་ཙ་ན་ཁྱེད་ཀྱིས་དཀའ་བསྐྱེད་མཛད་ནས་དེ་ལེགས་གྲུབ་ཡོང་བའི་རེ་བ་ཆེ། རིན་པོ་ཆེས་སེམས་ཅན་གྱི་ཆེད་དུ་བསྟན་པ་ཉི་ཤར་གྱི་ཚུལ་འདི་མུ་མཐུད་དར་རྒྱས་གཏོང་བའི་རེ་སྨོན་བཅས། སངས་རྒྱས་ཀྱི་རྗེས་འབྲང་དགེ་སྦྱོང་ཤེས་རབ་མིང་ཅན་ནས་ཟླ་ཚེས་བཟང་པོར་ཕུལ། ཞེས་བཞག་གནང་མཛད།
ཆོས་འཕེལ་གྱིས་བཀའ་དྲིན་ཆེ་བའི་རྩ་བའི་བླ་མའི་ཞལ་ཆེམས་ཡི་གེ་དེ་མཐོང་ནས་འགོག་མ་ཐུབ་པར་མིག་ནང་གི་མཆི་མ་ལྷུང་ལྷུང་དུ་སར་བབས། དེ་སྔོན་བླ་མ་ཤེས་རབ་འཚོ་བཞུག་སྐབས་ཀྱི་བཀའ་བཞིན་ཁོ་པ་སྒོམ་སྒྲུབ་གྲུབ་མཚམས་ནས་ཉི་མ་ལྷ་སར་བླ་མའི་མངགས་ཆ་ལྟར་དཔལ་ལྡན་འབྲས་སྤུངས་སུ་དགེ་བཤེས་ཀྱི་རྒྱུག་སྤྲོད་དུ་བཞུགས་ཐབས་བྱ་དགོས་པ་རེད། དེའང་བླ་མ་ཤེས་རབ་འཚོ་བཞུགས་སྐབས་ནས་འབྲས་སྤུངས་དགོན་པའི་དབུ་ལས་སུ་གཏམ་པོ་དང་དགོན་པའི་ཕྱོགས་ནས་ཀྱང་ཁེས་ལེན་ཡོད་པ་ལྟར། ཁོང་གིས་སློབ་བུ་ཆོས་འཕེལ་གྱིས་ཁོང་ས་ནས་མདོ་སྔགས་སྦྱང་གྲུབ་རྗེས་གཞན་དང་མི་འདྲ་བ་འབྲས་སྤུངས་སུ་སློབ་གཉེར་བ་རྣམས་དང་གཅིག་མཚུངས་ལོ་ཟླ་འགྲིམ་མི་དགོས་པར་ཐད་ཀར་དགེ་བཤེས་རྒྱུག་སྤྲོད་དུ་བཞུགས་ཆོག་པའི་དམིགས་བསལ་གྱི་གནང་བ་དེ་ཐོབ་པ་ཞིག་ཆགས་ཡོད། འོན་ཀྱང་ཆོས་འཕེལ་གྱི་སེམས་སུ་ཁོ་པ་ཆུང་ནས་གསོ་སྐྱོང་གནང་བའི་དྲིན་ཆེན་གྱི་རྩ་བའི་བླ་མ་འདས་ཁར་ཁོ་རང་དང་མ་འཕྲད་པ་དེ་ནི་སོ་སོའི་ལས་བསོད་ཀྱིས་མ་བཅོག་པར་ཡིན་པར་ངོས་འཛིན་ཐོག་སྙིང་ཁམས་སུ་སེམས་སྡུག་ལྷག་མ་ཞིག་ཀྱང་སྐྱེ་བཞིན་ཡོད་པ་རེད།
ཉི་ཤར་སྦ་མོས་མི་འཁེབས་པའི་དབྱར་དུས་ཀྱི་ཉིན་ག་གེ་མོར། ཨ་ཕ་ནོར་བཟང་ནང་མི་གཙོས་སྤུན་ཉེ་དང་ཡུལ་མི་ཚང་མ་ཡུལ་མཐའ་ཡི་རྒྱུག་ཆུ་དེའི་འགྲམ་དུ་འདུས་འདུག ཚང་མས་ལག་ཏུ་ཁ་དར་དཀར་པོ་བཟུང་ནས་བླ་མ་ཆོས་འཕེལ་ལྷ་སར་སློབ་གཉེར་ཕྱིར་ཕེབས་བསྐྱེལ་ཞུས། ཆོས་འཕེལ་གྱིས་སྐབས་དེར་ཨ་དཀར་ལྷ་མོ་དེར་མེད་པའི་གནས་སྟངས་ཤིག་སྔ་ས་ནས་དོ་སྣང་བྱུང་བས་ཡར་མར་གང་སར་བལྟས། ཆོས་འཕེལ་སོམ་ཉི་དང་བཅས་ནང་མི་སྤུན་ཉེ་དང་བཅས་ཁ་བྲལ་ཏེ་ལམ་དུ་ཆས། ཆོས་འཕེལ་རྟ་ལ་ཞོན་ནས་གྲོང་མཐར་སླེབས་དུས། ཁོ་རང་ཨ་དཀར་དང་མ་ཐུག་སྟབས་བློ་མ་བདེ་བར་རི་སྐེད་ཕྱོགས་སུ་རྒྱང་ལྟ་ཡང་ཡང་བྱས་པས། དེ་སྔོན་ཁོ་དང་ཨ་དཀར་ལྷ་མོ་གཉིས་ཆུང་ནས་ད་བར་རྒྱུན་དུ་འཛོམས་ས་རེི་སྐེད་ཀྱི་བྲག་དཀར་མགོའམ་ད་ཆ་ཆོས་འཕེལ་གྱི་སྒོམ་ཁང་དེའི་བཤིག་རོ་ཏོག་ཙམ་ཤུལ་ལྷག་ཡོད་སའི་འཁྲིས་དེར་ནག་རོབ་རོབ་ཀྱི་རྒྱུས་ཡོད་གྲིབ་གཟུགས་ཅིག་བསྡད་པར་མཐོང་། ཆོས་འཕེལ་གྱིས་དེ་ནི་ཨ་དཀར་ལྷ་མོ་ཡིན་པ་ཤེས་ནས་རྟ་ལ་ལྕགས་ཚན་འགར་བཞུས་ཏེ་རི་སྐེད་ཕྱོགས་སུ་རྟ་རྒྱུག་ལེན། བྲག་དཀར་མགོའི་འཁྲིས་སུ་སླེབས་དུས། ཨ་དཀར་ལྷ་མོས་ཁྱེད་རང་ང་མ་སྒུག་པར་ཕེབས་ཀྱི་མེད་འགྲོ་བསམ་སོང་། ཞེས་པར་ཆོས་འཕེལ་གྱིས། ཨ་ཧོ་ཧོ། དེ་འདྲ་མི་སྲིད་པ་རེད། ཨ་དཀར་ཁྱོད་དང་མ་ཐུག་པར་ང་ལྷ་ས་འགྲོ་དོགས་མེད། ཅེས་བཤད་ཞོར་ཆོས་འཕེལ་རྟ་ལས་སར་བབས་ཏེ་བྲག་དཀར་མགོར་ཨ་དཀར་དང་མཉམ་དུ་ལྷོད་བསྡད་བྱས།
སྐབས་དེར་ཨ་དཀར་ལྷ་མོ་ཁྱོན་ནས་བཟོད་མ་ཐུབ་པར་ངུ་ངག་དང་བཅས། ཨ་ཕོ་ཆོས་འཕེལ། ད་ཁྱེད་རང་ང་དང་ཁ་བྲལ་གྱི་རེད། ད་ཁྱེད་རང་ཉི་མ་ལྷ་སར་ཕེབས་ཀྱི་རེད། ང་ངོ་མ་ཁྱེད་དང་མཉམ་དུ་འགྲོ་འདོད་ཧ་ཅང་ཆེ། འོན་ཀྱང་ཨ་ཕ་ནོར་བཟང་གིས་དེ་ཁྱོན་ནས་འགྲིག་གི་མ་རེད་གསུང་གི་འདུག ཁྱེད་རང་སྡོམ་ལྡན་གྱི་བླ་མ་ཞིག་གིས་བུད་མེད་ཅིག་མཉམ་འཁྲིད་ཀྱིས་ལྷ་སར་སོང་བ་ཡིན་ན་མི་ཚོས་ལབ་གླེང་བྱེད་ཀྱི་རེད་གསུང་གི་འདུག ག་རེ་ཡིན་ནམ། ང་ཁྱེད་རང་གི་གཅུང་མོ་ཡིན་པའི་ཁུལ་རེད། ང་མཉམ་འཁྲིད་མི་ཆོག་པ་ག་རེ་ཡིན་ནམ། ཨ་ཕ་ནོར་བཟང་གིས་ཁྱེད་རང་ལྷ་སར་ཕེབས་དགོས་ཀྱི་རེད་གསུང་ཉིན་མོ་ནས་ད་བར་ངའི་བློ་བདེ་ལ་ཁྱོན་ནས་བབས་མ་ཐུབ། ང་ལ་སྣང་རྟོག་ཅིག་འདུག ཁྱེད་ང་དང་ཁ་བྲལ་དགོས་རེད། ད་ཁྱེད་དང་སླར་ཡང་མཇལ་ཐུབ་མིན་མི་ཤེས། ཅེས་ཨ་དཀར་ལྷ་མོས་ངུ་བཞིན་སྐད་ཆ་བཤད་མཚམས་འདིར་སླེབས་དུས་བཟོད་མ་ཐུབ་པར་ལག་པ་གཉིས་ཀྱིས་མོའི་གདོང་བཀབས་ཅིང་མགོ་སྒུར་ནས་ངུས། ཆོས་འཕེལ་གྱིས་ཨ་དཀར་ལྷ་མོའི་མགོ་ཡར་བཀྱག་སྟེ། ཨ་དཀར། ཁྱོད་རང་སེམས་འཁྲལ་མི་དགོས། དེ་སྔོན་ང་སྒོམ་ཁང་དུ་དྲན་མེད་དུ་གྱར་དུས་ངས་ཀྱང་ཁྱོད་ལ་ཁས་ལེན་བྱས་པ་ཡིན། ད་ཐེངས་ཀྱང་གཅིག་མཚུངས་རེད། ང་ལྷ་ས་ནས་དགེ་བཤེས་གཏོང་མི་རན་པ་ད་དུང་ལོ་ཕྱེད་ཙམ་འདུག དེའི་རིང་ངས་དཔེ་ཆ་ཧུར་ཐག་གིས་བལྟས་ནས་རྩ་བའི་བླ་མ་ཤེས་རབ་མཆོག་གི་ཐུགས་འདུན་འགྲུབ་པར་བྱས་ཏེ་གང་མགྱོགས་ཕྱིར་འཁོར་གྱི་རེད། ངའི་བཤད་པའི་སྐད་ཆར་ཉོན་དང་། ང་ལ་ཡིད་ཆས་བྱོས་དང། ཞེས་བཤད། ཨ་དཀར་ལྷ་མོ་ཅིའང་མི་བཤད་པར་ཆོས་འཕེལ་ལ་བལྟས་ནས། ངས་ཚེ་སྔོན་མར་ལས་ངན་ག་རེ་བསགས་པ་ཡིན་ནམ། ང་རང་དྲན་གསོ་ཡོད་ནས་བཟུང་ངའི་ཨ་ཕ་འཁྲིས་སུ་བསྡད་མི་འདུག དེ་ནས་ངའི་སྙིང་ཉེ་ཤོས་ཀྱི་མ་ཡུམ་ཁོང་འཇིག་རྟེན་འདི་ནས་ང་དང་ཁ་བྲལ་སྔ་སོང་། ད་ཆ་ང་ཨ་ཕོ་ཆོས་འཕེལ་ཁྱེད་ང་དང་ཁ་བྲལ་གྱི་རེད། ང་ངེས་པར་དུ་སོ་སོའི་སྙིང་ཉེ་བའི་མི་དང་ཁ་བྲལ་དགོས་པའི་ལས་ངན་འདི་ག་དུས་མཇུག་བསྒྲིལ་ཐུབ་བམ། ཞེས་པར་ཆོས་འཕེལ་གྱིས། ཨ་དཀར། ཁྱོད་རང་བློ་བདེ་མོར་བྱོས། ང་ལ་སེམས་འཕྲལ་ཁྱོན་ནས་མི་དགོས། ང་དགེ་བཤེས་གཏོང་ཚར་ན་ལམ་སེང་ཕྱིར་སླེབས་འོང་། དེའི་རིང་ཁྱོད་རང་ཡང་སོ་སོའི་གཟུགས་པོར་བདག་གཅེས་ཡག་པོ་བྱོས། དོན་དམ་པར་ངའི་སེམས་ལའང་སྡུག་ངལ་ཆེན་པོ་ཞིག་འདུག ངས་ཁྱོད་ཀྱི་འཇིག་རྟེན་པའི་འགྲོ་སྟངས་ཚང་མ་མེད་པ་བཟོས་པ་རེད། འདིའི་ཐད་ངའི་སེམས་པའང་སྐྱོ་ནས་ཡོད། ངའི་རེ་བ་ལ་ཆུང་ནས་བརྩེ་བའི་གཅུང་མོ་ཨ་དཀར་ལྷ་མོར་གཅེས་སྤྲས་དང་བྱམས་སྐྱོང་གནང་མཁན་ཞིག་འབྱུང་ན་བསམ་ཡོད། འོན་ཀྱང་ད་བར་གང་ཟག་འདི་འདྲ་ཞིག་ངས་མཐོང་མ་སོང་། ཁྱོད་རང་ལ་མི་བཟང་པོ་ཞིག་གིས་གཅེས་སྐྱོང་གནང་མཁན་བྱུང་ན་ང་ངོ་མ་བློ་རྦད་དེ་བདེ་པོར་ཆགས་འགྲོ་ས་རེད། ཅེས་བཤད། ཨ་དཀར་ལྷ་མོས། ཨ་ཕོ་ཆོས་འཕེལ། ཁྱེད་རང་གིས་ང་ལ་ཐུགས་འཁུར་དེ་འདྲ་གནང་བ་ང་ངོ་མ་དགའ་ཡོད། ང་རང་གི་མི་ཚེ་སོ་སོས་གདམ་ཁ་རྒྱག་གི་རེད། ང་གཞན་གྱི་མནའ་མར་འགྲོ་མིན་དེའང་ངས་སོ་སོས་ཐག་གཅོད་ཀྱི་རེད། ཁྱེད་རང་ཐུགས་འཁུར་ཁྱོན་ནས་མི་དགོས། ཁྱེད་ནི་སངས་རྒྱས་བསྟན་པའི་ཆེད་དུ་རབ་ཏུ་བྱུང་། ཆོས་ལམ་དུ་གཞོལ། མ་འོངས་པའང་འགྲོ་བ་སེམས་ཅན་ཡོངས་ལ་ཕན་པའི་བྱ་བཞག་ཆེན་པོ་སྒྲུབ་མཁན་ཡིན་པའི་སྐོར་བསམ་བློར་འཁོར་དུས་ངའི་སེམས་ཀྱི་སྡུག་ངལ་འདི་ཅིའང་མིན་པར་ཤེས་ཀྱི་འདུག ཁྱེད་སླར་ཡང་ཐུག་པའི་སྨོན་འདུན་ཡོད། ཨ་ཕོ་ཆོས་འཕེལ། ལྟོས་དང་། ང་ཚོའི་ལུང་པ་འདིའི་ནང་གི་བྲག་དཀར་མགོ་འདི་ངེད་གཉིས་ཆུང་ནས་མཉམ་དུ་འཚར་ལོང་བྱུང་ཞིང་གཅིག་སེམས་གཅིག་ལ་གཏད་ནས་བརྩེ་བ་དང་བྱམས་སྙིང་རྗེས་འཚོ་མྱོང་བའི་དཔང་པོ་ཡིན། བྲག་དཀར་མགོ་འདིས་ངེད་གཉིས་སླར་ཡང་འཛོམས་པའི་དམ་བཅའ་རྡོ་བརྐོས་རི་མོ་ལྟ་བུ་ཡིན། ཞེས་བཤད།
ཆོས་འཕེལ་གྱིས་ཨ་དཀར་གྱི་ལག་མགོ་ཚུར་འཇུས་ཏེ། ཨ་དཀར། ཁྱོད་ཀྱིས་ངའི་ཆེད་དུ་སྡུག་ངལ་མང་པོ་མྱོང་བ་རེད། འོན་ཀྱང་ངས་ཚང་མ་ཤེས་ཡོད། བྲག་དཀར་མགོའི་རྡོ་བརྐོས་རི་མོ་བཞིན། ངས་ཀྱང་སེམས་ནས་ཁྱོད་རང་བློས་མི་གཏོང་བ་ཁས་ལེན་བྱ་ཆོག ཅེས་གསུངས། ཨ་དཀར་ལྷ་མོ་དང་ཆོས་འཕེལ་གཉིས་དེ་ལྟར་ཧ་ཅང་བྲལ་མི་ཕོད་པས་ཕན་ཚུན་སེམས་ཀྱི་སྐད་ཆ་གླེང་། སྐབས་དེར་ཁོ་རང་གཉིས་ཀྱིས་ནམ་མཁའི་བྱ་ཁྱུའང་མགོ་ཐོག་ནས་རྒྱང་ལ་འཕུར་ལྡིང་བྱེད་པ་མཐོང་བས་ཆུང་བྱིས་པའི་དུས་ནས་མཉམ་འཚོ་བྱས་པའི་འདས་སོང་དག་ཡིད་ལ་ཝ་ལེར་འཁོར། དེ་ནས་ཆོས་འཕེལ་རྟ་ལ་བཞོན་ཏེ་ཨ་དཀར་ལྷ་མོར་དབུ་ཅོག་ལྡེམ་ཙམ་ལྡེམ་ཙམ་བྱས་ཏེ་ཕྱི་བལྟས་ལེན་གསུམ་ཤོར་བཞིན་རྒྱང་རིང་སར་སོང་། སྐབས་དེར་ཨ་དཀར་ལྷ་མོ་བྲག་དཀར་མགོར་ཡར་ཀྲོང་ངེར་ལང་སྟེ་དབྱངས་རྟ་སྙན་ཞིང་འཇེབས་པས་སྒོ་ནས། འདབ་ཆགས་ངང་པ་ཁྱུ་ཚོགས། ལྷོའི་ཕྱོགས་སུ་འཕུར་སོང་། འཕུར་དགོས་སྔོན་ལས་ཡིན་ཡང་། མཉམ་དུ་འགྲོགས་ནས་སོང་ཐལ། ཤྭ་བ་ཡུ་མོ་ཆ་གཅིག ནགས་རྫོང་ལྟེ་བར་འཛུལ་སོང་། གཏུམ་པོས་གནོད་པར་དོགས་ཀྱང་། མཉམ་དུ་ཐར་ལམ་བསྙེག་སོང་། ནམ་མཁའི་བྱ་དང་བྱིའུ། འཕུར་ལྡིང་གཤོག་རྩལ་ངོམས་བྱུང་། ལས་དམན་ཨ་དཀར་ལྷ་མོའི། སྡུག་གི་ཆུ་མོ་འཁྱིལ་བྱུང་། ངའང་གཤོག་པ་ངོམས་པའི། བྱ་དང་བྱིའུ་ཡིན་ན། ཕ་མའི་བཀའ་ལུང་བཙན་པོའི། དྲ་བ་སྡོམ་རྒྱ་གཏོར་ནས། ཁྱེད་དང་མཉན་དུ་འཕུར་ཆོག ཆུང་འདྲེས་སེམས་ཀྱི་བྱམས་པ། སེམས་པ་བྲག་རྡོ་འདྲ་སོང་། རྡོ་ལ་རི་མོ་བརྐོས་འདྲ། བརྩེ་སེམས་དོར་བ་དཀའ་སོང་། ཁྱེད་རང་ལྷོ་ལ་ཕེབས་དུས། ང་རང་ཤུལ་དུ་ལུས་བྱུང་། གཟུགས་དང་གྲིབ་མ་ནང་བཞིན། མཉམ་འགྲོག་མེད་པ་གང་ཡིན། སངས་རྒྱས་བསྟན་པའི་ཉི་འོད། ཕྱོགས་དང་ཕྱོགས་སུ་འཕྲོས་ནས། སེམས་ཅན་སྡུག་ངལ་སེལ་ན། སྙིང་ཆུང་གས་ལ་ཁད་པའི། ལྷ་མོའི་སྡུག་ངལ་སེལ་རོགས། ཨ་དཀར་ལྷ་མོས་འདི་ལྟར་གླུ་ངག་དབྱངས་སུ་བཀུག་བཞིན་མིག་ནང་གི་མཆི་མས་མོའི་མཛེས་ཤིང་སྡུག་པའི་ངོ་བོ་གཙང་འཁྲུས་ལྟར་བཟོས་ཏེ་ཆོས་འཕེལ་གྱི་རྗེས་ཤུལ་མ་ཡལ་བར་དེ་མུར་ཁྲ་ཡག་རི་གྲོང་གི་བྲག་དཀར་མགོར་ས་མ་རུབ་བར་དེ་མུར་བཙོག་པུར་ལང་ནས་བསྡད།
༤། ཁ་བྲལ་གྱི་ལོ་ཟླ།
ཆོས་འཕེལ་ཉི་མ་ལྷ་སར་སོང་བའི་ཉིན་དེ་ནས་བཟུང་། ཨ་དཀར་ལྷ་མོའི་དེ་སྔོན་གྱི་མཛེས་སྡུག་པདྨ་མེ་ཏོག་བཞད་ཁ་འགྱེད་པ་ལྟ་བུའི་ངོ་ཡི་འཛུམ་མདང་དེ་དང་སེམས་སུ་རྒྱུན་དུ་དགའ་སྣང་གི་རྦ་རླབས་ལྟ་བུ་དེ་དག་སྐད་ཅིག་ཉིད་དུ་སྤྲིན་ཕུང་བཞིན་ཡལ་ཞིང་མཚོ་ཆུ་བཞིན་འཇགས་ཟིན། དུས་དེ་ནས་བཟུང་ཨ་ཕ་ནོར་བཟང་གཙོས་ཁྱིམ་མི་ཚོས་ཀྱང་ཨ་དཀར་ལྷ་མོ་གློ་བུར་དུ་མི་གཉིས་ཆགས་པ་ལྟར་མཐོང་དུས་སེམས་ལ་རང་བཞིན་གྱི་སྐྱོ་སྣང་རེའང་འཚུབ་ཡོང་། གྲོང་པའི་རྒན་པ་གཙོས་ཨ་དཀར་ལྷ་མོར་སེམས་འཁུར་བྱེད་མཁན་ཚོས་རྒྱུན་དུ་མཉམ་འཛོམས་ཐོག་ཨ་དཀར་ཁྱིམ་ཚང་ཡག་པོ་ཞིག་ལ་མནའ་མ་གཏོང་བཞག་ན་བཟང་ལུགས་དང་། ད་ཨ་དཀར་ལྷ་མོ་འདི་ལྟར་མུ་མཐུད་ཁ་མི་དྲག་པར་སྐྱོང་གདུང་ཁེངས་ནས་བསྡད་ན་ཐེངས་ཤིག་ན་ཚ་ཕོག་ཉེན་ཆེ་བར་གདོན་མི་ཟ་ཚུལ། ཡང་ལ་ལས་ཨ་ཕ་ནོར་བཟང་ལ་ད་ཆ་བུ་ཆེ་བར་ཨ་དཀར་ལྷ་མོ་མནའ་མ་ལེན་ན་བཟང་ལུགས་སོགས་སྣ་ཚོགས་བཤད་མཁན་འབྱུང་བཞིན་ཡོད་པ་རེད། འོན་ཀྱང་ཨ་ཕ་ནོར་བཟང་གིས་ཁུ་སིམ་སིམ་ངང་བུ་མོ་ཨ་དཀར་གྱི་རྒྱབ་གཟུགས་ལ་ལྟ་བཞིན། དབུགས་རིང་ནར་ནར་གཏོང་བ་ལས་སེམས་བཟང་ཅན་གྱི་ཡུལ་མི་ཚོའི་བསམ་འཆར་དེ་དག་ཨ་དཀར་གྱིས་ངོས་ལེན་མི་བྱེད་པའང་ཧ་ཅང་གསལ་པོ་ཤེས་ཀྱི་ཡོད། དེ་ནས་ཨ་ཕ་ནོར་བཟང་ཡང་དུས་ཡུན་ཅི་བྱ་གཏོལ་བྲལ་ངང་ལུས།
དེ་མིན་ཁྲ་ཡག་རི་གྲོང་གི་རི་ཕར་རྒྱབ་ལ་འབྲོག་ས་དུད་ཚང་ཕལ་ཆེར་བརྒྱ་བསྐོར་ཙམ་ཡོད་པའི་འབྲོག་ས་དྲ་རྒྱས་པོ་ཞིག་ཆགས་པ་དེའི་མིང་ལ་དར་རྒྱས་འབྲོག་སྡེ་ཟེར། དེའི་ནང་དུད་ཚང་ཆེ་ཤོས་དུང་དཀར་ཚང་ཟེར་བ་ཞིག་ཡོད་པར་ཕ་བུ་དྲུག་ཚང་མ་ལོ་རེ་བཞིན་དགུན་དུས་བོད་ས་ཡོངས་ལ་ཚོང་འགྲོ་མཁན་ཤ་སྟག་ཡིན་པས། དུང་དཀར་ཚང་རྒྱུ་ནོར་འབྱོར་ཕྱུགས་ཀྱི་སྐད་གྲགས་དེ་ཡུལ་ལུང་གང་སར་ཁྱབ། དུང་དཀར་ཚང་གི་ཕ་རྒན་བཀྲ་ཤིས་ནི་འབྲོག་ཁུལ་དེར་ཚང་མས་མགོ་སྐྱེ་བོའི་གཙུག་ཏུ་གོང་བཀུར་ཞུ་ས་མི་དྲང་ཚུགས་ཅན་ཞིག་ཡིན། དེས་ན་ཁོ་རང་ཡང་གཞན་མང་པོ་ལྟར་དེ་སྔོན་ཁྲ་ཡག་ལུང་པའི་བླ་མ་ཤེས་རབ་ཀྱི་མཚན་སྙན་ཐོས་མྱོང་མཁན་དང་། བླ་མ་ཤེས་རབ་ཁོ་པའི་རྩ་བའི་བླ་མར་བརྟེན་མཁན་ཡིན་པའི་ཆ་ནས་བླ་མའི་ཆོས་ཞུ་ས་ཁྲ་ཡག་ལུང་པར་ཐེངས་འགར་འགྲོ་མྱོང་མཁན་ཞིག་ཀྱང་རེད། ཕྱུག་བདག་བཀྲ་ཤིས་བཟའ་ཚོ་གཉིས་ལ་ད་ལྟ་བུ་ལྔ་དང་བུ་མོ་གསུམ་ཡོད་ཅིང་། ཕྱུགས་ཟོག་དར་རྒྱས་ཆེ་ལ་གྲངས་ཀ་དེའང་སྟོང་ལ་ཉེ་བ་ཡོད་པས་ཕྱུགས་ལས་དྲ་རྒྱས་པོ་ཡིན་སྟབས་འབྲོག་ས་དེའི་དུད་ཚང་བརྒྱ་བསྐོར་ཙམ་ཡོད་པ་མང་ཆེར་བཀྲ་ཤིས་ནང་གི་འབྲོག་ལས་ཐད་གཡོག་བྱ་འདྲ་བྱེད་ཅིང་ཉེ་འབྲེལ་ཡོངས་རྫོགས་སྤུན་མཆེད་ནང་བཞིན་ཕན་ཚུན་དབར་འཆམ་མཐུན་གྱིས་འཚོ་བཞིན་མཆིས།
དེས་ན་རྒན་པ་བཀྲ་ཤིས་ཀྱིས་དེ་སྔོན་ནས་ཁྲ་ཡག་ལུང་པའི་ཨ་ཕ་ནོར་བཟང་ཚང་གི་བུ་ཆོས་འཕེལ་རིན་པོ་ཆེར་གོང་བསྐུར་དང་། ཨ་ཕ་ནོར་བཟང་ཚང་གི་བུ་བུ་མོ་དེ་དག་ནི་ཡུལ་ལུང་འདིའི་མི་ཚོས་བསྟོད་བསྔགས་གཏོང་ཡུལ་ཡིན་པ་ཤེས་ཀྱི་ཡོད་པ་མ་ཟད། དེང་སང་གཞན་བརྒྱུད་དེ་ཨ་ཕ་ནོར་བཟང་གིས་བུ་ཆེ་བར་མནའ་མ་ཞིག་ལེན་བརྩིས་ཡོད་སྐོར་ཡང་གོ་ཐོས་བྱུང་རྗེས་རྒན་པོ་བཀྲ་ཤིས་དང་ཨ་ཕ་ནོར་བཟང་གཉིས་ནང་མོལ་གྱིས་སོ་སོའི་བུ་མོ་གསུམ་ནང་གི་གཅིག་ཨ་ཕ་ནོར་བཟང་གི་བུ་ལ་མནའ་མ་སྟེར་འདོད་ཡོད་པར་བཤད། ཚང་མས་ཤེས་གསལ་ལྟར་ཨ་ཕ་ནོར་བཟང་ནི་སྤྱིར་རང་ལུགས་ཚུལ་མཐུན་གྱིས་འཚོ་བ་བསྐྱེལ་མཁན་ནང་ནས་ཆོས་སངས་རྒྱས་བསྟན་པར་དད་འདུན་རྩེ་གཅིག་ཏུ་ཡོད་མཁན་ཞིག་ལས་རྒྱུ་དཔལ་འབྱོར་ལ་འདོད་རྔམ་ཅན་ཞིག་རྩ་བ་ནས་མིན་ནའང། ཕྱུག་བདག་རྒན་པོ་བཀྲ་ཤིས་ཀྱིས་རང་འགུལ་ཐོག་ནས་ཁོ་པའི་བུ་མོ་ནོར་བཟང་ཚང་ལ་མནའ་མ་སྟེར་འདོད་ཡོད་པར་བཤད་པར་བརྟེན། བུའི་མ་འོངས་པའི་མདུན་ལམ་ཆེད་དུ་འབྲོག་སར་ཐེངས་གཅིག་གནས་སྟངས་ལྟ་རུ་འགྲོ་རྒྱུར་མོས་མཐུན་བྱས།
ཨ་ཕ་ནོར་བཟང་ཕ་བུ་གཉིས་ཀྱིས་དུང་དཀར་ཚང་ལ་ལག་རྟགས་ཏོག་ཙམ་འཁྱེར་ཏེ་རྟ་ཞོན་ནས་རི་ཕར་རྒྱབ་ཀྱི་འབྲོག་སར་སོང་། ནོར་བཟང་ཕ་བུ་གཉིས་རི་བརྒལ་ལ་ཉེ་དུས་རྟ་པ་གསུམ་བཞི་ཙམ་དེར་ཕེབས་བསུར་བཅར་བྱུང་། དེ་དག་ནི་ཕྱུག་བདག་བཀྲ་ཤིས་ཀྱི་བུ་འབྲིང་བ་གཉིས་དང་གཞན་རོགས་པ་འགའ་རེད། ཕ་བུ་གཉིས་རྟ་ལས་སར་བབ་མ་ཐག བུ་གཅིག་མདུན་དུ་བཅར་ནས་ནོར་བཟང་ལ་གུས་ཞབས་དང་བཅས་ཨ་ཁུ་ནོར་བཟང་ལགས། ཁམས་བཟང་། ང་བཀྲ་ཤིས་ཀྱི་བུ་ནོར་བུ་ཡིན། ཁྱེད་གཉིས་ངེད་ཚང་ལ་ཕེབས་པར་དགའ་བསུ་ཡོད། ཨ་ཕས་ངེད་སྤུན་གཉིས་འདིར་བསུ་མར་གཏོང་གནང་བྱུང་ཟེར་བས། ཨ་ཕ་ནོར་བཟང་འཛུམ་དང་བཅས། ངོ་མ་ཡིན། བཀྲ་ཤིས་ལ་བུ་སྟག་འདྲ་བ་འདི་འདྲ་ཡོད་པའི་ཁར་ཡིན་ལུགས་ཚུལ་ལྡན་གྱི་ཡ་རབ་འདི་འདྲའང་ཡིན་པ་ཡིད་ལ་འཆར་མ་མྱོང་། ཡ་ཡ་བུ། ཐུགས་རྗེ་ཆེ། ཞེས་བཤད་ཞོར་བུ་གཉིས་དང་ལག་པ་འཆང་ཙམ་བྱས་ཏེ་སླར་རྟ་ལ་ཞོན་ནས་དུང་དཀར་ཚང་གི་ཕྱོགས་སུ་སྤྱོད།
སྤྱིར་ན་འབྲོག་སྡེར་ཁང་པ་ཧ་ཅང་ཉུང་བ་དེ་ནི་འབྲོག་པ་རྣམས་ལ་ལུང་བརྒལ་ནས་གང་སར་ཕྱུགས་ཟོག་འཚོ་བར་འགྲོ་དགོས་སྟབས་སྦྲ་གུར་དུ་མ་གཏོགས་ས་ཞིག་ལ་གཏན་བསྡད་བྱེད་སྲོལ་ཆེར་མེད་ཀྱང་དུང་དཀར་ཚང་ནི་ཕྱུགས་བདག་གྲགས་ཅན་ཞིག་ཡིན་པའི་ཆ་དང་། དེ་མིན་ཁོ་ཚོས་འདིར་ས་རྡོ་འདྲེས་མས་བོད་ལུགས་ཁང་པ་སུམ་ཐོག་ཁང་མིག་བཅོ་ལྔ་ཙན་ཞིག་བརྩེགས་རྗེས་དེའི་ནང་འབྲོག་པ་དུད་ཚང་ཉམས་སྐྱོ་བའི་རིགས་དང་། འབྲོག་སྡེ་འདིའི་རྒན་འཁོག་བུ་རྒྱུད་མེད་མཁན་རྣམས་གཏན་བསྡད་བྱེད་བཅུག་པ་ཡིན། དེ་མིན་ཅུང་ལེགས་པའི་ཁང་མིག་སྟོང་པ་གཉིས་ནང་མགྲོན་པོ་སྣེ་ལེན་བྱེད་པ་ལས་མི་སྡོད་མཁན་མེད། སྐབས་དེར་དུང་དཀར་ཚང་གི་ཕ་རྒན་བཀྲ་ཤིས་སོགས་ལག་ཏུ་ཁ་དར་བཟུང་སྟེ་སྒོ་ཁར་ལང་ནས་ནོར་བཟང་ཕ་བུ་གཉིས་ནང་དུ་སྣེ་ལེན་བྱས་ཏེ་ཚང་མ་གདན་ཐོག་ལྷོད་སྡོད་བྱས། ཁང་པ་དེར་ཡོད་མཁན་ཚང་མ་སྤྲོ་སྣང་དང་བཅས་མགྲོན་པོ་སྣེ་ལེན་བྱེད་སའི་ཁང་པའི་སྒོ་འགྲམ་དུ་འཚང་ནས་ནོར་བཟང་ཕ་བུ་གཉིས་ལ་ཕག་ལྟ་བྱེད་དུས། མི་རྒན་བཀྲ་ཤིས་ཀྱིས་ཡ་ཡ་ད་ཚང་མ་ཡར་འཛུལ་ཤོག ངས་ངོ་སྤྲོད་ཅིག་ཀྱང་བྱེད། འདི་ངའི་བླ་མའམ་བླ་མ་རྩ་ཆེན་ཆོས་འཕེལ་རིན་པོ་ཆེའི་ཡབ་ཆེན་དང་ཁོང་གི་སྲས་སྐུ་ཞབས་ཆེ་བ་རེད། ཧ་གོ་སོང་ངེ་། བླ་མ་རྩ་ཆེན་ཆོས་འཕེལ་ང་ཚོའི་འབྲོག་སྡེའི་རྩ་བའི་བླ་མ་ཤེས་རབ་མཆོག་གི་དགེ་ཕྲུག་ཡོད་ན་མེད་ན་དེ་རེད་དཱ། ཅེས་བཤད་པར་དེར་འདུས་མི་འགས་ཡ་ཡ། ཐུགས་རྗེ་ཆེ། ཡབ་ཆེན་མཆོག་ལ་འཚམ་འདྲི་ཡོད། སྐུ་ཁམས་བཟང་། བཀྲ་ཤིས་བདེ་ལེགས་སོགས་འཚམ་འདྲི་བྱེད་མཁན་དང་། ཡང་བློ་ཁོག་ཅུང་ཆེ་བ་འགའ་ཁང་པའི་ནང་ཡར་འཛུལ་ནས་ཟུར་ཞིག་ལ་མར་བསྡད། སྐབས་དེར་གཡོག་པོ་ཚོས་ནོར་བཟང་ཕ་བུ་གཉིས་ལ་ཤ་མར་ཐུད་གསུམ་དང་དཀར་དམར་སྐྱུར་གསུམ་གྱི་འབྲོག་སྡེའི་ཟས་ཕུན་སུམ་ཚོགས་པས་སྣེ་ལེན་བྱས་པ་མ་ཟད། དེའི་རིང་ཨ་ཕ་ནོར་བཟང་ཕ་བུ་གཉིས་ཀྱིས་འབྲོག་སྡེ་དེའི་མི་ཚང་མ་ཕན་ཚུན་འཆམ་མཐུན་དང་ཞི་བདེའི་ལུགས་བཟང་ཐོག་འཚོ་བཞིན་པའི་རྣམ་པ་དེ་དག་མཐོང་དུས་ཨ་ཕ་ནོར་བཟང་ཕ་བུ་གཉིས་ཀྱང་དགའ་སྤྲོ་ཆེན་པོ་བྱུང་།
ནོར་བཟང་ཕ་བུ་གཉིས་ཕྱིར་ལོག་རན་དུས་བཀྲ་ཤིས་ཀྱི་བུ་འབྲིང་བ་ནོར་བུས་ཁོ་གཉིས་འབྲོག་སྡེའི་མཐའ་ཡི་རི་གདོང་གང་དེ་བར་དུ་བསྐྱེལ་མ་བྱས། འགྲོ་ཁར་བུ་ནོར་བུས་ཡབ་ཆེན་ལགས། ང་ཆུང་དུས་ཁྱེད་ཚང་གི་བུ་ཆོས་འཕེལ་དང་མཉམ་དུ་བུ་མོ་མཛེས་སྡུག་གི་སྒེག་ཉམས་མཁའ་འགྲོ་མ་དང་འཁྲུལ་འགྲོ་བ་ཞིག་ཀྱང་བླ་མ་ཤེས་རབ་ཀྱི་གསུང་ཆོས་ལ་བཅར་བ་ཐེངས་གཅིག་མཐོང་མྱོང་། དངོས་གནས་དུས་དེར་མོས་ངའི་དབང་པོ་ཅིག་ཅར་དུ་འཁྲོག་སོང་། ཧ་ཧ་ཧ་། བུ་མོ་དེ་དེང་སང་མནའ་མར་འགྲོ་ཚར་བ་རེད་དམ། ཞེས་རྩེད་མཚར་དང་བཅས་ཞུས་པར་ཨ་ཕ་ནོར་བཟང་གད་མོ་ཤོར་བཞིན། བུ། ཁྱོད་རང་སྔོན་མ་ནས་ངའི་བུ་མོར་སེམས་པ་ཤོར་ཚར་བ་འདྲ། རེད་དམ། ཧ་ཧ་ཧ་ དེ་འདྲ་ཡིན་ན་ངེད་ཚང་ལ་མང་ཙམ་ཕེབས་ཤོག་ཨ། གཅིག་བྱས་ན་སྒེག་ཉམས་མཁའ་འགྲོ་མ་དང་འཁྲུལ་འགྲོ་བ་དེ་ཁྱོད་ཀྱི་མནའ་མར་ཡོང་སྲིད། དེ་བུ་ཁྱོད་ཀྱི་འཇོན་ཐང་ལ་ལྟ་རྒྱུ་རེད། ཅེས་བཤད་པར་བུ་ནོར་བུ་དགའ་སྤྲོ་ཆེན་པོས་ལག་གཉིས་མདུན་དུ་ཟུམ་སྟེ་ཡབ་ཆེན་ལགས། ཐུགས་རྗེ་བཀའ་དྲིན་ཆེ། རྗེས་མར་གོ་སྐབས་འབྱུང་ན་ང་ཡོང་ཐག་གཅོད་ཡིན། ཡབ་ཆེན་དང་གཅེན་པོ་གཙོས་ཁྱེད་ནང་མི་ཚང་མ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད། ཅེས་བཤད་དེ་ཨ་ཕ་ནོར་བཟང་དང་གཅེན་པོ་གཉིས་འཛུམ་དང་བཅས་རྟ་ལམ་དུ་བཞུགས་སོ།
༥། གཅེན་པོའི་གཉེན་སྟོན།
དེ་རྗེས་ཡབ་ཆེན་ནོར་བཟང་གི་བུ་ཆེ་བས་འབྲོག་པ་རྒན་པོ་བཀྲ་ཤིས་ཀྱི་བུ་མོ་འབྲིང་བ་བདེ་སྐྱིད་ལ་སྣང་བ་སོང་ཞིང་། མོ་དང་ཐེངས་འགར་འགྲོག་འབྲེལ་བརྒྱུད། ཁོ་ཚོའི་ཕ་རྒན་གཉིས་ཀྱང་གང་བསམ་པ་བཞིན་ལྷུན་གྱི་གྲུབ་པ་བྱུང་བས་དུད་ཚང་གཉིས་ཀྱིས་བུ་བུ་མོ་གཉིས་ལ་གཉེན་སྟོན་ཞིག་གྲ་བསྒྲིག་བྱེད་རྒྱུ་འགོ་བརྩམས། དེའང་ཨ་ཕ་ནོར་བཟང་ཚང་ནས་ཡུལ་གཞན་དུ་གཉེན་སྟོན་གྱི་གཟའ་སྐར་འཕྲོད་སྦྱོར་ལ་མོ་ལུང་རྟགས་རྒྱུ་དང་། དུང་དཀར་ཚང་གི་ཕ་རྒན་བཀྲ་ཤིས་ནས་ཡུལ་ལུང་གི་འགྲོ་ལུགས་ལྟར་མནའ་མའི་ཁྱིམ་ཕྱོགས་ནས་བུ་མོ་འགྲོ་སའི་ཁྱིམ་ཚང་དུ་དགེ་འདུན་པ་གདན་འདྲེན་གྱིས་ཆོས་སྒྲུབ་རྒྱུ་དང་བག་མ་བསུ་ལེན་ཇི་ལྟར་བྱ་མིན། གསོལ་སྟོན་གྱི་གླུ་གར་བྲོ་གཞས་སོགས་ལའང་གྲ་བསྒྲིགས་ལེགས་པོ་བྱས།
ཚེས་བཟང་ཉིན་མོ་ཤར་ནས་བཟུང་། ཁྲ་ཡག་ཡུལ་ལུང་དུས་རྒྱུན་དང་མི་འདྲ་བ་སེར་སྐྱ་ཕོ་མོ་རྒན་གཞོན་རྣམས་དགའ་སྟོན་གྱི་སྤྲོ་བས་ཁེངས། ཐོག་མར་ཡབ་ཆེན་ནོར་བཟང་གི་བུ་ཆེ་བ་འབྲོག་སྡེར་མནའ་མ་བསུ་མར་རྟ་པ་ཕོ་དར་གཞོན་བཅོ་བརྒྱད་ཙམ་བཅར། དེ་ནས་བུ་མོའི་ཕ་རྒན་བཀྲ་ཤིས་དང་བུ་ལྔས་གཟབ་ཆས་མེ་སྟག་ལྟ་བུར་སྤྲས་ནས་རྟ་པ་ཁྱུ་ཡིས་བུ་མོ་མནའ་མར་ཕེབས་བསྐྱེལ་ཞུས། ཁྲ་ཡག་ལུང་པའི་མི་མང་ཡོངས་ཀྱིས་ཁ་གཅིག་གྲགས་ཀྱིས་རྒྱས་སྲས་ལྟར་གཅིག་ལས་གཅིག་གི་རྫིག་ཉམས་དང་ཕོ་བཟོ་དོད་པའི་ཕྱུག་བདག་བཀྲ་ཤིས་ཀྱི་བུ་ལྔར་མཐེ་བོང་གནམ་ལ་སྒྲིང་ནས་བསྟོད་ར་མི་གཏོང་མཁན་མི་གཅིག་ཀྱང་མེད། བུ་ཚང་མས་ཝ་ཞྭའི་འོག་ཏུ་སྟོང་སྐུད་འཛར་ལོ་དམར་སེང་ངེ་ཕྱིར་མངོན་པ་དེ་དག་མིག་མདུན་ཕར་གཡུག་ཚུར་གཡུག་བྱེད་པ་དང་དར་གོས་ཆེན་གྱི་བོད་གོས། རྐང་པར་གོ་ར་མཇུག་རྟ་བཅས་གྱོན། དེ་མིན་ཚང་མས་སྐེད་པར་གྲི་རིང་ཐུང་སྣ་གསུམ་ཐོགས་ཅིང་སྐེ་ལ་གའུ་ཆེ་ཆུང་དང་གཟི་ཤག་སོགས་རྒྱན་ཆ་སྣ་ཚོགས་འདོགས་ཅིང་ཧ་ཅང་བརྗིད་ཉམས་དོད།
དེ་མིན་མནའ་མ་དང་མོའི་སྤུན་ཡ་མ་བག་རོགས་གསུམ་ཡང་རྟ་པའི་དབུས་སུ་དལ་བུར་ཚུར་འོང་ཞིང་། མནའ་མས་མགོ་རས་དམར་སེང་ངེ་ཞིག་གིས་མགོ་བཀབས། པང་གདན་དམར་ཁྲ་ཞིག་བཅིང་། སྐེ་ལ་གཟི་བྱུ་རུ་དང་གཡུ་ཡི་སྐེ་རྒྱན། རྣ་ལ་གསེར་གྱི་རྣ་རྒྱན་ཆེན་པོ། རྐང་པར་བོད་ལྷམ་བཅས་གྱོན་འདུག ཚང་མས་ངོ་མ་ཕ་རྒན་བཀྲ་ཤིས་འདིས་ཚེ་སྔོན་མར་དམངས་ལ་སྦྱིན་པ་རྒྱ་ཆེན་བཏང་པའི་ལས་འབྲས་སུ་ཚེ་འདིར་ནོར་བདག་རྣམ་ཐོས་སྲས་དང་འགྲན་བཟོད་ཀྱི་རྒྱུ་ནོར་ལོངས་སྤྱོད་འདི་འདྲ་འཕེལ་བ་མ་ཟད། བུ་སྟག་གཟིག་འདྲ་བ་ལྔ་བྱུང་བ་འདིའང་དུད་ཚང་ཡར་རྒྱས་འགྲོ་བའི་སྔ་བལྟས་བཟང་པོ་རེད། སུ་ཚང་གི་བུ་མོ་ཕ་རྒན་བཀྲ་ཤིས་ཁྱིམ་དུ་མནའ་མར་འགྲོ་ཐུབ་ན་ཚེ་སྔོན་དུ་མས་ལས་བཟང་པོ་བསགས་པ་ཡིན་ངེས་སོགས་བསྟོད་ར་རྐྱང་རྐྱང་གིས་དུང་དཀར་ཚང་གི་འབྱོར་ཕྱུག་ལ་སྨོན་པ་ཤོར། མི་ཚང་མ་དགའ་སྤྲོའི་ངང་ནས་བྲོ་གླུ་གཞས་གསུམ་དང་ཤར་མར་ཐུད་གསུམ་ལ་རོལ་ནས་དགའ་སྤྲོ་འཕེལ་བཞིན་པའི་སྐབས་སུ་དུང་དཀར་ཚང་གི་བུ་ནོར་བུས་ཨ་དཀར་ལྷ་མོ་དེར་མེད་པ་དོ་སྣང་བྱུང་། ཁོས་གང་ས་གང་ལ་ཨ་དཀར་ལྷ་མོ་འཚོལ་ནས་མཇུག་ཏུ་ཐབ་ཚང་དུ་ཟས་གཡོ་བསྐོལ་ལ་རོགས་པ་བྱེད་བཞིན་པའི་ཨ་དཀར་ལྷ་མའི་མ་ཡག་ལ་སྐད་ཆ་དྲིས་པས་ཨ་མས་ཨ་དཀར་ལྷ་མོ་ཕལ་ཆེར་རི་སྐེད་ཀྱི་བྲག་དཀར་མགོར་ཡོད་ཀྱི་རེད། མོ་རང་ཉིན་ལྟར་དེར་བསྡད་ཀྱི་རེད། བུ་རང་གིས་མོ་འཚོལ་ནས་ག་རེ་གནང་བརྩིས་ཡོད་དམ། གཡུག་བཞག་གནོངས། ཅེས་བཤད་པར་ནོར་བུས་ལས་ཀ་དམིགས་བསལ་མེད། ཨ་མ་ལགས། ང་མོ་རང་ལ་ལྟ་ཙམ་བྱེད་དགོས་བསམ། ཞེས་པར་མ་ཡག་གིས་ཡ་ཡ། དེས་ན་ཁྱེད་རང་དེར་ལྟ་ཙམ་གནོངས་དང་། ཞེས་བཤད་པས་ནོར་བུ་དེ་ནས་ཕྱིར་དོན་ཏེ་རི་སྐེད་ཕྱོགས་སུ་རྒྱུག ནོར་བུ་བྲག་དཀར་མགོ་དང་གོམས་ཞག་བརྒྱ་ཙམ་གྱི་སར་སླེབས་དུས་དེར་རྒས་མོ་ལྟ་བུ་ཞིག་བསྡད་ཡོད་པར་མཐོང་།
ནོར་བུ་ཉེ་སར་བཅར་ནས་བལྟས་པས་དེ་ནི་ཨ་དཀར་ལྷ་མོ་རེད་འདུག ནོར་བུས། ཨ་དཀར་ལྷ་མོ། ཁྱོད་ཀྱིས་ང་ངོ་ཤེས་སམ། ང་དུང་དཀར་ཚང་གི་བུ་འབྲིང་བ་ནོར་བུ་ཡིན། ཞེས་བཤད་པར་ལུས་ལ་གཉེན་སྟོན་ལ་རོལ་བའི་གྱོན་གོས་ཀྱི་གཟབ་ཆས་གང་ཡང་སྤྲས་མེད་ཅིང་ཨ་ནེའི་གྱོན་གས་ལྟར་ཕྱི་གོས་དམར་ནག་དྲེག་པས་ཚོས་པ་ཞིག་གྱོན་ཞིང་མགོའི་སྐྲའང་གནམ་ལ་ཟིང་། གཟུགས་པོ་སྐམ་ཞིང་ངོ་གདོང་ལ་ཁྲག་མེད་པ་ལྟར་དཀར་རྐྱང་དུ་གྱུར་ཚར་བའི་ཨ་དཀར་ལྷ་མོས་ཁོ་པར་ལན་ཅིའང་མ་སྟེར་བར་རང་སོར་བསྡད། དེ་ནས་ནོར་བུ་བྲག་དཀར་དེའི་མདུན་ཕྱོགས་སུ་སོང་ནས་ཡར་འཛེག་གྲབས་བྱེད་སྐབས་ཨ་དཀར་ལྷ་མོས་མཐོང་སྟེ་གློ་བུར་དུ། དེར་སྡོད་ཅིག ཡར་འཛེགས་མི་ཆོག ཅེས་འཇིགས་སུ་རུང་བའི་ངར་སྐད་ཅིག་སྒྲོག་བྱུང་། བུ་ནོར་བུ་ཧ་ལས་ཏེ། ཨ་དཀར་ལྷ་མོ། ཁྱོད་རང་ག་རེ་བྱས་སོང་། དེ་རིང་ཁྱོད་ཀྱི་གཅེན་པོ་དང་ངའི་ཨ་ཅེ་གཉིས་ཀྱི་གཉེན་སྟོན་གྱི་བཀྲ་ཤིས་པའི་ཉིན་མོ་རེད། ཁྱོད་རང་འདིར་སྡུག་བསྔལ་འདྲ་བསགས་ནས་ཅི་བྱེད་ཀྱི་ཡོད། འགྲོ ངེད་གཉིས་ཀྱང་བྲོ་རྡུང་སར་འགྲོ ཅེས་བཤད་པར། ཨ་དཀར་ལྷ་མོས། ང་འདིར་ལས་ཀ་ཡོད། ཁྱོད་རང་ལོག་རྒྱུག ཅེས་བཤད། ཡང་ནོར་བུས་ཨ་དཀར་ལྷ་མོ། ཁྱོད་རང་ན་ཡི་མི་འདུག་གམ། གནས་ཚུལ་ག་རེ་ལྷག་པ་རེད། ང་ལ་ཤོད་དང་། ཞེས་བརྗོད་པར། ཨ་དཀར་ལྷ་མོས། ངས་ཁྱོད་ངོ་ཤེས་ཀྱི་མེད། ང་ལ་ཇུས་གཏོགས་མི་དགོས། ཁྱོད་རང་ཕར་སོང་དང་། འདིར་སླེབས་མ་འོང་། ས་ཆ་འདི་ང་དང་ཨ་ཕོ་ཆོས་འཕེལ་ངེད་གཉིས་ཀྱི་ཡིན། ཁྱོད་རང་ཕར་རྒྱུགས་དང་། ཞེས་ཨ་དཀར་ལྷ་མོས་དེ་ལྟར་བཤད་ཀྱིན་བཤད་ཀྱིན་ངུ་ངག་དང་བཅས་ནོར་བུ་ལ་ཞུ་བ་འཐེན་པའམ་ཡང་ན་འཇིགས་བསྐུལ་ལྟ་བུ་བྱས། ནོར་བུས་ཨ་དཀར་ལྷ་མོའི་བྱེད་སྟངས་དེར་ཡ་མཚན་དང་ཐེ་ཚོམ་བཅས་ཡ་ཡ་ཡ། ཁྱེད་རང་སྐུ་རླུང་མ་བཞེང་རོགས། ང་འགྲོ་ཆོག ང་འགྲོ་ཆོག ཅེས་རྡབ་རྡུབ་འགའ་སྨྲས་ནས་བུ་ནོར་བུ་ས་བྲག་དཀར་མགོ་ལ་ཕྱི་བལྟས་བྱེད་བཞིན་ཕྱིར་ཨ་ཕ་ནོར་བཟང་གི་ཁྱིམ་དུ་ལོག
བུ་ནོར་བུ་ཁྱིམ་དུ་སླེབས་མ་ཐག ཨ་དཀར་ལྷ་མོའི་མ་ཡག་ཐབ་ཚང་དུ་ཡོད་པ་དྲན་ནས་དེར་ཐད་ཀར་སོང་། བུ་ནོར་བུ་ཐབ་ཚང་དུ་ཡར་འཛུལ་ཡོང་བ་མཐོང་ནས་མ་ཡག་གི་གདོང་མདོག་ཀྱང་ལོག་ཚར་འདུག མོས་དེ་མུར་མགོ་རས་དམར་པོ་དེ་ལག་ཏུ་ལེན་ཞོར་སར་བསྡད་ཅིང་འགོག་མ་ཐུབ་པའི་མིག་ནང་གི་མཆི་མ་ཕྱེས། ནོར་བུའང་མ་ཡག་གི་འཁྲིས་སུ་བསྡད་དེ། ཨ་མ་ལགས། ཨ་དཀར་ལྷ་མོ་ག་རེ་བྱས་པ་རེད་དམ། ངས་མོ་རང་འདི་འདྲ་ཆགས་ཡོད་པ་ཁྱོན་ནས་ཤེས་མ་སོང་། ཞེས་བཤད་པར་ཨ་མས། བུ་ནོར་བུ། གནས་ཚུལ་འདི་འདྲ་རེད། ཨ་ཕ་ནོར་བཟང་ཁྱོད་ཚང་ལ་སོང་ནས་ཚུར་སླེབས་རྗེས། ཨ་དཀར་ལྷ་མོར་བུ་ཁྱོད་རང་ཡག་པོ་ཡོད་རབ་དང་བཟང་པོ་ཡོད་རབ། གལ་ཏེ་ཨ་དཀར་ཁྱོད་སར་མནའ་མར་སོང་ན་བསོད་བདེ་ཆེ་རབ་མང་པོ་བཤད་སོང་། དུས་དེར་ཨ་དཀར་ལྷ་མོ་དུས་རྒྱུན་དང་ཁྱོན་ནས་མི་འདྲ་བ་གློ་བུར་དུ་ཨ་ཕ་ནོར་བཟང་ལ་སྐད་ངག་འདར་བཞིན། ང་ཁྱོད་ཀྱི་ཁྱིམ་ལ་བསྡད་མི་བཅུག་པ་གཞན་ལ་གཏོང་དགོས་དོན་ག་རེ་རེད། ངས་ནོར་བཟང་ཚང་ལ་གནོད་ག་རེ་བསྐྱེལ་སོང་། ངས་སྔ་ལང་ཕྱི་ཉལ་གྱིས་རི་ལས་དང་ཁྱིམ་ལས་བྱས་ནས་གཡོག་ལས་བྱེད་ཀྱི་ཡོད་མ་གཏོགས་རིན་གོང་མི་དགོས་པའི་ཁྱོད་ཚང་གི་ཟས་ཟོས་ནས་བསྡད་མེད། ང་ངེས་པར་དུ་ཁྱིམ་འདི་ནས་ཕྱི་ཕུད་གཏོང་བསམ་པ་ག་རེ་རེད། ངའི་ཨ་མ་གྲོངས་དུས་ཁྱོད་ནོར་བཟང་རྒས་པོས་ཁས་ལེན་དམ་བཅའ་རི་འདྲ་བོ་བྱས་ནས་ངའི་ནང་གི་ས་ཞིང་དང་ཁང་པ་ཚང་མ་བདག་པོ་རྒྱག ད་དུང་ང་ལ་གང་མིན་ཚད་ཡག་པོ་བྱེད་ཀྱི་ཡིན་ལུགས་ཚང་མའི་མདུན་དུ་བཤད་པའི་དམ་བཅའ་དེ་ད་བརྗེད་ཚར་བ་རེད་དམ། ང་མི་སར་མནའ་མ་འགྲོ་གི་ཡིན་ག་དུས་ཟེར་གྱི་འདུག ཁྱོད་ཀྱིས་ངོ་ཚ་དང་ཁྲལ་གཞུང་མེད་པའི་སྒོ་ནས་ང་དང་ཨ་ཕོ་ཆོས་འཕེལ་ངེད་གཉིས་གསོན་ཕྲལ་བཏང་སོང་། ད་དུང་ག་རེ་བྱ་བརྩིས་ཡོད། ཅེས་ཚང་མ་ཧོན་འཐོར་དགོས་པའི་ངར་སྐད་བསྒྲགས་ནས་སྒོར་བུད་སོང་བ་རེད།
ང་ཚོ་ཚང་མ་རྒྱུན་གཏན་དང་ཁྱོན་ནས་མི་འདྲ་བའི་ཨ་དཀར་གྱི་བྱེད་སྟངས་དེར་ཧོན་འཐོར་ནས་བསྡད་རྒྱུ་ལས་གཞན་ཐབས་ཤེས་ཅིའང་མ་བྱུང་། དེ་རྗེས་ཨ་ཕས་ཨ་དཀར་ལྷ་མོ་བྲག་དཀར་མགོ་བར་རྗེས་སུ་འདེད་ནས་མོ་རང་ལ་བཟང་པོ་སྙན་པོ་མང་པོ་བཤད་དེ་ཕྱིར་ཁྱིམ་དུ་འཁྲིད་ཐུབ་ཙམ་བྱུང་བ་རེད། དུས་དེ་ནས་བཟུང་ཨ་དཀར་ལྷ་མོ་འདི་འདྲ་རིག་པ་ཕྱེད་སྨྱོ་ཕྱེད་དྭངས་བ་ལྟ་བུ་ཆག་པ་རེད། ཨུ་ཧུ་ཧུ་ཧུ་་་་བུ་མོ་སྙེ་རྗེ་འོས་པ་འདི་ལ་ཉེས་པ་གང་ཡང་མེད། ད་དེ་བས་ཐག་རིང་སར་བཤད་ན། ཨ་དཀར་ལྷ་མོ་གློ་བུར་དུ་སྨྱོན་མ་ལྟར་ཆགས་དགོས་དོན་གཙོ་བོ་དེའང་མོ་རང་ངའི་བུའམ་བླ་མ་ཆོས་འཕེལ་ཉི་མ་ལྷ་སར་སོང་ནས་བྱུང་བ་ཞིག་ཡིན། ཆོས་འཕེལ་ལྷ་ས་སོང་ཉིན་མོར་ཨ་དཀར་ལྷ་མོས་ཉིན་གང་བྲག་དཀར་མགོར་གླུ་ལེན་ནས་བསྡད་པས་ཡུལ་མི་ཚང་མའང་ཧོན་འཐོར་བ་རེད། དེ་རྗེས་ང་སོང་ནས་ཨ་དཀར་ལྷ་མོ་ཕྱིར་ཁྱིམ་དུ་འཁྲིད་ཡོང་པ་ཡིན། འོན་ཀྱང་དུས་དེ་ནས་བཟུང་། ཨ་དཀར་གྱིས་ལྟོ་ཟས་ཡག་པོ་མི་ཟ་ལ། མཚན་མོར་གཉིད་ཀྱང་མི་ཁུག་པ་སྨྱོ་ལབ་སྣ་ཚོགས་རྒྱག་ནས་བསྡད་ཀྱི་ཡོད། ཨ་ཕ་ནོར་བཟང་དང་ངེད་གཉིས་ཀྱིས་མོ་རང་སྨན་པར་བརྟེན་ན་ཨེ་དྲག ཡུལ་གཞན་གྱི་བླ་མའི་ས་ནས་འཁྲུས་ཆུ་ཞུ་ན་ཨེ་དྲག ཡང་ན་མོ་རང་སྲུང་ནས་སེམས་གཏམ་དང་བསླབ་བྱ་བྱེད་ན་ཨེ་དྲག་སོགས་ཐབས་ཤེས་སྣ་ཚོགས་བྱས་ཀྱང་མི་ཕན་པར་མོ་རང་འདི་འདྲ་ཆགས་པ་རེད། ཨ་ཕ་ནོར་བཟང་ཕ་བུ་གཉིས་ཁྱེད་ཚང་ལ་སོང་ནས་བག་མ་ལེན་སྟངས་སྐོར་སྐད་ཆ་བཤད་སྐབས་བུ་ནོར་བུ་ཁྱེད་ཀྱིས་བུ་མོ་ཨ་དཀར་ལྷ་མོར་སྣང་བ་འགྲོ་ལུགས་བཤད་འདུག་པས་ཨ་ཕ་ནོར་བཟང་ཕྱིར་ལོག་སླེབས་ནས་བུ་མོ་ཨ་དཀར་ལྷ་མོ་སླར་ཡང་རིག་པ་དྭངས་གསལ་ཡོང་བའི་རེ་བ་ཚང་མ་བུ་ནོར་བུ་ཁྱེད་ལ་བཅོལ་གྱི་འདུག ཨ་ཕས་ཟེར་ན་གལ་ཏེ་ཨ་དཀར་ལྷ་མོས་མོ་ལ་དགའ་བའི་མི་ཞིག་་གི་སར་མནའ་མར་སོང་ན་གཅིག་བྱས་ན་སྨྱོ་ནད་ལྟ་བུ་འདི་དྲག་འགྲོ་ལུགས་ཀྱི་རེ་བའང་བཅང་གི་ཡོད་སྐོར་གསུངས་ཀྱི་འདུག བུ་ནོར་བུ། ཨ་དཀར་གྱི་གནས་སྟངས་འདི་འདྲ་རེད། བུ་མོ་འདི་སྙིང་རྗེ། ད་གང་དྲག ཨ་ཕ་ནོར་བཟང་གཙོས་ང་ཚོ་ཁྱིམ་མི་དང་། ད་དུང་སེམས་བཟང་ཅན་གྱི་ཡུལ་མི་ཚང་མ་ཨ་དཀར་ལྷོ་མོར་སེམས་འཁུར་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ཚང་མར་ཐབས་ཤེས་མེད་པ་འདི་འདྲ་ལུས་ཡོད། ཨ་མས་མིག་ནང་གི་མཆི་མ་ཕྱིས་བཞིན་དེ་ལྟར་བཤད།
ནོར་བུ་ཧ་ལས་ཤིང་ཧོན་འཐོར་ནས་མ་ཡག་གི་སྐད་ཆ་དེ་དག་ཉན་རྗེས་ཅུང་འགོར་རྗེས་ཁོས། ཨ་དཀར་ལྷ་མོ་དང་བླ་མ་ཆོས་འཕེལ་གཉིས་ཆུང་དུས་ནས་མཉམ་འགྲོག་མཉམ་འདུག་གི་འཚར་ལོང་བྱུང་བར་བརྟེན། མོ་རང་ད་བར་བློ་གཅིག་སེམས་གཅིག་གིས་ཆོས་འཕེལ་ལ་བརྩེ་དུང་བཅང་ནས་ཡོད་ངེས། དེ་རྗེས་མོ་རང་གི་མིག་ངོར་སོ་སོས་སེམས་ནས་དགའ་བའི་མི་རབ་ཏུ་བྱུང་ནས་གྲྭ་པ་བཟོས། དེ་རྗེས་ཀྱང་བླ་མ་ཆགས། འདི་ཙམ་གྱིས་ཨ་དཀར་ལྷ་མའི་སེམས་ལ་སྡུག་ངལ་ཇི་ཙམ་མེད་དམ། ད་དེ་རྗེས་བླ་མ་ཆོས་འཕེལ་མོ་རང་དང་ཁ་བྲལ་ནས་ཉི་མ་ལྷ་སར་སོང་ནས་ལོ་མང་རིང་ཕྱིར་ཕེབས་མ་ཐུབ། སྙིང་རྗེ། ངོ་མོ་སྙིང་རྗེ། ཨ་དཀར་ལྷ་མོ་བུ་མོ་བརྩེ་དུང་གི་ལ་རྒྱ་ལ་དམིགས་པ་རྩེ་གཅིག་གིས་བརྩི་སྲུང་བྱེད་མཁན་བུད་མེད་མོ་མཆོག་ཅིག་རེད། ས་སྟེང་འདིར་མོ་ནང་བཞིན་བརྩེ་བ་བཅང་མཁན་ཧ་ལམ་མེད་ཟེར་ནའང་འགྲིག་རྒྱུ་རེད། ཀྱེ་ཧུད། བུ་ནོར་བུའི་སྐད་ཆ་མཚམས་འདིར་སླེབས་དུས་ཁོ་རང་ཡང་བློ་ཡིད་ཆད་པ་ལྟར་མུ་མཐུད་ཅི་བཤད་མེད་པར་ལུས། དེ་ནས་ཅུང་འགོར་རྗེས་ནོར་བུ་ཡར་ལང་སྟེ་མ་ཡག་གི་འཁྲིས་སུ་བཅར་ནས་མོ་ལ་སེམས་གསོའི་ཚུལ་གྱིས་ལག་པ་འཆང་ཙམ་བྱས་རྗེས་སེམས་སུ་མ་གཞི་བྱས་ན་བདེ་སྐྱིད་ཀྱི་སྤྲོ་བ་འཕེལ་དགོས་པའི་གཉེན་སྟོན་དེར་རོལ་བའི་དགའ་སྣང་ཡོངས་རྫོགས་སྐད་ཅིག་ཉིད་དུ་བོར། དེ་ལྟར་བུ་ནོར་བུས་ཁོའི་ལག་གཉིས་ཀྱིས་སོ་སོའི་གདོང་་ལ་ཤུགས་ཀྱིས་འཕུར་ཙམ་འཕུར་ཙམ་འགར་བྱས་ཏེ་དབུགས་རིང་ཞིག་དང་སྦྲགས་གོམ་པ་འཁྱར་འཁྱོར་ངང་ཐབ་ཚང་དེ་ནས་སྒོ་ཕྱིར་བུད་སོང་།
༦། བླ་མ་གདུང་།
ཨ་དཀར་ལྷ་མོ་དེ་ལྟར་གློ་བུར་བས་ཕྱེད་སྨྱོན་མ་ལྟར་གྱུར་རྗེས་ཨ་ཕ་ནོར་བཟང་རྒན་པོས་ཨ་དཀར་ལྷ་མོར་གནས་ཚུལ་འདྲ་ལྷག་མི་ཡོང་ངམ་སྙམ་བཞིན་མོ་རང་སྒོ་ཕྱི་ལ་དེ་ཙམ་གཏོང་འདོད་མེད་པ་རེད། འོན་ཀྱང་གལ་ཏེ་ཨ་དཀར་ལྷ་མོས་ཨ་ཕས་མོ་རང་ཕྱི་ལ་འགྲོ་མ་བཅུག་ན་ཁྱིམ་གྱི་སྣོད་ཆས་ཚང་མ་སར་གཡུག་ནས་བཅག་གི་ཡོད་པ་མ་ཟད། ཁོང་ཁྲོ་མེ་ལྟར་འབར་ཞིང་ནང་མི་ཚང་མ་དང་ཁ་རྩོད་རྒྱག་ངེས་པར་བརྟེན། དེང་གི་དུས་སུ་ཨ་ཕ་ནོར་བཟང་རྒན་པོ་བུ་མོ་ཨ་དཀར་ལྷ་མོའི་བུ་རྫི་མ་ལྟར་ཉིན་མཚན་མེད་པར་མོ་རང་ལ་ལྟ་རྟོག་བྱེད་དགོས་ཀྱི་ཡོད། འོན་ཀྱང་དེ་ལྟར་བྱེད་བྱེད་ནས་ཨ་དཀར་ལྷ་མོའང་གོམས་སྲོལ་ལྟར་གྱུར་ནས་ཞོགས་སྔ་ལང་གིས་ཞོགས་ཇ་འཐུང་ཚར་རྗེས་ཐད་ཀར་ཁྲ་ཡག་ཡུལ་ལུང་གི་རི་སྐེད་མཚམས་ཀྱི་བྲག་དམར་མགོར་ཕར་བསྐྱེལ་བཞག་ན་མོ་རང་ཉིན་གང་དེ་ལྟར་བྲག་ཐོག་བསྡད་དེ་རྒྱང་ལྟ་བྱེད་པ་ལས། ས་གཞན་ལ་གོམ་པ་གང་ཡང་འགྲོ་གི་མེད། དེར་བརྟེན། ཨ་ཕ་ནོར་བཟང་རྒན་པོས་ཞོགས་པ་ཨ་དཀར་ལྷ་མོར་ཞོགས་ལྟོ་ཉུང་ཙམ་སྟེར་ཞིང་དེ་ནས་བུ་མོའི་ལག་མགོ་འཇུས་སྟེ་མོ་རང་བྲག་དཀར་མགོར་དུས་ཐོག་བསྐྱེལ་བ་དང་ཉིན་ཟས་ཀྱང་ཕར་བསྐྱེལ་བཞག་ན་འགྲིག་གི་ཡོད་ཅིང་། ཡང་དགུང་མོའི་དུས་ལ་སླེབས་སོང་ན་ཨ་ཕ་ནོར་བཟང་སྔར་བཞིན་བྲག་དཀར་མགོར་བུ་མོ་ཨ་དཀར་ལྷ་མོ་ཚུར་ཁྱིམ་ནང་བསུ་མར་འགྲོ་བ་བཅས་ནི་ཉིན་ལྟར་འཆར་ཅན་བཞིན་བྱེད་དགོས་ཀྱི་ཡོད་པ་རེད།
དེ་ལྟར་ལོ་དང་ལོ་བསྟུད། ཟླ་དང་ཟླ་བསྟུད་ནས་ད་བར་ལོ་ངོ་ཧྲིལ་པོ་བཅུ་གྲངས་ཙམ་དེ་འདྲ་རྒྱུན་གཏན་ལྟར་རེད། དེ་རྗེས་རྒས་ཤིང་འཁོག་པའི་ཨ་ཕ་ནོར་བཟང་ལ་གློ་ནད་ཅིག་ཕོག་ནས་ན་ཚ་དྲག་རྒྱུ་མེད་པར་ཇེ་ལོད་དུ་འགྲོ་བཞིན་མཐར་མལ་སར་ལུས་པས་དུང་དཀར་ཚང་གི་ཕ་རྒན་བཀྲ་ཤིས་བརྒྱུད་མི་འགྲོར་མངགས་ཆ་བྱས་ཏེ་ཉི་མ་ལྷ་སར་ཆ་བསྐུར་ནས་བུ་བླ་མ་ཆོས་འཕེལ་ཕྱིར་ཁྱིམ་དུ་ཨ་ཕར་ལྟ་ཙམ་ཡོང་བའི་གཏམ་ཆ་བྱས། ཨ་ཕའི་སེམས་ནང་གལ་ཏེ་ལོ་དེར་བུ་ཆོས་འཕེལ་ལྷ་ས་ནས་ཕྱིར་འབོད་འགུག་བྱས་ན་ཆོས་འཕེལ་དགེ་བཤེས་གཏོང་ཚར་བའི་ལོ་དེ་ལ་ཏག་ཏག་འཁེལ་བས། གཅིག་བྱས་ན་དགེ་བཤེས་བཏང་ཚར་མ་ཐག་ཆོས་འཕེལ་ནང་དུ་ལོག་ཐུབ་པའང་སྲིད་ཅིང་། ཕ་བུ་གཉིས་ཀྱང་འཆི་ཁར་ཐེངས་གཅིག་ཐུག་ཀྱང་སྲིད་སྙམ་བཞིན་རེ་འདུན་ཆེན་པོ་བཅང་ནས་ཡོད། འོན་ཀྱང་ཟླ་བ་ཕྱེད་ཙམ་རིང་དུ་ཨ་ཕ་ནོར་བཟང་གི་ན་ཚ་ཇེ་ལོད་དུ་འགྲོ་བཞིན་པའི་དགུན་ཤར་གྱི་དུས་ཚིགས་སུ་ཐེངས་ཤིག་ཨ་ཕས་ཁོང་གི་བུ་བླ་མ་ཆོས་འཕེལ་རྨི་ལམ་དུ་མཐོང་། གཉིད་ལམ་དུ་བུ་ཆོས་འཕེལ་ཆོས་ར་ཆེན་མོ་འབྲས་དཀར་སྤུངས་པའི་དགེ་འདུན་རྒྱ་མཚོའི་དབུས་ནས་ཚུར་ཁོ་རང་སར་རྒྱུག་ཡོང་བ་མཐོང་བས་ཨ་ཕ་ནོར་བཟང་གི་ན་ཚ་ཏོག་ཙམ་དྲག་བསྐྱེད་འདྲའང་བྱུང་ཡོད་པ་རེད།
དེའི་རིང་ཨ་དཀར་ལྷ་མའང་སྔར་ལྟར་མི་འདྲ་བ་བྲག་དཀར་མགོར་མི་འགྲོ་བར་ཕ་ནོར་བཟང་གི་མལ་མགོ་སྲུང་ནས་བསྡད། ཐེངས་ཤིག་ཨ་དཀར་ལྷ་མོས་ཨ་ཕ་ནོར་བཟང་གི་ཕྱག་ནས་དལ་གྱིས་འཇུས། ཨ་ཕའི་འཁྲིས་སུ་བཅར་ནས་མིག་གཉིས་ལ་འོད་འཚེར་ཞིང་། ཨ་ཕ། ད་ཐེངས་ཨ་ཕོ་ཆོས་འཕེལ་ཕྱིར་འཁོར་སོང་ན་རྗེས་མར་ལྷ་སར་གཏོང་མི་དགོས་ཨང། ཁོང་གིས་དེ་སྔོན་རྩ་བའི་བླ་མ་ཤེས་རབ་ས་ནས་ནང་ཆོས་མདོ་སྔགས་གཉིས་ཀ་སློབ་གཉེར་མཐར་ཕྱིན་པ་སྦྱང་ཟིན་པ་རེད། དེ་ལས་ལྷག་ཙམ་ཞིག་ལྷ་ས་ལའང་སྦྱོང་རྒྱུ་གཞན་ཞིག་ཡོད་མ་རེད། དེ་ནས་ཉམས་ལེན་གཙོ་ཆེ་བ་ལས་ཆོས་དཔེ་ཆ་ཡོངས་རྫོགས་ལ་ལྟ་ཙམ་རེག་ཙམ་བྱེད་རྒྱུ་དེ་གཙོ་མི་ཆེ། ཧ་གོ་སོང་ངམ། ད་རས་ཨ་ཕོ་ཆོས་འཕེལ་ཕྱིར་ཁྱིམ་དུ་ལོག་ཕེབས་སོང་ན་ས་གང་ལའང་གཏོང་མི་དགོས་ཨང་། ཞེས་ཨ་དཀར་ལྷ་མོ་སླར་ཡང་རྒྱུན་གཏན་དང་ཁྱོན་ནས་མི་འདྲ་བ་སྐད་ཆ་ལྷོད་ཅིང་སྐད་མགོ་དམའ་བ། ནང་དོན་ཟབ་ཅིང་ངོ་ལ་བག་ལྷོད་ཅིང་འཛུམ་དང་བཅས་དེ་འདྲ་བཤད་སྐད། ཨ་ཕ་ནོར་བཟང་གིས་ཨ་དཀར་ལྷ་མོའི་སྐད་ཆ་དེ་དག་གོ་མ་ཐག་སླར་ཡང་ཧ་ལས་ཧོན་འཐོར་ཞིང་། བུ་མོ། ཁྱོད་རང་རིག་པ་དྭངས་གསལ་ཆགས་པ་འདྲ། དཀོན་མཆོག་གིས་ཐུགས་རྗེས་གཟིགས། ཁྱོད་རང་གི་སྨྱོ་ནད་སངས་པ་འདྲ། དཀོན་མཆོག་གིས་གཟིགས། ཅེས་སྐད་འདར་བཞིན་དེ་ལྟར་འབོད་པས་ཨ་མ་དང་གཅེན་པོ་གཅེན་མོ། མནའ་མ་དང་ཚ་བོ་ཆུང་ཆུང་བཅས་ཁྱིམ་མི་ཡོངས་རྫོགས་ཨ་ཕ་ནོར་བཟང་ཉལ་བསྡད་པའི་ཁང་མིག་དེའི་ནང་རུབ་ནས་ཨ་དཀར་ལྷ་མོར་ཡ་མཚན་དང་བཅས་ཚང་མ་ཡ་མཚན་དང་བཅས་སར་བསྡད་ཚར་རྗེས། ཨ་དཀར་ལྷ་མོའང་ཁ་ཕྱིར་འཁོར་ནས་ནང་མི་ཚོར། ངའི་ཚེ་འདིའི་ལས་ཀྱི་ཕ་མ་དང་སྤུན་མཆེད་ཚང་མར་ཞུ་རྒྱུ། ང་ཨ་དཀར་ལྷ་མོ་སྔར་ནས་ད་བར་རིག་པ་དྭངས་གསལ་ཡིན། མིའི་མི་ཚེའི་ནང་སྐྱིད་གསུམ་སྡུག་གསུམ་དེ་མཛུབ་མོའི་རྩེ་བསྐོར་ལྟར་ལས་རྒྱུ་འབྲས་འཁོར་ཡོང་གི་རེད། ངའི་ཚེ་འདིར་ཕ་མ་སྤུན་མཆེད་དང་བརྩེ་བའི་མི་དང་ཁ་བྲལ་དགོས་པའི་ལས་ངན་འདི་ཚེ་སྔོན་མར་བསགས་པས་ངས་འདི་ནས་གང་ཐུབ་ཀྱིས་སྡུག་སྡིག་པ་དྭག་ཐབས་བྱེད་ཀྱི་ཡོད། ཁྱེད་རྣམ་པས་ང་ལ་ཐུགས་འཁུར་རྩ་བ་ནས་མི་དགོས། འོན་ཀྱང་ངས་འདི་ནས་ཁྱོད་ཚོར་ངའི་ལོ་མང་རིང་སེམས་བསྐྱེད་བྱས་པའི་གྲུབ་རྟགས་སུ་ལྷའི་ལུང་བརྟེན་འགའ་བྱུང་བས་དེ་དག་ཁྱེད་ཚོར་བཤད་ན་བསམ། ཞེས་བཤད་རྗེས་ཡང་མགོ་ཕྱིར་བསྐོར་ནས་ཨ་ཕ་ནོར་བཟང་ལ་ལྟ་ཙམ་བྱས་པས། ཕ་ནོར་བཟང་གིས་མོས་མཐུན་ཚུལ་དུ་མགོ་ལྡེམ་ཙམ་བྱས།
ཨ་དཀར་ལྷ་མོས་སོ་སོའི་གཟུགས་པོ་ལྷོད་དུ་ཕབ་རྗེས་ཨ་ཕ་ནོར་བཟང་ཉལ་སའི་ཟུར་དེར་རྡོ་རྗེ་དཀྱིལ་ཀྲུམ་བཅས་ནས་སྐད་ཆ་བག་ལྷོད་པོའི་སྒོ་ནས་ལྷ་སྒྲུང་ལྟ་བུའི་ལོ་རྒྱུས་ཤིག་བཤད་འགོ་བརྩམས། ཁྱོད་ཚོས་ཤེས་སམ། ང་ཚོའི་ལུང་པ་འདིའི་རེི་སྐེད་དུ་ཡོད་པའི་བྲག་དཀར་རྡོ་དེ་གནས་རྩ་ཆེན་པོ་ཞིག་རེད། ཅེས་བཤད་པར་ཨ་མ་དང་གཅེན་མོ་གཉིས་ཀྱི་མིག་ཀྱང་ཆེ་རུ་ལྡང་ནས་ཨ་དཀར་ལྷ་མོར་ནན་ཏན་གྱིས་ཉན། ལོ་ལྔ་བརྒྱའི་སྔོན་དུ་ང་ཚོའི་ལུང་པའི་ཕུ་ལ་དགེ་སློང་ཞིག་སྒོམ་སྒྲུབ་མཛད་ནས་ཏིང་ངེ་འཛིན་ལ་བཞུགས། ཁོང་དེ་ལྟར་ལོ་ལྔ་བརྒྱ་ཏག་ཏག་རྗེས་ཀྱི་ཉིན་དེར་སྔོན་པར་སངས་རྒྱས་རྒྱུ་ཡིན་འདུག འོན་ཀྱང་བླ་མས་ད་དུང་ཡང་འགག་རྡོའམ་གནད་དོན་ཞིག་ཐག་གཅོད་དགོས་པ་རེད། ཁོང་སངས་རྒྱས་ཟིན་པའི་རྗེས་སུ་ཡུལ་འདིར་སངས་རྒྱས་བསྟན་པ་ཡུན་གནས་ཕྱིར་དན་རྟགས་ཤིག་བཞག་དགོས། དེར་བརྟེན། བླ་མས་གཤམ་གྱི་ཆུ་འགྲམ་ནས་ཀླུའི་རྒྱལ་པོ་ས་ནས་རྡོ་དཀར་པོ་འདི་སློང་ནས་འདིར་འཁྱེར་འོང། དེ་རྗེས་ཁོང་གིས་སྨོན་ལམ་རྩེ་གཅིག་ཏུ་བཏབས། ངའི་སྡིག་གྲིབ་དག་ཐབས་ཡོང་བའི་རྗེས་འཛིན་གྱི་སློབ་བུ་དེ་ལོ་ལྔ་བརྒྱའི་རྗེས་སུ་ས་འདིར་སྐྱེ་དགོས། དེས་ཆོས་སློབ་གཉེར་མཐར་ཕྱིན་རྗེས་ངའི་དྲན་རྟེན་གྱི་རྡོ་དཀར་པོ་འདིར་ཐིམས་ནས་ཁོའང་སྔོན་པ་སངས་རྒྱས་དགོས། དེའི་རིང་ཁོའི་མཐའ་མཇུག་གི་ལས་སྡིག་གྲིབ་བྱང་ཕྱིར། བུ་འདི་ལ་ཆོས་བསླབ་མཁན་བླ་མ་དགོས་ལ། ཕ་མ་སྤུན་མཆེད་ཀྱི་ཁྱིམ་མིའང་ལོས་དགོས། དེ་མིན་འཇིག་རྟེན་པའི་རྒྱུན་ཆད་ཕྱིར་མཁའ་འགྲོ་མ་ཞིག་གིས་ཁོའི་ཉམས་རྟོགས་ལ་ཚོད་ཀྱང་ལེན་དགོས། ཡིན་ཡང་འཇིག་རྟེན་པ་ལྟར་ན་ཁོ་རང་ཚེ་མཇུག་ཏུ་ཨ་ཕ་དང་དགའ་མ་གཉིས་དུས་མཉམ་ཁ་བྲལ་དགོས་པ་མ་ཟད། དེ་གཉིས་ཤི་ཁ་ལའང་ཐུག་མི་ཐུབ་པའི་ལས་ཀྱི་རྒྱུ་མ་གཡོས་ཡོད། ཅེས་ལུང་བསྟན་འདུག ཨ་དཀར་ལྷ་མོས་བཤད་མཚམས་འདིར་བཞག་རྗེས་མ་ཡག་དེ་མུར་སེམས་འཚབ་ཆེན་པོས་དེ་མུར་བུ་མོ་ཁྱོད་རིག་པ་དྭངས་གསལ་སོང་འདུག་བསམ་ནས་དགའ་ལུང་མེད་པར་ཡང་སྨྱོ་བཤད་དེ་འདྲ་བྱེད་དེ་ག་རེ་ཡིན་པའི་ཁུལ་རེད། ཨ་ཕ་ནོར་བཟང་དང་བུ་ཆོས་འཕེལ་གཉིས་འཆི་ཁར་ཐུག་གི་མ་རེད་ཟེར་རྣམ་རྟོག་དེ་འདྲ་མ་སློང་རོགས། ཅེས་མ་ཡག་ངུའང་ཤོར་གྲབས་ཀྱིས་དེ་ལྟར་བཤད།
ཨ་དཀར་ལྷ་མོས། ཡིད་ཆེས་མིན་དེ་ཁྱེད་ཚོའི་འདོད་པ་རེད། ངས་ལྷའི་ལུང་བསྟན་དེ་དག་ཆད་ལུས་མེད་པར་ཁྱོད་ཚོར་བཤད་ཚར། ད་ངའང་བྲག་དཀར་མགོར་སྒོམ་ཉམས་ལེན་གྱིས་སྨོན་ལམ་འདེབས་སར་འགྲོ་གི་ཡིན། གང་ཟག་སུ་འདྲ་ཞིག་ཡིན་ཡང་ཚེ་སྔོན་གྱི་ལས་ཟེར་བ་འདིར་ལྡོག་ཐབས་རྩ་བ་ནས་མེད། ཕ་ནོར་བཟང་ཁྱེད་ངའི་ལས་ཀྱི་ཨ་ཕར་བརྐོས་པས་ངས་ཁྱེད་ལ་གཏམ་ཆ་བྱས་པ་ཡིན། ངེད་གཉིས་ལོ་དང་ཟླ་ཚེས་དུས་གཅིག་ལ་ཤི་རྒྱུ་རེད། དེའི་རིང་ངེད་གཉིས་ཀས་སོ་སོའི་ནུས་པ་དང་ཉམས་རྟོགས་ལ་དཔག་པའི་ཆོས་མཆོད་པ་དང་སྨོན་ལམ་གང་ནུས་བྱོས། དེ་ནི་འདི་ཕྱི་གཉིས་ཀར་ཕན་པའི་བྱ་བ་ཁོ་ན་དེ་རེད། ད་ང་འགྲོ་ལེ་ཡིན། ཞེས་བཤད་དེ་ཕྱི་ལ་བུད་སོང་། ཨ་དཀར་ལྷ་མོས་ལྷའི་ལུང་བསྟན་ཡིན་མིན་གང་ལྟར་ཡང་གཏམ་དེ་དག་བཤད་རྗེས་མོ་རང་ཉིན་གྲངས་ཞག་གྲངས་མང་པོ་བྲག་དཀར་མགོར་རྡོ་རྗེ་དཀྱིལ་ཀྲུམ་བཅས་ཏེ་ཉིན་མཚན་དབྱེར་མེད་སྒོམ་སྒྲུབ་ལ་གཞོལ། དེ་ནས་ཨ་ཕ་ནོར་བཟང་ཡང་ཕྱེད་ཡིད་ཆས་དང་ཕྱེད་ཐེ་ཚོམ་ངང་སོ་སོ་ཤི་ཁར་བུ་ཆོས་འཕེལ་དང་གཅིག་ཐུག་ན་བསམ་པའི་རེ་འདུན་དེ་ཤུགས་ཇེ་ཆེར་སོང་། འོན་ཀྱང་ཉིན་བཅུ་གྲངས་རྗེས་སུ་ཁོ་པའི་ན་ཚའང་ཤེས་བཞིན་དུ་ཇེ་ལོད་དུ་འགྲོ་བར་ཚོར་བས་ཨ་དཀར་ལྷ་མོས་ལུང་བསྟན་དེ་ངོ་མ་བདེན་ཆ་འདུག་སྙམ་བཞིན་དངངས་འཚབ་ཏོག་ཙམ་སྦྲགས་སྨོན་ལམ་འདེབས་ཅིང་། དེ་བཞིན་མ་བུ་གསུམ་ལ་ཁ་ཆེམས་ལྟ་བུས་ཡར་དཀོན་མཆོག་ལ་མཆོད་པ་བསམ་གྱིས་མི་ཁྱབ་པ་བཏང་ཞིང་། མར་དབུལ་ཕོངས་ལ་སྦྱིན་པའང་རྒྱ་ཆེར་གཏོང་འགོ་བརྩམས།
ཉིན་གྲངས་དགུ་གསུམ་ཉི་ཤུ་རྩ་བདུན་མཚམས་སུ་སླེབས་སྐབས་ལོ་དེའི་དགུན་དུས་དེར་ཁྲ་ཡག་ཡུལ་གྲོང་དུ་རྒྱུན་གཏན་དང་མི་འདྲ་བར་རི་རྩེར་ཁ་བ་བུ་ཡུག་འཚུབ་ཅིང་གྲང་ངར་ཇེ་ཆེར་སོང་། གནམ་གཤིས་ནི་ཉིན་རེ་བཞིན་ཇེ་གྲང་དུ་འགྲོ་བཞིན་ཡོད་ཀྱང་། ཨ་དཀར་ལྷ་མོ་སྔར་སྲོལ་ལྟར་བྲག་དམར་མགོར་སྒོམ་སྒྲུབ་བྱེད་ཀྱི་ཡོད། ཨ་ཕ་ནོར་བཟང་སེམས་ཀྱིས་མ་བཟོད་པར་མ་བུ་གསུམ་ལ་མངགས་ཆ་དང་བཅས་བྲག་དཀར་མགོར་རྡོ་ཁང་ཐེབས་ཆགས་ཅིག་བརྩེགས་རྒྱུ་བྱས། ཉིན་གྲངས་འགའི་རྗེས་སུ་སྒྲུབ་ཁང་ཡང་བརྩེགས་ཚར་ནས་ཨ་དཀར་ལྷ་མོ་སྔར་བཞིན་བྲག་དཀར་མགོར་བརྩེགས་པའི་སྒྲུབ་ཁང་དུ་གཏན་བསྡད་བྱས།
ཉིན་འགའི་རྗེས་ཀྱི་དགུན་མཇུག་དེར་ཤིན་ཏུ་དཀོན་པའི་ཉི་ཤར་གྱི་དུས་ཁྱད་པར་བ་ཞིག་ལ་བླ་མ་ཆོས་འཕེལ་གནམ་ནས་དེར་འཕུར་ཡོང་བའི་གླག་རྒོད་ལྟར་ཁྲ་ཡག་ལུང་པའི་ཕུ་ལ་རྟ་ཞོན་ནས་ཚུར་སླེབས་འདུག ཁོ་པས་མཐོ་སར་རྒྱང་ལྟ་བྱས་པས་ཆུང་དུས་ཁོ་དང་ཨ་དཀར་ལྷ་མོ་མཉམ་དུ་རྩེད་ར་བྲག་དཀར་མགོར་སྒྲུབ་ཁང་ལྟ་བུ་ཞིག་བརྩེགས་ཡོད་པ་དེ་མིག་གི་རྒྱ་མོར་ཤར། ཆོས་འཕེལ་གྱིས་རྟ་ལ་ལྕགས་ཚན་འགའ་འབྲེད་རྗེས་རི་སྐེད་ཕྱོགས་སུ་རྟ་རྒྱུག་ལེན། བྲག་དཀར་མགོར་སླེབས་མ་ཐག་ཆོས་འཕེལ་བཟོད་མ་ཐུབ་པར་ཨ་དཀར། ཨ་དཀར། ང་སླེབས་ཡོད། ཅེས་འབོད་ཅིང་བྲེལ་འཚུབ་ཀྱིས་སྒྲུབ་ཁང་དུ་འཛུལ་མ་ཐག མིག་མདུན་གྱི་རྣམ་པ་དེས་ཁོ་རང་ཧ་ལས་པར་གྱུར། སྐབས་དེར་ཨ་དཀར་ལྷ་མོ་མཁའ་འགྲོ་མ་མངོན་སུམ་དུ་གྱུར་ནས་ཨ་ཕོ་ཆོས་འཕེལ། ང་ཁྱོད་རང་སྒུག་ནས་ལོ་དང་ཟླ་བ་སོང་། ད་མཐའ་མཇུག་བར་ངས་སྡུག་རུས་རྒྱག་ནས་ཁྱེད་རང་དང་ཐུག་ཐུབ་པ་བྱུང་། ད་ང་བློ་བདེ་སོང་ཞེས་བཤད་མཚམས་འདིར་བཞག་རྗེས་ཆོས་འཕེལ་བཟོད་མ་ཐུབ་པར་ངུ་ངག་ཤོར་ཞིང་། ཨ་དཀར། ཁྱོད་ག་རེ་བྱས་པ་རེད། མ་འགྲོ་དང་། ང་སླེབས་ཡོད། ད་ནས་བཟུང་ང་དུས་ནམ་ཡང་ཁྱོད་དང་ཁ་བྲལ་གྱི་མིན། ང་ལ་ཡིད་ཆེས་བྱོས་དང། ང་ལ་ཡིད་ཆས་བྱོས་དང་། ཞེས་འབོད་ཅིང་ཐད་ཀར་རྒྱུག་ནས་ཨ་དཀར་ལྷ་མོར་འཐམ་ཞིང་ལག་གཉིས་ནས་འཇུས། འོན་ཀྱང་དུས་དེར་ཨ་དཀར་ལྷ་མོའི་ལག་གཉིས་གྲང་མོ་ཆུ་རྡོ་འདྲ་ཞིག་ཆགས་ཟིན་འདུག
ཆོས་འཕེལ་སེམས་སྡུག་ཆེན་པོས་ཨ་དཀར་ལྷ་མོའི་ཕུང་པོར་འཐམ་ནས་ངུ་འབོད་ཤོར། དཀོན་མཆོག་གིས་མཁྱེན། ད་དུང་སྐར་མ་འགའང་སྒུག་ལོང་མེད་པར་ཨ་དཀར་ངའི་འཁྲིས་ནས་འཁྲིད་འགྲོ་བའི་རྒྱུ་མཚན་ག་རེ་ཡིན་ནམ། ཞེས་དང་། དེ་ནས་སེམས་ཅུང་ལྷོད་ལ་བབས་ཅིང་སར་བསྡད་དེ་སྨོན་ལམ་རྩེ་གཅིག་ཏུ་བཏབས། དུས་དེར་ཆོས་འཕེལ་གྱི་གཅེན་པོའང་ངུ་ངག་དང་སྦྲགས་དེར་འབྱོར་ཏེ། ཆོས་འཕེལ། བླ་མ་ཆོས་འཕེལ། མགྱོགས་པོར་ཤོག་དང་། ཨ་ཕ་གྲོངས་གྲབས་འདུག མགྱོགས་པོ་ཤོག ཅེས་འབོད་པ་ཐོས་མ་ཐག་ཆོས་འཕེལ་སྒོམ་ཁང་གི་ཕྱིར་སོང་ནས་བལྟས་པས། གཅེན་པོ་དང་མནའ་མ་གཉིས་དེར་སླེབས་ཚར་འདུག དེ་ནས་ཆོས་འཕེལ་སྔར་བས་དངངས་སྐྲག་དང་བཅས་རང་ཁྱིམ་ལ་ཁ་ཕྱོགས་ནས་རྒྱུག་ཤར་གློད། ཁྱིམ་གྱི་སྒོ་འཐེམ་བརྒལ་ཙམ་ལ་ཨ་མས་ནོར་བཟང་ལགས། ཁྱེད་རང་འདི་འདྲ་འགྲོ་སྔ་མོ་གང་ཡིན་ནམ། ང་ཚོ་མ་སྨད་གཡུག་ནས་མ་ཕེབས་དང་། ནོར་བཟང་། ཞེས་ངུ་འབོད་ཀྱི་སྐད་སྒྲ་འཇིགས་ཡེར་བ་དེ་ཐོས། དེ་མུར་ཆོས་འཕེལ་རྒྱུག་མཚམས་བཞག་ཅིང་གནམ་ནས་ཐོག་ཕབ་པ་ལྟར་སར་གྱེལ་སོང་། གཅེན་པོ་དང་མནའ་མ་གཉིས་ཀྱིས་ཆོས་འཕེལ་ཡར་སྐྱོར་ནས་ཁང་པའི་ནང་འཛུལ་བས། ཨ་ཕ་ནོར་བཟང་མཐའ་མཇུག་གི་དབུགས་ཁམ་གང་དེ་རྫོགས་ནས་འདས་ཚར་ཙམ་རེད་འདུག ནང་མི་གཙོས་ཡུལ་ལུང་ནས་བླ་མ་ཆོས་འཕེལ་ཚང་ལ་འདུས་པའི་ཡུལ་མི་ཚོ་སེམས་སྡུག་གིས་མནར་ཞིང་། གཅིག་རྗེས་གཉིས་མཐུད་ཀྱིས་ཨ་ཕ་ནོར་བཟང་གི་ཕུང་པོར་ཁ་དར་གཡོག་འགོ་བརྩམས།
དེ་རྗེས་ལོ་བཅུ་གྲངས་ལྷག་སོང་བའི་ཉིན་ག་གེ་མོར། ཁྲ་ཡག་ལུང་པའི་བྲག་དཀར་མགོར་མཇའ་ཚོན་སྣ་ལྔས་གུར་ཁང་ཕུད་ཅིང་། གནམ་ཨ་སྔོན་སྔོ་སེང་ངེར་འོག་རྟ་བདུན་དབང་པོས་འོད་ཀྱིས་ཕྱོགས་ཀུན་ཁྱབ་པའི་དུས་དེར། ཁྲ་ཡག་ཡུལ་ལུང་གི་མི་དམངས་རྣམས་དང་ལུང་པ་དེའི་རི་ཕར་རྒྱབ་ཀྱི་དར་རྒྱས་འབྲོག་སྡེ་བཅས་ནས་དད་དམངས་ཁྲི་དང་སྟོང་ཚོ་མང་པོ་དེར་འདུས་པ་དུས་མཚུངས། ཚང་མས་བླ་མ་ཆོས་འཕེལ་བཞུགས་ས་བྲག་དཀར་ཕུག་ཕྱོགས་ནས་འོད་དང་འཇའ་ཚོན་སྣ་ལྔས་གུར་ཕུག་པ་དེའི་མཚོན་མདོག་ཀྱང་ཧ་ཅང་གསལ་ལྷམ་མེར་འདུག་པར་མཇལ། མི་རྒན་པ་ཚོས་བྲག་མགོ་དེའི་གཤམ་ནས་ཡར་ཕྱག་འཚོལ། དཀོན་མཆོག་གིས་ཐུགས་རྗེས་གཟིགས། བླ་མ་ལ་སྐྱབས་སུ་མཆིས། ཆོས་ལ་སྐྱབས་སུ་མཆིས། དགེ་འདུན་ལ་སྐྱབས་སུ་མཆིས། སྐྱབས་གནས་ཐམས་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིས། ཅེས་བླ་མ་རྩ་ཆེན་ཆོས་འཕེལ་དེར་སྒོམ་ལམ་དུ་བཞུགས་པར་ཡང་ནས་ཡང་དུ་སོ་སོའི་སྨོན་ལམ་རྩེ་གཅིག་ཏུ་འདེབས་ཅིང་ཚང་མའི་མིག་ནང་རེ་བ་དང་དད་འདུན་གཙང་མའི་འོད་ཀྱིས་ཁེངས་པར་བྱས། དུས་དེར་བླ་མ་ཆོས་འཕེལ་གྱི་ཚ་བོའམ་རང་ལོ་བཅུ་གཉིས་ལྷག་ཙམ་ལ་སོན་པའི་གཅེན་པོའི་བུ་ཐ་ཆུང་དགའ་དགའ་ཡིས་ཚང་མ་ཕྱག་འཚོལ་ཤབ་ཤུབ་ཀྱིས་སྨོན་ལམ་འདེབས་བཞིན་པའི་སྐབས་སུ་སྐད་སངས་མཐོན་པོས། བླ་མ་གདུང་། བླ་མ་གདུང་། ཨ་ཁུ་ཆོས་འཕེལ་བླ་མ་གདུང་དུ་བཞུགས་ཡོད་པ་རེད། ཨ་ཁུ་ཆོས་འཕེལ་སངས་རྒྱས་རེད། ཨ་ཁུ་ཆོས་འཕེལ་སངས་རྒྱས་རེད། ཅེས་ཚང་མ་ཡ་མཚན་དགོས་པའི་དགའ་འབོད་ཅིག་བྱས། དེར་ཡོད་ཚང་མ་ཅུང་ཡ་མཚན་སྐྱེ་བཞིན་བླ་མ་གདུང་། བླ་མ་གདུང་། ཞེས་གཅིག་རྗེས་གཉིས་མཐུད་ཀྱིས་ཁ་ནས་ལབ་རྡོལ་ཤོར། དུས་མཚུངས་སུ་ཨ་ཕ་ནོར་བཟང་ཚང་གི་མནའ་མའམ་བུ་དགའ་དགའི་ཨ་མས་གཞན་དང་མི་འདྲ་བ་མིག་ནང་མཆི་མས་ཁེངས། སྔོན་ལ་བུ་མོ་ཨ་དཀར་ལྷ་མོའང་བླ་མ་གདུང་ནང་དུ་གྲོངས་པ་རེད། བུ་མོ་ཨ་དཀར་ལྷ་མོ་བླ་མའི་གདུང་དུ་སྔོན་ལ་འདས་གྲོངས་སུ་གྱུར་པ་རེད། ད་བླ་མ་ཆོས་འཕེལ་ཁོང་ཡང་འདི་ནས་ཐར་པའི་ཞིང་དུ་ཕེབས་ཀྱི་རེད་ཅེས་བཤད་པར་ཡང་ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་བྲག་དཀར་མགོའི་བླ་མ་གདུང་ལ་མཇལ་བཞིན། ཨ་དཀར་ལྷ་མོ་བླ་མ་ཆོས་འཕེལ་གྱི་སྔོན་དུ་བླ་མ་གདུང་འདིའི་ནང་འདས་གྲོངས་སུ་གྱུར་བ་རེད། ཨ་དཀར་ལྷ་མོ། བླ་མ་གདུང་། བླ་མ་གདུང་། ཨ་དཀར་ལྷ་མོ་་་་་་ཞེས་ཡང་ནས་སྐྱར་དུ་ཁ་ནས་ཆད་མེད་སྐྱོར་ནས་ལུས།
དེ་རྗེས་ཁྲ་ཡག་ལུང་པའི་ཨ་ཕ་ནོར་བཟང་ཚང་གི་བུ་ཚ་ཐ་ཆུང་དགའ་དགའ་ཡང་ཕོ་ལོ་ཉེར་ལྔར་ལོན་དུས། བུ་དགའ་དགའ་དང་མི་རབས་མཚུངས་པའི་ཁྲ་ཡག་ལུང་པ་དང་རི་ཕར་རྒྱབ་ཀྱི་དར་རྒྱས་འབྲོག་སྡེའི་བུ་ཚ་ཡང་ཚའི་མི་རབས་རྗེས་མ་ཚོས་བླ་མ་གདུང་ལ་ཕྱག་འཚལ་བསྐོར་བ་བྱེད་པ་མ་ཟད། དད་དམངས་ཚང་མས་དེར་དགོན་ཆེན་ཞིག་གི་འདུ་ཤེས་ལས་ལྷག་པར་ངོས་འཛིན་ཏེ་ཚེས་བཟང་དུས་བཟང་ནམ་ཡིན་ལ་ཕྱག་མཆོད་འབུལ་རྒྱ་ཆེན་བྱེད་པའི་ལུགས་སྲོལ་ཞིག་ཆགས། དུས་མཚུངས་སུ་རྒན་པའི་ཁ་རྒྱུན་ནས་ལོ་ཆིག་སྟོང་སྔོན་གྱི་བླ་མ་སྒོམ་ཆེན་དེའི་སྐྱེས་བ་རྗེས་ཀྱི་བླ་མ་ཆོས་འཕེལ་ཡིན་ལུགས་དང་། མཁའ་འགྲོ་མ་ཨ་དཀར་ལྷ་མོ་ནི་བླ་མ་ཆོས་འཕེལ་ལ་ཕན་རོགས་ཕྱིར་མི་ཡུལ་དུ་ཕེབས་སྟངས་ཀྱི་གནའ་བོའི་ལོ་རྒྱུས་སྙན་མོ་དེ་ཡང་ནས་བསྐྱར་དུ་ཟློ་བཞིན་རྗེས་སུ་དྲན་བའི་གོམས་གཤིས་དང་། དེ་མིན་ས་དེའི་ཡུལ་འབྲོག་གཉིས་ཀྱི་གཞོན་པའི་ཚོགས་སུ་བརྒྱུད་ཡོང་བ་དེ་ནི་བླ་མ་གདུང་འདིར་བླ་མ་ཆོས་འཕེལ་དང་བུ་མོ་ཨ་དཀར་ལྷ་མོའི་དབར་གྱི་བརྩེ་དུང་གི་གནའ་སྒྲུང་ཡིད་དུ་འོང་བ་ལྟ་བུའི་གཏམ་རྒྱུད་གསོན་པོ་ཞིག་དཔྱིད་རླུང་བཞིན་ཡུལ་འབྲོག་གཉིས་ཀྱི་གཞོན་སྐྱེས་ཚོའི་སེམས་སུ་དེ་ནི་དྭངས་གཙང་དང་ཡིད་དུ་འོང་པའི་བརྩེ་དུང་གི་ལོ་རྒྱུས་དངོས་ཤིག་གི་བསིལ་རླུང་ལྟ་བུ་ཞིག་ལ་ངོས་འཛིན་ཀྱིས་དེ་གང་སར་ལྡང་བཞིན་པ་རེད།
༄༅། གོང་གསལ་སྒྲུང་འདི་སྙན་པོ་དང་སེམས་སྐྱོ་བ་ཞིག་འདུག་ཀྱང་་་་ཧ་ཅང་རིང་དྲག་འདུག་
བྲིས་དང་བྲིས་དང་དངོས་བྱུང་ལོ་རྒྱུས་བྲིས། མ་བྲིས་མ་བྲིས་རིང་པོ་མ་འབྲི་དང།
རིང་རང་དྲག་ནས་སྙན་པོ་བར་ནས་རྗོགས། ཐོག་མའི་བྲོ་བ་མཛའ་མ་བྲོ་མེད་ཆགས།
རྒད་པོ་མེད་པས་དགོང་མོར་སྒྲུང་རིང་བྲིས་ན་ནམ་འཁྱོལ་གྱི་ཡོད་པ་འདྲ། ཧཧཧཧ ཨ་ལ་ཀུ་རེ་ཡིན། ཡག་པོ་བྲིས་འདུག ཁ་སང་དུས་དབང་སྐབས་རྒད་པོས་རྡོར་གདན་ནས་ཁྲིམས་འགལ་མང་པོ་བྱས་ཡོད་པ་ལ་ལས་མཐོང་འདུག་གདའ། ཧཧཧཧཧ